རྟོགས་ལྡན་ཚེ་མཚམས་པ་དགོངས་པ་གཤེགས་པ།
[ཟླ་ཚེས། 2013-12-18 14:13:24][རྩོམ་པ་པོ། རྟོགས་གྲྭ་འཆི་མེད་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
རྟོགས་ལྡན་ཚེ་མཚམས་པ་དྲི་མེད་ཀུན་གསལ་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་གཤེགས་པ།
ཨེ་མ་ཧོ།
དང་བོ་ཐེག་ཆེན་བོན་ལ་ཐོས་བ་བཙལ།།
བར་དུ་གཉུག་མའི་སེམས་ལ་གོམས་པ་བསླབ།།
ཐ་མ་རང་རིག་རང་གདེངས་རང་ས་ཟིན།།
རྣམ་འབྱོར་རྒྱལ་བའི་སྲས་དེར་གསོལ་བ་འདེབས།།
རྟོགས་ལྡན་ཚེ་མཚམས་པ་དྲི་མེད་ཀུན་གསལ་རིན་པོ་ཆེ་ནི་མདོ་སྨད་རྔ་ཡུལ་བློན་ཚང་སྣེས་ཚའི་སྒོ་སྔུན་ཚང་དུ་ཡབ་ཀུན་ཡག་དང་ཡུམ་ཁོན་མོ་གཉིས་ཀྱི་སྲས་སུ་༡༩༣༣ལོར་སྐུ་བལྟམས།༡༩༤༦ལོར་མདོ་སྨད་རྔ་ཡུལ་རྟོགས་ལྡན་དགོན་ཆེན་དུ་ཕེབས་ནས་དགེ་སློང་གྲགས་པ་བསྟན་འཛིན་གནས་ཀྱི་དགེ་རྒན་དུ་བསྟེན་ནས་འབྲི་ཀློག་འདོན་གསུམ་ལ་བརྩོན་པ་གནང་།༡༩༤༧ལོར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་རྟོགས་ལྡན༧ཡོངས་འཛིན་བཟོད་པ་རྒྱལ་མཚན་ལགས་ཀྱི་མདུན་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་བླངས།མཚན་ལ་ཚུལ་ཁྲིམས་དྲི་མེད་ཀུན་གསལ་བཏགས།དེ་ནས་ཚུལ་བཞིན་འདུལ་བཞིན་གྱིས་དགོན་པའི་གླིང་དུ་གཏན་བཞུགས་གནང་།༡༩༥༧ལོར་དགེ་འདུན་པ་གྲོང་དུ་ཕབ་ནས་བོན་དང་ཆོས་ལ་སྤྱོད་པའི་རང་དབང་མེད་ཀྱང་སྡོམ་དང་དམ་ཚིག་རྨ་མེད་དུ་སྲོང་བ་རེད།༡༩༧༠ལོར་རྟོགས་ལྡན༧ཡོངས་འཛིན་རིན་པོ་ཆེའི་སྐུ་མདུན་ནས་དག་པ་དྲང་སྲོང་གི་སྡོམ་པ་བླངས་དེ་ནས་བཟུང་དམར་ཟས་དང་དགོང་ཟས་ལ་མི་རོལ་བའི་དམ་བཅའ་ཕུལ་བ་ལྟར་ཚུལ་བཞིན་འདུལ་བཞིན་དུ་དགེ་སློང་དཀྱུས་མ་ཞིག་གི་ཚུལ་བཟུང་ནས་བཞུགས།༡༩༧༤ལོ་ནས་བཟུང་༧ཡོངས་འཛིན་རིན་པོ་ཆེ་དང་༧སྐྱབས་རྗེ་མཆོག་སྤྲུལ་རྣམ་གཉིས།རྫོགས་ཆེན་རྣལ་འབྱོར་པ་ངེས་དོན་མཐོང་བ་རང་གྲོལ་སོགས་ཀྱི་མདུན་ནས་དབང་ལུང་ཁྲིད་གསུམ་གྱི་གདམས་པ་བུམ་པ་གང་བྱོའི་ཚུལ་དུ་བླངས་ནས་རང་རྒྱུད་སྨིན་པར་བྱས།༡༩༨༣ལོར་རྟོགས་ལྡན་དགོན་དུ་ཀུན་མཁྱེན་འཇའ་ལུས་པ་༧ཤར་རྫ་རིན་པོ་ཆེས་ཆག་བཏབ་གནང་བའི་ཞང་ཞུང་རྫོགས་ཆེན་སློབ་གླིང་གི་སྒྲུབ་པ་གྲྭ་ཚང་ལྷུན་འགྲུབ་འོད་གསལ་ཟླ་གཞོན་གླིང་དུ་ལོ་གསུམ་བཅད་བརྒྱར་བཞུགས།༡༩༩༠ལོར་༧སྐྱབས་རྗེ་ཚུལ་ཆེན་རིན་པོ་ཆེའི་སྐུ་མདུན་ནས་ཐབས་ལམ་དྲུག་གི་གདམས་པ་བསླབ་ནས་མི་ཚེ་སྒྲུབ་ཕུག་ནས་རྫོགས་པའི་དམ་བཅའ་ཕུལ་བ་ལྟར་ད་བར་དུ་ཉིན་མཚན་དུས་དྲུག་ཏུ་ཉམས་ལེན་ཁོ་ནར་གཞོལ།༢༠༡༣ལོའི་ལོ་འགོར་སྐུ་བསྙུང་བའི་ཚུལ་བསྟན།སྐུ་འཁོར་དག་གིས་སྐབས་དེར་བརྟན་བཞུགས་རེ་ཕུལ་མོད་ད་དུང་ང་མི་འཆི།འཆི་རྟགས་སླེབས་མ་སོང་།སྤྱིར་ད་ལོ་ལུས་པོ་འདི་ལ་སྲ་མི་འདུག་གསུངས་ནས་ཞལ་བཞེས་གཙང་མ་མ་ཐོབ།
༢༠༡༣/༡༢/༡༣ཉིན་ད་དེ་རིང་ངས་ཟ་མ་མི་ཟ་གསུངས་ནས་བཞེས་པ་ཅུང་ཙམ་ཡང་མ་བཞེས།
༢༠༡༣/༡༢/༡༤ཉིན་གྱི་ཞོགས་པ་ད་དེ་རིང་བདག་འཆི་ཚད་ལ་སླེབས་པ་ཡིན། ད་ལུས་འདི་གཙང་མ་ཞིག་བཟོ་དགོས་གསུངས་ནས་གཙང་སྤྱོད་དུ་ཕེབས།དེ་ནས་ཡར་གཟིམ་ཁང་དུ་ཕེབས་ནས་ཆུ་ཚོད་༡༡:༣༠ཙམ་ལ་སྐུ་འཁོར་དག་ལ་ད་སྐབས་བླ་མ་རྣམ་གཉིས་རང་གི་ཉེ་སར་མི་བཞུགས་མོད་སྐྱོན་མེད། བླ་མའི་བྱིན་རླབས་ལ་ཉེ་རིང་མེད་གཙོ་བོ་དད་པ་ལ་ཐུག་ཡོད་གསུངས། དེ་ནས་མདུན་འཁོར་དག་ལ་བོན་སྐུའི་སྨོན་ལམ་ཞིག་ཐོན་གསུངས་པ་ལྟར་བོན་སྐུའི་སྨོན་ལམ་མཇུག་རྫོགས་དུས་ལུས་ཆ་ལུགས་ལྔ་ལྡན་བྱས་ནས་དགོངས་པ་དབྱིངས་སུ་རྫོགས་པ་རེད།
འདི་ལྟར་དམ་པ་ཁོང་གི་མི་ཚེ་གང་བོར་སྡོམ་ཚིག་ཞིག་བཀོད་ན་ཁོང་ནི་དོན་ཉུང་བྱ་ཉུང་གིས་ཐེག་ཆེན་བོན་ལ་ཉམས་བཞེས་རྣལ་མ་གནང་མཁན་གྱི་རྣལ་འབྱོར་བ་ཡང་དག་ཅིག་ཡིན་ནོ། །