བོན་གྱི་དྲིས་ལན་དྲ་མཛོད་སྒོ་འབྱེད་གནང་བ།
[ཟླ་ཚེས། 2014-03-05 19:49:53][རྩོམ་པ་པོ། རྩོམ་སྒྲིག་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༄༅། །རྗེ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་ཆེན་མོའི་དུས་ཆེན་ཁྱད་པར་ཅན་དང་བསྟུན་ནས་༼བོན་གྱི་དྲིས་ལན་དྲ་མཛོད༽ཤར་གཏོང་གནང་བ།
ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༥ དང་ཧོར་ཟླ་ ༡ ཚེས་ ༥ ཉིན་འཛམ་གླིང་བོན་གྱི་གཙུག་རྒྱན་རྒྱལ་བ་གཉིས་པ་༧ རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་བསྟན་དང་འགྲོ་བའི་དོན་ཆེན་དུ་སྐུ་སྐྱེ་བ་མི་ཡི་གཟུགས་སུ་མངོན་པར་བལྟམས་ནས་མི་ལོ་ ༦༥༨ འཁོར་བའི་དུས་ཁྱད་པར་ཅན་དང་། ཤིང་ཕོ་རྟ་ཡི་ལོ་འགོ་གསར་དུ་བཞད་པའི་དུས་བཟང་རྟེན་འབྲེལ་གྱི་ཉིན་སྤྱིར་རྒྱལ་བའི་བསྟན་པ་སྤྱི་དང་སྒོས་སུ་གྱེར་བསྟན་རིན་པོ་ཆེའི་འཛིན་སྐྱོང་སྤེལ་གསུམ་རྣམས་སྒོ་གང་ནས་མི་ཉམས་རྒྱུད་འཛིན་དང་ཉམས་པ་སོར་ཆུད། དེ་བཞིན་མ་འོངས་མི་རབས་ཚ་རྒྱུད་རྣམས་ལ་དུས་དང་བསྟུན་པའི་ལམ་སྟོན་ཞིག་གི་ཆེད། ཡུལ་གྲུ་ས་ཕྱོགས་འདྲ་མིན་ལ་བཞུགས་པའི་བོན་གྱི་བཤེས་གཉེན་འགས་ཡུན་རིང་དཀའ་སྤྱད་འབད་བརྩོན་བྱས་པའི་འབྲས་བུར་(བོན་གྱི་དྲིས་ལན་དྲ་མཛོད)ཅེས་པའི་གཡུང་དྲུང་བོན་གྱི་སྐོར་དྲི་བ་དྲིས་ལན་ཁོ་ནར་ཡིན་པའི་དྲ་རྒྱ་འདི་( དགེ་བཤེས་གླིང་)ཞེས་པའི་གཡུང་དྲུང་བོན་གྱི་དགེ་བའི་བཤེས་གཉེན་བརྒྱ་ལྷག་ལྷན་འཛོམས་ཡོད་པའི་དྲ་ལམ་ནས་སྒོ་འབྱེད་བྱས་ཡོད།
http://www.askbon.net/
སྤྱིར་དེང་ཆ་འཕྲིན་གྱི་དུས་རབས་འདིར་བོད་པའི་སྤྱི་ཚོགས་ཁྲོད་སྤྱི་སྒེར་གཉིས་ཀའི་དྲ་བ་གང་མང་ཞིག་གཉེར་བཞིན་ཡོད་ཀྱང་། ད་ལན་(བོན་གྱི་དྲིས་ལན་དྲ་མཛོད) ཅེས་པའི་དྲ་བ་འདི་ནི་ང་ཚོས་སྔོན་ཞུས་ལྟར་གཙོ་བོ་གཡུང་དྲུང་བོན་གྱི་ལོ་རྒྱུས་དང་གཞུང་ལུགས་ལ་ཐུགས་སྣང་ཅན་དེང་རབས་གཞོན་ནུ་ཚོའི་ཆེད་དེ། དྲི་ཚིག་དང་དྲི་ལན་གཉིས་ཀ་ལས་སླ་བོ་དང་གོ་བདེ་བོའི་ཐོག་ནས་ཚིག་ཉུང་དོན་གསལ་ཡོང་ཐབས་ལ་འབད་བརྩོན་ཞུ་རྒྱུ་ཡིན་པས་དམིགས་བསལ་གྱི་ཁྱད་ཡོན་ཞིག་ལྡན་ཡོད་སྙམ།
དྲ་བ་དེར་གཙོ་བོ་ཞང་ཞུང་གནའ་རབས་དང་གཡུང་དྲུང་བོན། གསུང་རབས་དཔེའུ་ཙེ་དང་གནས་རྟེན་གསས་ཁང་སོགས་ཀྱིས་མཚོན་ལེའུ་ཚན་ཆེན་མོ་བཅུ་ལྷག་དང་ནང་གསེས་སྡེ་ཚན་སུམ་ཅུ་ལྷག་ཅན་གྱི་དྲ་བ་ཞིག་རེད། ལྷག་པར་དེང་རབས་དང་མཐུན་པའི་གཡུང་དྲུང་བོན་གྱི་སྐོར་ལ་ཞིབ་འཇུག་གནང་མཁན་དང་བློ་གསལ་ཐུགས་སྣང་ཅན་རྣམས་ལ་མཚོན་ན་ཆེས་སྟབས་བདེའི་གོ་སྐབས་དང་ཕན་འབྲས་ཆེན་པོ་ཡོད་པའི་གླེང་སྟེགས་གལ་ཆེན་ཞིག་ཆགས་ཡོད་པས་དེ་ལུགས་ཚང་མས་ཐུགས་སྣང་ཡོང་བ་ཞུ་རྒྱུ་དང་།
ཐོག་མར་ད་ལན་དྲ་བའི་སྒོ་འབྱེད་སྐབས་རྟེན་འབྲེལ་མཚོན་བྱེད་ཙམ་ལས་དྲི་རྩོམ་མང་པོ་ཞིག་འགོད་ཐུབ་མེད་ཀྱང་། མུ་མཐུད་མཁས་དབང་བཤེས་གཉེན་གོང་མ་ཚོ་གདན་ཞུས་ཀྱིས་གཡུང་དྲུང་བོན་གྱི་སྐོར་དོན་དང་ལྡན་པའི་དྲི་བ་དྲིས་ལན་མང་དག་ཅིག་འགོད་ཐབས་ཞུ་རྒྱུ་ལགས་ན་ལྷན་རྒྱས་ཀྱིས་དུས་ནས་དུས་སུ་གཟིགས་ཀློག་ཡོང་བའི་རེ་བསྐུལ་ཞུ་བཞིན་ཡོད།
ཅེས་གནམ་ལོ་གསར་པའི་ཤིས་སྨོན་དང་བཅས་ (བོན་གྱི་དྲིས་ལན་དྲ་མཛོད་) རྩོམ་སྒྲིག་པས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༥ ཉིན་ནུབ་ཕྱོགས་ནས་ཕུལ། །