ཁྱུང་པོའི་དྲ་བ་ཤར་གཏོང་བྱས་པ།
[ཟླ་ཚེས། 2014-03-16 11:17:53][རྩོམ་པ་པོ། དྲེ་བཙུན་སྦྱིན་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༧ སངས་རྒྱས་ཀྱི་བསྟན་པ་རྗེས་བཞག་མཛད་པའི་དུས་ཁྱད་པར་ཅན་ཏེ་ཧོར་ཟླ་༡ པོའི་ཚེས་ ༡༥ ཉིན་༼ཁྱུང་པོའི་དྲ་བ་༽ཤར་གཏོང་བྱས་པ།
དེ་ཡང་ཕ་ས་གངས་ལྗོངས་ཞེས་འཛམ་གླིང་གོ་ལ་ཧྲིལ་པོའི་ཡང་རྩེ། བསིལ་ལྡན་ཁ་བའི་ཡུལ། གངས་དཀར་རི་བོའི་ཉེ་འདབས་སུ། འཚོ་ཞིང་གཞེས་པའི་གཞན་ཕན་ལྷག་བསམ་ཅན་ནམ། དགེ་བཅུའི་སྣང་བ་ལྷན་སྐྱེས་སུ་མངའ་བའི་རང་མི་རིགས་ཀྱི་སྤུན་ཟླ་ཡོངས་དང་། གཞན་པའི་སྟེང་འོག་ཕྱོགས་མཚམས་ཀུན་དུ་འདུར་རྒྱུག་བྱེད་བཞིན་པའི་སྐྱེ་བོ་ཡོངས་ཀྱི་སྙན་ལམ་ཞུ་གསོལ་འདེབས་དོན། རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོས། རིས་མེད་ཀྱི་ལམ་ནས་ཕན་བདེ་སྐྱིད་ཀྱི་གཞི་མ་བོན་སྒོ་བརྒྱད་ཁྲི་བཞི་སྟོང་དང་། མདོ་རུ་བསྡུས་ན། གདུལ་བྱའི་བློ་སྟོབས་དང་འཚམས་པའི་བོན་ཐེག་པ་རིམ་དགུ་དང་རིག་པའི་གནས་ལྔའི་སྒོ་ནས་སྲོག་ལྡན་སྐྱེ་འགྲོ་ཡོངས་ལ་འཕྲལ་ཕུགས་ཀུན་བདེའི་ཐབས་ལམ་ཕུན་སུམ་འཚོགས་པ་ཞིག་བསྟན་ཡོད་པ་རྣམས་ངོ་ཤེས་པ་དང་བཀའ་དྲིན་རྗེས་སུ་དྲན་དགོས་པ་ནི་འགྲོ་བ་མིའི་རིགས་སྨྲ་ཤེས་དོན་གོ་བ་རྣམས་ཀྱིས་བཟང་སྤྱོད་ཀྱི་ལེགས་ཚོགས་ཤིག་ཏུ་འཁུམས། འོན་ཀྱང་དུས་རབས་ཀྱི་རླབས་རྒྱུན་ཁྲོད་དུ་དུག་ལྔ་ཁས་བཙན་ཞིང་འདུ་ཤེས་རྒོད་དྲགས་པ་དང་། ཕྱི་རྐྱེན་གཏོས་ཆེ་བའི་དབང་གིས་རང་གི་ལུས་ངག་ཡིད་གསུམ་གཞན་དབང་དུ་འགྱུར་བ་མ་ཟད་ཐ་ན་རང་སྐད་རང་གིས་མི་ཤེས་པའི་ཞག་གསུམ་བྱིས་པའི་ཟླ་བོ་རུ་མི་འགྱུར་བའི་ངེས་པ་མེད་པས། འུ་ཅག་ཚོས་སྦྲག་སྐད་བཤད་བཞིན་རང་སྐད་ཞོར་ཉམས་ཀྱི་ཡ་ང་བའི་གནས་ཚུལ་འདི། ཡིད་ལ་ཡང་ཡང་དྲན་དགོས་པ་ཞིག་མ་ཡིན་ནམ། དེས་ན། ལྷག་བསམ་གངས་དཀར་རི་བོའི་གཟི་འོད་དང་མཉམ་པའི་ཤེས་ལྡན་མང་དག་ཞིག་གིས། ཇི་སྐད་དུ། དུས་དང་བསྟུན་པའི་སྟོན་པ་མཛད། ཅེས་གསུངས་པ་ལྟར། ཚན་རྩལ་རིག་པའི་འཕེལ་ཁ་ཤིན་ཏུ་དར་བའི་སྐབས་འདིར། ཆ་འཕྲིན་གྱི་ལག་རྩལ་བརྒྱུད་དེ་རང་ལ་ཡོད་པའི་རིན་ཆེན་གྱི་ནོར་བུ་སྟོན་པ་སངས་རྒྱས་ཀྱིས་གསུངས་པའི་བཀའ་ཚད་མ་དང་། རྗེས་འཇུག་སློབ་མ་རྣམས་ཀྱིས་རྗེས་སུ་བཞག་པའི་ལུང་རིགས་ཚད་མ་རྣམས་གླེགས་ཧྲུལ་གྱི་གསེང་དུ་གབ་སྦས་མི་འགྲོ་བར་མི་རིགས་དྲ་བའི་གླེང་སྟེགས་ཐོག་ཏུ་བཤམ་སྟོན་བྱས་དང་བྱེད་བཞིན་པའི་ཚུལ་འདི་རྣམས་ངེད་ཚོས་རིག་གནས་སྲུང་སྐྱོང་གི་ཆ་ཤས་དང་ལེགས་ཆ་ཞིག་ཏུ་མཐོང་། དེས་ན་ངེད་ཁྱུང་པོ་སྟེང་ཆེན་དགོན་ནས་ཀྱང་མི་རིགས་རང་གི་རིག་གནས་ཀྱི་རྣམ་གྲངས་གང་ཞིག་ཡིན་རུང་འཛིན་སྐྱོང་ངམ་ཕྱོགས་ཁག་གཞན་དང་ལྷན་དུ་ཕྱར་བ་གྲུ་འདེགས་གནང་སའི་སྟེགས་བུའམ། རང་རང་གི་བསམ་ཚུལ་ལྷུག་པར་བཀྲོལ་སའི་གནས་ཏེ། ((ཁྱུང་པོའི་དྲ་བ་))ཞེས་ཁ་བྱང་འཁོད་པའི་དྲ་བའི་གླིང་ཁ་འདི་ཉིད་སྐྲུན་པ་ཡིན། གསལ་འདེབས་ཞུ་དགོས་པ་ཞིག་ལ་སྟེགས་བུ་འདིའི་ནང་མི་རིགས་དང་ཆབ་སྲིད་གང་ལ་ཕོག་ཐུག་མི་འགྲོ་བའི་རྩོམ་རིགས་དང་། དེ་བཞིན་པར་རིས། བརྙན་འཕྲིན། འཕྲུལ་དེབ། གསུང་རབ། ཉེར་མཁོའི་མ་ལག་ཁག་དང་། གནས་ཚུལ་ཕྱོགས་བསྡུས་སོགས། བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ལམ་ནས་སྤེལ་ས་ཡོད་པས་དེ་ལུགས་འབྲེལ་བ་གནང་རོགས་ཞུ་བཞིན་ཡོད། ད་ཡོད་འདིའི་ནང་འཁོད་པའི་ཀུན་མཁྱེན་ཤར་རྫ་པའི་གསུང་འབུམ་དང་། དེ་བཞིན་འཕྲུལ་དེབ་དང་ཉེར་མཁོའི་རིགས་རྣམས། ཁྱེད་ཅག་ལ་དགོས་མཁོ་བྱུང་ཚེ། ཐད་ཀར་རིན་མེད་ཀྱི་ཐོག་ནས་ཕབ་ལེན་བྱ་རྒྱུ་ཡོད། མཁྱེན་དགོས་རྒྱུ་ཞིག་ནི། དྲྭ་རྒྱ་འདི་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྣམ་པའི་དམིགས་ཡུལ་གཙོ་བོ་ནི། རང་ལུགས་ཀྱི་རིག་གཞུང་གསེར་ཞུན་ལྟ་བུ་གཞན་ལ་ངོམ་སོ་ཆོག་པའི་བོན་དཔེ་ཁག་དང་། རང་མི་རིགས་ཀྱི་བླ་སྲོག་སྐད་དང་ཡི་གེ་གནའ་བོའི་བྲོ་གར་ཤོན་གསུམ་སོགས་ལུགས་སྲོལ་བཟང་པོ་རྣམས། བརྡ་འཕྲིན་གྱི་ལམ་བུའི་ཐོག་ཏུ་བསྐྱོད་དེ། སྐར་ཆ་རེ་གཉིས་ངང་འཛམ་གླིང་གོ་ལ་ཧྲིལ་པོར་ཁྱབ་བརྡལ་བཏང་ནས། ལེའུ་ཚན་འདི་དག་ལ་ཆེས་འཇུག་འདོད་ཆེ་བའི་དཔྱོད་ལྡན་ཚོ་ལ་གཟིགས་མོ་རུ་འབུལ་རྒྱུ་བྱུང་ན། ཉི་མ་མེ་གྲོགས་དང་། ཆར་པ་ཆུ་གྲོགས་ཟེར་བའི་དཔེ་ལྟར། གཅིག་ཕན་གཅིག་གྲོགས་སུ་ལགས་པས་ངེད་ཚོས་ཀྱང་དམིགས་རྣམ་དེ་རུ་བཟུང་ཡོད། (ཁྱུང་པོའི་དྲ་བ་)ཞེས་པའི་གླེང་སྟེགས་འདི། སྤྱི་ལོ་ ༢༠༡༤ ཟླ་བ་ ༣ པའི་ཚེས་ ༡༦ དང་། ཧོར་ཟླ་ ༡ པོའི་ཚེས་ ༡༥ ཉིན། བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོས་(བསྟན་པ་རྗེས་སུ་བཞག་པའི་དུས་ཁྱད་པར་ཅན་(དང་བསྟུན་ནས་སྒོ་འབྱེད་བྱེད་ཡོད་པས། འདིའི་ཐོག་རྩོམ་ཡིག་དང་པར་རིས་མཆན་སོགས་སྤེལ་མཁན་མི་བུ་སུ་ཞིག་ཡིན་རུང་ལུགས་གང་ཞིག་ལ་འགལ་ཟླ་བྱུང་ཚེ་དོ་དམ་ཚན་པས་གཙང་བཤེར་དང་བརྟག་དཔྱད་བྱེད་ངེས་ཡིན་པས་མཁྱེན་པར་འཚལ།།
ཁྱུང་པོའི་དྲ་གནས།
http://www.qiongbuwang.com/
གཙོ་སྒྲུབ་པའི་འབྲེལ་གཏུག་ཞལ་པར།
༡༨༧༠༨༠༨༧༨༠༠/ ༡༥༢༨༩༠༥༡༧༡༧/ ༡༨༠༠༨༩༥༨༠༩༠/ ༡༣༥༥༡༡༥༦༧༨༨
ཡིག་ཟམ། xrws88@yahoo.com
གླེང་མོལ་ཨང་གྲངས།
༢༦༢༢༤༢༡༤༡༥/ ༧༩༠༥༣༦༢༢༠ /༡༧༡༩༧༦༨༨༤༩ /༣༧༡༨༥༨༩༩༩
ས་གནས། བོད་ལྗོངས་ཆབ་མདོ་ས་ཁུལ་སྟེང་ཆེན་རྫོང་སྟེང་ཆེན་དགོན་ལྔ་རིག་སློབ་གླིང་།
ཅེས་གནམ་ལོ་གསར་པའི་ཤིས་སྨོན་དང་བཅས་ཁྱུང་པོའི་དྲ་བའི་གཙོ་སྒྲུབ་ཁང་ནས། ༢༠༡༤ ། ༣། ༡༦། ཉིན་སྤེལ།