དགུང་གྲངས་བརྒྱད་ཅུའི་འོད་སྣང་།
[ཟླ་ཚེས། 2013-12-03 18:06:28][རྩོམ་པ་པོ། རྟོགས་ལྡན་བསྐལ་ཁོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
རྔ་ཡུལ་རྟོགས་ལྡན་དགོན་དཔལ་གཤེན་བསྟན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གླིང་གི་༧སྐྱབས་རྗེ་ཁྲི་རིན་པོ་ཆེའི་དགུང་གྲངས་བརྒྱད་ཅུའི་འོད་སྣང་།
ཤེས་བྱ་ཀུན་གཟིགས་འཇམ་དབྱངས་བླ་མ་རྗེའི།། མཁྱེན་རབ་རང་གཟུགས་གཤེན་བསྟན་མཛེས་པའི་རྒྱན།།
ལུང་རྟོགས་འཕྲིན་ལས་རྒྱ་མཚོའི་དཔལ་མངའ་བ།། རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས།།
གང་གི་གསང་གསུམ་རི་དབང་རྟག་ཏུ་བརྟན།། བཤད་དང་སྒྲུབ་པའི་ཉིན་བྱེད་བླ་ན་འབར།།
མཐའ་ཡས་གདུལ་བྱའི་པད་ཚལ་ཕྱོགས་བརྒྱར་བཞེད།། བཀྲ་ཤིས་དགེ་མཚན་ས་གསུམ་ཁྱབ་གྱུར་ཅིག།
དེ་ཡང་རྔ་ཡུལ་རྟོགས་ལྡན་དགོན་དཔལ་གཤེན་བསྟན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གླིང་གི་ཞྭ་དཀར་བསྟན་པའི་གཙུག་རྒྱན་དམ་པ། ༧ ཁྲི་ཆེན་བླ་མ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་རིན་པོ་ཆེ་དཔལ་བཟང་བོ་མཆོག་སྤྱི་ལོ་ ༡༩༣༣ ལོར་ཡུལ་མདོ་ཁམས་སྨད་ཀྱི་ཆར་གཏོགས་གནའ་བོའི་མཁར་དགུ་དཔོན་གྱི་མངའ་ཁོངས། དེང་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་ཚ་རུ་མ་ཞེས་པའི་འབྲོག་ཁྱིམ་ཞིག་ཏུ་སྐུ་འཁྲུངས་བ་ནས་བཟུང་ད་བར་སྤྱི་ཚོགས་དང་དུས་རབས་ལ་འཕོ་འགྱུར་ཅི་འདྲ་ཞིག་སོང་ན་ཡང་། ཁོང་རིན་པོ་ཆེའི་མཁས་བཙུན་བཟང་གསུམ་གྱི་མཛད་པ་ལ་ཉེས་སྐྱོན་གྱི་དྲི་མས་ཆ་ཙམ་ཡང་མ་གོས་པར་ཅི་མཛད་འགྲོ་དོན་དང་ཅི་གསུང་བསྟན་དོན་རྐྱང་རྐྱང་གི་རྣམ་ཐར་དང་དུ་བླངས་ནས། ད་ཆར་དགུང་གྲངས་བརྒྱད་ཅུར་སླེབས་པའི་ཉིན་བཟང་དུས་བཟང་གི་བསྐལ་བ་འདི་ཤར་བ་ནི། བོན་དབྱིངས་རྟེན་འབྲེལ་བསླུ་བ་མེད་པའི་བདེན་སྟོབས་དང་། ཡེ་ཤེས་སྤྱན་ཀྱིས་ཉེ་རིང་མེད་པར་བསྟན་དང་འགྲོ་ལ་ཡོངས་སུ་གཟིགས་པའི་བཀའ་སྐྱོང་མ་བདུད་བཙན་གསུམ་སོགས་ཀྱི་འཕྲིན་ལས་ཀྱི་འཇུག་པ་ཡང་ལགས། དེ་ཕྱིར་ཁོང་རིན་པོ་ཆེའི་མཛད་འཕྲིན་རྒྱ་མཚོའི་འཇིངས་ལས་ཆུ་ཐིགས་ཙམ་མཚོན་བྱེད་༼ རྟོགས་ལྡན་སྐྱབས་རྗེ་ཁྲི་རིན་པོ་ཆེའི་དགུང་གྲངས་བརྒྱད་ཅུའི་འོད་སྣང་ ༽ ཞེས་པའི་འོད་སྡེར་འདི་རྔ་ལྗོངས་བོན་གྱི་འདུས་སྡེ་ཆེན་པོ་རྟོགས་ལྡན་དགོན་དཔལ་གཤེན་བསྟན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གྱི་སྐབས་བཞི་བའི་དོ་དམ་ཁང་གི་རྩ་འཛུགས་འོག ཉག་སྤྲུལ་བསོད་ནམས་རྒྱ་མཚོ་རིན་པོ་ཆེས་གཙོ་འགན་བཞེས་གནང་མཛད་ཅིང་། གཉན་པོ་གཡུ་རྩེ་སྒྲ་བརྙན་སྒྲིག་སྦྱོར་ཁང་། གངས་ཅན་འདོད་རྒུ་འབྱུང་གནས་སྒྲ་བརྙན་གླིང་། རྔ་ཆབ་སྒྲ་བརྙན་གླིང་། གངས་རིན་པོ་ཆེ་རིག་གནས་གླིང་བཅས་ཀྱིས་ཁོང་རིན་པོ་ཆེའི་གྱ་སྟོན་དུས་ཆེན་མཛད་སྒོའི་ཡུལ་དངོས་གྱི་རྣམ་པ་གཟུགས་སུ་ཕབས་པ་རྣམས་མཚོ་སྔོན་གངས་རྩེ་མོ་སྒྲ་བརྙན་རིག་གནས་ཁང་གིས་པར་བསྐྲུན་བྱས་ཏེ། ཕྱི་རབས་སྐལ་ལྡན་ཁྲི་མ་འབུམ་གྱི་བགོ་སྐལ་དུ་འགྲེམས་སྤེལ་བྱས་པ་འདི་ཡང་ཅི་སྲིད་ཉི་ཟླའི་བགྲོད་པ་མ་འགགས་ཀྱི་བར། དེ་སྲིད་དུ་ཁོང་རིན་པོ་ཆེ་ཡང་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་སྐུ་ཚེ་བསྐལ་བ་བརྒྱ་ཡི་བར་དུ་རྟག་ཅིང་བརྟན་པར་བཞུགས་ནས། བདག་སོགས་བུ་སློབ་ཡོངས་ཀྱི་དཔལ་དུ་བྱིན་རླབས་བདུད་རྩིའི་གྲུ་ཆར་ཡང་ནས་ཡང་དུ་འཇོ་བའི་རྒྱུ་རུ་གྱུར་ཅིག་གུ།