རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་གི་སློབ་དཔོན་ཁྲི་བཞེངས་མཛད་སྒོ།

[ཟླ་ཚེས། 2014-02-14 14:24:54][རྩོམ་པ་པོ། རིན་གྲྭ་སྨོན་ལམ་འོད་ཟེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

མདོ་སྨད་རྣལ་འབྱོར་པ་ཆེན་པོ་ལྷུན་གྲུབ་བསྟན་འཛིན་རྒྱལ་མཚན་མཆོག་ཉིད་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་གི་༧སློབ་དཔོན་ཆེན་མོའི་གསེར་ཁྲི་མངའ་གསོལ་མཛད་སྒོ་སྤེལ་བ།
00-(8).jpg

ལྷུ༵ན་པོའི་སྐུ་ལ་གཟི་བྱིན་འོད་སྟོང་འབར། །གྲུ༵བ་པའི་མངའ་བརྙེས་བོན་གྱི་ཆར་ཆེན་འཇོ། །
བསྟ༵ན་པའི་སྙིང་པོ་ལུང་རྟོགས་བོན་གྱི་མཛོད། །འཛི༵ན་སྐྱོང་སྤེལ་བའི་དབང་པོར་གསོལ་བ་འདེབས། །

00-(2).jpg1110.jpg
དད་ལྡན་དམངས་ཚོགས།

   དེ་ཡང་བཀྲ་ཤིས་པའི་ཉིན་མོ། ཕུན་སུམ་ཚོགས་པའི་ཉིན་མོ་སྟེ། གཤེན་གྱི་འབྱུང་ལྡན་༣༠༡གི་ནང་གསེས་བོད་རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ལོའི་ཟླ་བ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན་ལ་མདོ་སྨད་ཟིང་ཆུ་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་གི་སྒྲུབ་སློབ་ཆེན་པོའམ་མདོ་སྨད་རྣལ་འབྱོར་བ་ཆེན་པོ་༧ལྷུན་གྲུབ་བསྟན་འཛིན་རྒྱལ་མཚན་མཆོག་ཉིད་རིན་སྤུངས་དགོན་གྱི་༧སློབ་དཔོན་ཆེན་མོ་དང་སྒྲུབ་གྲྭའི་མཁན་སློབ། གྲྭ་ཚང་བླ་མའི་འཐུས་ཚབ་བཅས་ཀྱི་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་སྤེལ་བ་རེད།

00-(1).jpg 00-(4).jpg
དད་ལྡན་སེར་སྐྱ་དམངས་ཚོགས།

   མཛད་སྒོའི་སྟེང་བྱང་བྱ་དུ་དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་གཙོས་པའི་ཤར་ཁོག་གི་སྐྱེས་ཆེན་བླ་སྤྲུལ་ཁག་དང་། རང་དགོན་གྱི་བླ་སློབ་ཡོངས། དེ་བཞིན་ཕྱོགས་ཀྱི་དད་ལྡན་དམངས་ཚོགས་སྟོང་ཕྲག་འགའ་བཅས་ལྷན་ཚོགས་ངང་ནས་༧རྣལ་འབྱོར་བ་ཆེན་པོ་ཁོང་ཉིད་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་གི་སློབ་དཔོན་ཆེན་མོ་སོགས་ཀྱི་གསེར་ཁྲིར་མངའ་གསོལ་མཛད་པ་རེད། གཞན་སློབ་དཔོན་རིན་པོ་ཆེ་ཁོང་གི་མཛད་རྣམ་འདིར་དམིགས་བསལ་སྤེལ་མེད་ལ། རྗེས་ཕྱོགས་ཟུར་དུ་སྤེལ་འདོད་པའོ། །

00-(6).jpg00-(5).jpg
ཕྱོགས་ནས་ཕེབས་པའི་དད་ལྡན་སེར་སྐྱ་དམངས་ཚོགས།
00-(9).jpg
མདོ་སྨད་རྣལ་འབྱོར་ཆེན་པོ་ལྷུན་གྲུབ་བསྟན་འཛིན་མཆོག་གི་སྐྱེས་རབས་གསོལ་འདེབས།

སྤྲོས་བྲལ་ཁྱབ་བདལ་བོན་སྐུའི་ངོ་བོ་ལས། །
འོད་གསལ་སྣང་ཆ་རིགས་ལྔའི་དཀྱིལ་འཁོར་ཤར། །
གང་འདུལ་འཕྲིན་ལས་སྤྲུལ་པ་ཕྱོགས་མེད་འགྱེད། །
རྟག་གཟིགས་ཡུལ་དུ་ཚངས་པ་གཙུག་ཕུད་ཞེས། །
སྟོན་པའི་ཞུ་འཁོར་མདོ་ལམ་བསྟན་པའི་བདག །
ཞང་ཞུང་ཡུལ་དུ་སྲིད་པ་གྱེར་མེད་ཞེས། །
སྔགས་བསྟན་སྲོལ་འཛིན་ཐོགས་མེད་སྒྲུབ་རྩལ་མངའ། །
མདོ་སྨད་ཡུལ་དུ་ཁྱུང་བོ་གྱེར་ཟླ་མེད། །
ཟབ་གཏེར་དབང་འབྱོར་ཟག་མེད་འོད་སྐུ་གྲོལ། །
ཨ་མདོ་ཡུལ་དུ་སྐྱང་འཕགས་ཆེན་པོ་ཞེས། །
མ་ངེས་སྤྲུལ་བའི་འབྲེལ་ཚད་འགྲོ་བ་འདྲེན། །
རེབ་གོང་ཡུལ་དུ་ངེས་དོན་སྟོང་ཉིད་མཚན། །
ཐེག་མཆོག་བསྟན་པའི་མེ་རོ་དངོས་སུ་སླང་། །
སྨིན་གྲོལ་གླིང་དུ་མཐོང་བ་རང་གྲོལ་ཞེས། །
ཟབ་མོ་རྫོགས་ཆེན་བོན་གྱི་གྲུབ་པ་བརྙེས། །
ཤར་བའི་ཡུལ་དུ་ལྷུན་གྲུབ་བསྟན་འཛིན་ཞེས། །
སྦས་པའི་རྣལ་འབྱོར་ལུང་རིག་སྨྲ་དབང་མཆོག །
དཔལ་ལྡན་བླ་མའི་ཡོན་ཏན་དྲན་བཞིན་དུ། །
དག་སྣང་སུམ་ལྡན་གསོལ་འདེབས་འདི་བགྱིས་པའི། །
རྟོག་ཚོགས་བློ་ཡི་པད་མོ་ཁ་ཕྱེ་སྟེ། །
དྲན་གྲོལ་རང་འབྱུང་ཡེ་ཤེས་དོན་རྟོགས་ནས། །
སྣང་བཞི་ཟད་པའི་འཇའ་ལུས་འགྲུབ་པར་ཤོག །

   ཅེས་རིན་སྤུངས་དགོན་གྱི་སྒྲུབ་མཁན་མདོ་སྨད་རྣལ་འབྱོར་ཆེན་པོ་ལྷུན་གྲུབ་བསྟན་འཛིན་མཆོག་གི་སྐྱེས་རབས་གསོལ་འདེབས་འདི་ཉིད་རིན་སྤུངས་ཚུལ་བསྟན་ནས་བསྐུལ་ངོར་ཞིག་པོ་ཤེལ་གྱི་རུས་ཐོབ་ཐོས་ཆུང་སྔགས་འཆང་བ་ཀུན་བཟང་བསྟན་འཛིན་ནམ་གསང་བདག་ནམ་མཁའ་རང་གྲོལ་རྩལ་གྱིས་དྲན་ཤར་དུ་ཕབ་པའོ། །དགེའོ། །བཀྲ་ཤིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།