གནས་མཆོག་ཀོང་པོ་བོན་རིའི་རྟ་ལོ་བསྐོར་ཆེན་སྐོར།

[ཟླ་ཚེས། 2014-06-17 21:41:03][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་འབྲུག་གྲགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  གནས་མཆོག་ཀོང་པོ་བོན་རིའི་རྟ་ལོ་བསྐོར་ཆེན་སྐོར།

                                                  3_副本.jpg

                                                            གནས་མཆོག་ཐུགས་སྤྲུལ་བོན་རི་ཆེན་པོའི་དབུ་རྩེ་གཤེན་རི་བདེ་ལྡན་གྱི་ཁུལ། 

                                                  1_副本.jpg

                                                                      གནས་མཆོག་ཐུགས་སྤྲུལ་བོན་རི་ཆེན་པོའི་ནུབ་ངོས་ཀྱི་རྣམ་པ།                                                           

                                                  2_副本.jpg

                                                                     གནས་མཆོག་ཐུགས་སྤྲུལ་བོན་རི་ཆེན་པོའི་ལྷོ་ངོས་ཀྱི་རྣམ་པ།

                                                  4_副本.jpg

                                                                  གནས་མཆོག་ཐུགས་སྤྲུལ་བོན་རི་ཆེན་པོའི་ཤར་ངོས་ཀྱི་རྣམ་པ།

                                                  5_副本.jpg

                                                               གནས་མཆོག་ཐུགས་སྤྲུལ་བོན་རི་ཆེན་པོའི་འཁོར་ཡུག་གི་རྣམ་པ།

       སྟོན་མཆོག་གཤེན་རབ་མི་བོ་སྐུ་འཁྲུངས་ནས་མྱ་ངན་མ་འདས་བར་སྤྱིའི་མཛད་ཆེན་བཅུ་གཉིས་དང་། སྒོས་སུ་མཛད་པ་དྲུག་ཅུ། བྱེ་བྲག་ཏུ་མཛད་པ་བརྒྱ་རྩ་བརྒྱད་བཅས་མཛད་ཡོད་ལ། ལོ་མཛད་ཀྱི་དབང་དུ་བྱས་ན། དགུང་ལོ་གཅིག་ནས་བཅོ་ལྔ་བར་རྒྱལ་བུའི་ལོ་མཛད་དང་། དེ་ནས་ལྔ་གསུམ་བཅོ་ལྔ་ཁབ་བཞེས་ཀྱི་ལོ་མཛད་དང་། དེ་འོག་ལྔ་གསུམ་བཅོ་ལྔར་རབ་བྱུང་གི་ལོ་མཛད་དང་། དེ་རྗེས་ལྔ་གསུམ་བཅོ་ལྔར་འཁོར་སྤངས་དགོན་མཛད་ཀྱི་ལོ་མཛད་དང་། དེ་ནས་མཐར་ཕྱིན་དགའ་བ་དགེ་ལྡན་གྱི་ལོ་མཛད་ཁོངས་སུ་ལོ་ཉེར་གཉིས་བསྡོམས་པས་གཤེན་གྱི་དགུང་ལོ་བརྒྱད་ཅུ་གྱ་གཉིས་དེ་སྐུ་ཚེ་ཧྲིལ་པོའི་ཚད་དུ་འཛིན་ལ། ཁོང་དགུང་ལོ་ཉི་ཤུའི་དུས་ཙམ་ལ་འཛམ་གླིང་ཡུལ་གྲུ་དུ་མར་ཕེབས་པའི་ནང་ཚན། དང་ཐོག་བདུད་ཁྱབ་པ་ལག་རིང་གིས་རྐྱེན་བསྐུལ་བདུད་ཕྲུག་ཤོར་བ་རྐྱ་བདུན་གྱིས་གཤེན་གྱི་རྟ་བདུན་བརྐུས་ཏེ་ཀོང་ཡུལ་དུ་བྲོས་པས་སྟོན་པ་གཤེན་རབ་བྱོལ་སོང་རྟ་ལ་མ་ཆགས་ཀྱང་བོད་སྲིན་པོའི་རིགས་རྣམས་དབང་དུ་བསྡུ་བ་དང་། བདུད་དྲེགས་ཅན་རྣམས་འཁོར་དུ་བསྡུ་ཕྱིར་འོལ་མོ་ལུང་རིང་ནས་ཞང་ཞུང་དང་སྟག་གཟིག་གི་ས་མཚམས་བརྒྱུད་ནས་མར་ཕེབས་ཏེ་སྟག་གཟིག་གི་ཡུལ་ལ་བོན་བསྟན། དེ་ནས་ཞང་ཞུང་གི་བོན་པོ་ལ། བོན་དུ་ཛོ་དང་སྔགས་ཀྱི་ལུང་ཕོག ཡས་སྟགས་སུ་མུ་ཟེར་ལྷ་ཞལ་དང་ནམ་མཁའ་དཀར་ནག རྩི་ཤིང་བན་བུན། ཞུགས་ཤང་གསེར་སྐྱེམས་སོགས་བསྟན། ཞང་ཞུང་དུམ་པ་ཚལ་(རི་དེ་ལ་དེང་སང་གུང་དུམ་ཟེར་)ལ་བྱོན་ཏེ་རིན་པོ་ཆེའི་བྲག་ལ་གཤེན་རབ་ཀྱི་ཞབས་རྗེས་ཁྲུ་གང་ལྷག་གསལ་ལམ་མེ་བ་ཞིག་བཀྲ་ཤིས་ཀྱི་ས་རྟགས་སུ་བཞག་གོ དེ་ནས་སྟོན་པ་བོད་ཀྱི་ཆུ་བོ་བཞི་འདུས་ཀྱི་མགོ་བོ་རུ་བྱོན་ནས། བོད་ཀྱི་ལྷ་འདྲེ་མཐུ་རྩལ་ཅན་ཐམས་ཅད་དབང་དུ་བསྡུས་ཏེ་བོན་གྱི་བསྟན་སྲུང་བསྐོས། བོད་ཀྱི་བོན་པོ་ལ། བོན་དུ་ལྷ་གསོལ་བ་དང་། འདྲེ་བཀར་བ། ཡུག་ཕུད་པའི་ལུང་ཕོག ཡས་སྟགས་སུ་ཤིང་རྩི་བན་བུན་དང་། ཞུགས་ཤང་གསེར་སྐྱེམས་སོགས་བསྟན། དེ་ནས་སྟོན་པས་གཙང་པོ་ལ་པད་མའི་གདན་བཏིང་ནས་ཀོང་པོ་རོང་ནགས་སུ་གཤེགས། ཞེས་པ་ཡར་ལུང་གཙང་པོའི་བརྒྱུད་ནས་མར་ཀོང་ཡུལ་དུ་ཕེབས་པ་ལ། བདུད་ཀྱི་སྤྲུལ་པ་སྣ་ཚོགས་བསྟན་ཀྱང་ཐམས་ཅད་ཐུགས་རྗེ་ཆེན་པོས་ཞི་བར་མཛད། བདུད་རི་བསྒྱེལ་ནས་ཐུགས་སྤྲུལ་བོན་རི་ཆེན་པོ་ཕྱི་རབས་འགྲོ་བའི་དད་རྟེན་དུ་བཞག་ཚུལ་གཤེན་རབ་ཀྱི་རྣམ་ཐར་རྒྱས་པ་མདོ་དྲི་མེད་གཟི་བརྗིད་དང་། མདོ་གཟེར་མིག་སོགས་ལས་ཞིབ་ཏུ་གསལ་ལ། དེ་ནས་འཇིག་རྟེན་གྱི་འགྱུར་ལྡོག་དང་དུས་ཀྱི་འཕོ་འགྱུར་སྣ་ཚོགས་ལ་བརྟེན་བར་སྐབས་ཤིག་ཏུ་གནས་མཆོག་ཐུགས་སྤྲུལ་བོན་རི་ཆེན་པོ་འདི་ཉིད་མཇལ་བསྐོར་གནང་མཁན་ཆེར་མེད་པར་འགྱུར་ལ་ཉེ་བའི་སྐབས་དེར། སྤྲུལ་པའི་སྐུ་མཆོག་རྟོགས་ལྡན་རི་པ་འབྲུག་གསས་མཆོག་བོད་ལྕགས་སྟག སྤྱི་ལོ་1290 ལོར་སྐུ་འཁྲུངས་ཤིང་། ཁོང་དགུང་ལོ་ཞེ་གཅིག་བཞེས་པའི་བོད་ལྕགས་རྟ། སྤྱི་ལོ་1330 ལོར་གནས་མཆོག་བོན་རི་ཆེན་པོ་གནས་སྒོ་ཕྱེས་པ་ནས་བཟུང་འདི་ལོ་བོད་ཤིང་རྟ། སྤྱི་ལོ་2014 ལོ་བར་མི་ལོ་༦༨༤ ཙམ་ཕྱིན་པའི་ལོ་རྒྱུས་གཞིར་བཅས། དུས་རྒྱུན་རྟ་ལོ་ནམ་འཁོར་ལ་རྟ་ལོ་བསྐོར་ཆེན་ཞེས་འཛམ་གླིང་ས་ཕྱོགས་གང་ན་བཞུགས་པའི་གཡུང་དྲུང་བོན་ལུགས་འཛིན་པ་རྣམས་མ་ཚད་བོད་ཡུལ་སྟོད་སྨད་བར་གསུམ་ན་བཞུགས་པའི་རྒྱ་ཆེའི་གྲུབ་མཐའ་རིས་སུ་མ་མཆིས་པའི་དད་ལྡན་མང་ཚོགས་རྣམས་ཀྱིས་ཤི་དགེ་གསོན་རིམ་གང་གི་སྐབས་སུ་གནས་འདིར་མཇལ་བསྐོར་དང་གསོལ་འདེབས་སྨོན་ལམ་རྒྱ་ཆེར་བསྐྲུན་པའི་རྣམ་དཀར་དགེ་བའི་སྲོལ་རྒྱུན་བཟང་པོ་ཞིག་ཆགས་ཡོད་པ་དེ་བོད་གངས་ཅན་གྱི་གྲུབ་མཐའ་ཁག་རྣམས་ཕན་ཚུན་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་གསལ་པོ་ཞིག་མཚོན་གྱི་ཡོད། འདི་ལོའི་རྟ་ལོ་བསྐོར་ཆེན་ལ་མཚོན་ན། ཕྲན་རང་འདི་ལོའི་ལོ་ཁྱད་པར་ཅན་ཤིང་རྟ། ཟླ་བ་ཁྱད་པར་ཅན་རྟ་ཟླའི་འབུམ་འགྱུར་ཉ་དང་། ས་ག་ཟླ་བའི་ཁྱད་པར་འགྱུར་གྱི་ཉ་གཉིས་དང་། ཞག་ཁྱད་པར་ཅན་བཅོ་ལྔའི་འབུམ་འགྱུར་གྱི་ཚེས། དུས་ཁྱད་པར་ཅན་ལོ་ཟླ་ཞག་གསུམ་ཀའི་དུས་བཟང་འགྱུར་ཅན་ལ་ཕྲན་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ཁྲི་ཕྲག་མང་པོ་ཉིན་མཚན་ལྟོས་མེད་དང་། མཇལ་བསྐོར་ཕེབ་མཁན་མི་གྲངས་ཚད་ལས་བརྒལ་བས་གནས་ཆེན་བོན་རིའི་བསྐོར་ཐག་རིང་མོ་དེ་ཡང་ཅུང་ཐུང་བའི་རྣམ་པ་ཅན་ཞིག་ཏུ་གྱུར་སྙམ། དེ་ལྟ་བུའི་རྟ་ལོ་བསྐོར་ཆེན་འདི་ཡང་དད་ལྡན་མང་ཚོགས་རྣམས་ཀྱི་ངོས་ནས་གོམ་པ་གསེར་སྲང་གི་ས་རུ་བརྩིས་ཏེ། སོང་ན་གོམ་པ་སྤོ་ཆོག་དང་། ཤི་ན་ཐོད་པ་བོར་ཆོག གཤིན་པོ་རྣམས་ཀྱི་དགེ་བའི་རྒྱགས་ཕྱེ། གསོན་པོ་རྣམས་ཀྱི་སྐུ་རིམ་ཞབས་བརྟན་དུ་དམིགས་ཏེ་མཇལ་བསྐོར་བ་རྣམས་ཀྱི་ནང་ན། ལོ་རྒན་ཤོས་དགུང་ལོ་བརྒྱད་ཅུ་ལས་བརྒལ་མཁན་དང་། ཆུང་ཤོས་བྱིས་པ་ལོ་མ་ལོན་མཁན་སོགས་རྒན་གཞོན་ཆུང་གསུམ་ཀུན་ངག་ཏུ་རྐང་དྲུག་བུང་བའི་དབྱངས་ལྟར་མན་དབྱངས་ཀྱིས་རི་ལུང་ཁྱབ་ཅིང་། ལ་མོ་བརྒལ་དུས་རྔུལ་ཆུས་ཟིལ་ཐིགས་ཕྲོམ་ཕྲོམ། ཐུར་དུ་འབབ་དུས་རྐང་དང་པུས་མོའི་ན་ཟུག་ཆེམས་ཆེམས། གཞུང་དུ་འགྲོ་དུས་རྐང་ཞབས་ཆུ་བུར་ཁྲ་ཆིལ་ཆིལ་སོགས་ཀྱི་དཀའ་བ་དང་དུ་ལེན་ནས་རྣམ་དཀར་དགེ་བ་ཁོ་ན་ལ་བསམ་ཏེ་སྒོ་གསུམ་རྩེ་གསུམ་དད་པའི་རིན་ཐང་དེ་མཐོང་དུས་བོད་མི་རིགས་ཀྱི་ཆོས་ལུགས་དད་པའི་སྲོལ་རྒྱུན་དེ་འཛམ་གླིང་མི་རིགས་གང་གི་འགྲན་དུ་མེད་པའི་བསྔགས་འོས་ཀྱི་དཔལ་དུ་ཁུམས། གནས་མཇལ་གྱི་ཕན་ཡོན་ནི། “བསྒོམ་བཟླས་ཕྱག་བསྐོར་དགེ་བཅུ་གང་བགྱིས་རྣམས། དུང་ཕྱུར་བདུན་དང་ཉ་སྟོང་དེ་ཡི་འགྱུར།”ཞེས་སོགས་ཞིབ་གསལ་ཕན་ཡོན་དང་ལོ་རྒྱུས་རྣམས་བོན་རིའི་དཀར་ཆག་ཡིད་བཞིན་ལྗོན་ཕྲེང་ལས་གསལ་བས་དེར་གཟིགས་པར་ཞུ་ཞུ།

                                                  6_副本.jpg

                                                           གནས་མཆོག་ཐུགས་སྤྲུལ་བོན་རིའི་དུར་ཁྲོད་མི་ཡུལ་སྐྱིད་མཐིང་གི་རྣམ་པ།

                                                  7 (2)_副本.jpg

                                      གནས་མཆོག་ཐུགས་སྤྲུལ་བོན་རི་ཆེན་པོའི་ལྷོ་ངོས་ཕོ་བྲང་རྩེ་བླ་རྫོང་ཕྱོགས་གཙང་གཉིས་འདུས་མདོའི་ཁུལ།

                                                  7_副本.jpg

                                                              དུར་ཁྲོད་མི་ཡུལ་སྐྱིད་མཐིང་གི་ཉེ་འགྲམ་ཉང་ཆུའི་མཛེས་ལྗོངས་ཁུལ།

                                                  8_副本.jpg

                                                                           གཙང་གཉིས་འདུས་མདོའི་ཉང་ཆུའི་མཛེས་ལྗོངས་ཁུལ།

                                                  9_副本.jpg

                                                                        གཙང་པོ་ཡར་འཁྱིལ་ཁུལ་གྱི་མཛེས་ལྗོངས་རྣམ་པ།

                                                 10 (2)_副本.jpg

           དགེ་བཤེས་བསྟན་འཛིན་འབྲུག་གྲཌ་གཙོས་དད་ལྡན་དུ་མས་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་ཞབས་རིམ་ཚེ་ཐར་སྲོག་བསླུ་གནང་ཁུལ།

                                                  10_副本.jpg

                                                མཇལ་བསྐོར་བ་རྣམས་གདོང་པད་མའི་གྲུ་གདོང་ནས་ངལ་གསོ་དང་བསྐོར་ར་ཕེབས་བཞིན་པ།

                                                  11_副本.jpg

            གནས་ཆེན་བོན་རིའི་བསྐོར་ཐག་རིང་ཡང་མཇལ་བསྐོར་བ་རྣམས་ཀྱིས་བསྐོར་སྣེར་ཐུག་པ།

                                                  15_副本.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།