ཁྲོམ་ཚང་དགོན་དུ་སྐབས་དང་པོའི་དགེ་བཤེས་ཀྱི་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2014-03-21 19:51:35][རྩོམ་པ་པོ། སྟོང་སྲས་ལྷ་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

11.jpg

      གངས་རིའི་མུ་ཁྱུད་ཀྱི་ཕྲེང་ཐག་ཚར་དུ་དངར་ཞིང་ཡིད་དབང་འཕྲོག་པའི་རི་ཀླུང་རྣམ་པ་དུ་མའི་རྒྱན་གྱིས་སྤུད་པས་མ་བོས་ཕྱོགས་ཀྱི་སྐྱེ་རྒུ་མགྲོན་དུ་བསུ་བའི་ཐུན་མིན་གྱི་ཁྱད་བོན་ལྡན་ལ། མཁའ་རླངས་གཙང་ཞིང་གཞིས་ས་བརྟན་པའི་ཞིང་མཆོག སྔར་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་སྒོ་བ་སུམ་པ་གླང་གི་གྱིམ་ཤོད་ཤེལ་བྲག་གི་ཁོངས་གཏོགས་སམ། ཉེ་བའི་སར་རྨ་ཁྲོམ་སྒང་གསུམ་གྱི་ཡ་གྱལ་ལས་ཁྲོམ་རྒྱལ་རབས་བརྒྱད་ཅུ་གྱ་གྲངས་ཀྱི་མངའ་སྡེ་བཟང་པོ། དེང་བོད་ནག་ཆུ་སྦྲ་ཆེན་གསེར་ལུང་ཁྲ་མོ་ཟེར་བའི་ཆ་ཤས་ཡག་ལྔ་གྲོང་བརྡལ་གྱི་ས་ཁུལ་ནག་ཆབ་གཞུང་ལམ་གྱི་ཉེ་ཟུར་དུ་ཆགས་པའི་ཞྭ་དཀར་སངས་རྒྱས་གཡུང་དྲུང་བོན་གྱི་གདན་ས་༧དཔལ་ཁྲོམ་ཚང་དགོན་གྱིས་འབྱུང་ལྡན་༣༠༡དང་སྤྱི་ལོ་༢༠༡༤ལོའི་ཟླ་བ་༢པའི་ཚེས་༡༢བོད་མངའ་རིས་ལོ་ཐོའི་ཟླ་༡ཚེས་༡༣ཉིན་ནས་ཚེས་༡༥བར་སྟེ་ཉིན་གསུམ་གྱི་རིང་ལ་དགེ་བཤེས་ཀྱི་མཛད་སྒོ་རྒྱ་ཆེན་སྤེལ།

11-1.JPG11-2.JPG11-3.JPG11-3.JPG

      མཚན་ཉིད་གཞུང་ཆེན་དྲུག་ལ་སྦྱངས་པ་མཐར་སོན་གནང་གྲུབ་པའི་གྲྭ་བཙུན་རྣམ་པ་ལྔ་ལ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་བཏགས་གནང་བ་དང་། མཛད་སྒོའི་སྟེང་དགེ་བཟང་བླ་མ་སྐུ་མཆེད་གསུམ་གྱི་དགོངས་བཞེད་བཞིན་ཁྲོམ་ཚང་དགོན་པས་རྩེ་དྲུག་དགོན་ཆེན་གྱི་ཁྲི་འཛིན་ཞེ་གསུམ་པ་༧མཆོག་སྤྲུལ་ཁྱུང་སེར་བསྟན་འཛིན་གཙུག་ཕུད་འོད་ཟེར་རིན་པོ་ཆེ་མཆོག་དང་། རྩེ་སློབ་དཔོན་བསྟན་པ་ལགས་རྣམ་གཉིས་དབུ་མགོན་དུ་གདན་དྲངས་ཞུས་པ་བཞིན་ཁོང་རྣམ་པ་གཉིས་དང་། ཁྲོམ་དབུ་བླ་ཡོན་ཏན་རྒྱ་མཚོ། བླ་མ་བསོད་ནམས་གཡུང་དྲུང་དང་བཅས་པས་དགེ་བཤེས་ཀྱི་མཛད་སྒོར་གཟིགས་སྐྱོང་གནང་།

33-1.JPG33-2.JPG

      དེ་བཞིན་སྦྲ་ཆེན་ཀླུ་ཕུག་དགོན་པའི་རིག་ལམ་པ་བཅུ་དང་། སྤ་ཚང་དགོན་པའི་དགེ་སློབ་དང་བཅས་པའི་རིག་ལམ་པ་བདུན། ཡབ་ཡུལ་ཁྲོམ་ཚང་ནས་ཡིན་པའི་ཀོ་དགོན་རིག་ལམ་པ་དྲུག དྭང་ར་ནས་ཡིན་པའི་རིག་ལམ་པ་གཉིས་བཅས་གདན་དྲངས་སུ་ཕེབས་པ་དང་། ཁྲོམ་ཚང་རིག་ལམ་པ་བཅས་ཀྱིས་དགེ་བཤེས་དམ་བཅའ་སྔ་ཕྱིར་སྒྲུབ་དང་སུན་འབྱིན་གྱི་རྩོད་པའི་གྲུ་གཟིངས་བཟང་པོར་ཞུགས་ཏེ། འཆད་པ་རིན་ཆེན་གླིང་ནས་ཡིད་བཞིན་གྱི་ནོར་བུ་སྟེ་དགེ་བཤེས་རྣམ་པ་ལྔ་ནུབ་མེད་རྒྱལ་མཚན་མཐོན་པོའི་རྩེར་བཀོད་སྟེ། བཀྲ་ཤིས་དམ་བཅའི་སྐབས་སུ་བླ་སློབ་འདུས་སྤྱི་ཡོངས་ནས་ཤིས་སྨོན་རྣམ་པར་དག་པའི་མཐའ་བརྒྱན་ནས་དགེ་བཤེས་ཁྲི་བཞེངས་ཀྱི་མཛད་པ་ཡོངས་སུ་ལེགས་གྲུབ་བྱུང་བ་དང་མཚམས་སུ་བླ་མ་རྣམ་པས་སྒྲིབ་སྦྱོང་མུན་སེལ་སྒྲོན་མེའི་བྱང་ཆོག་མཛད་པ་དང་། གྲྭ་བཙུན་རྣམས་ལ་ཤེས་རབ་སྨྲ་སེང་གི་དབང་མཆོག་བསྐུར་ཏེ་དད་ལྡན་མང་ཚོགས་རྣམས་ལ་གཤར་དབང་བསྐུར་བ་བཅས་ཀྱི་མཛད་འཕྲིན་མདོར་བསྡུས་སུ་བཀོད་པའོ།།

44-1.JPG44-2.JPG

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།