བོད་ལྗོངས་མངའ་རིས། གནའ་བོའི་ཞང་ཞུང་གི་ཤེས་རིག་འཚོལ་ཞིབ།

[ཟླ་ཚེས། 2013-11-16 21:27:17][རྩོམ་པ་པོ། བསོད་རྡོར་གྱིས་བསྒྱུར།][རྩོམ་ཁུངས། ཤིན་ཧྭ་དྲ་བ།][ཀློག་གྲངས། ]

ཞིན་ཧྭ་དྲ་བའི་ལྷ་སར་ཟླ་༡༡པའི་ཚེས་༡༠ལ། གློག་འཕྲིན་བཏང་བར། འཛམ་གླིང་སྒལ་ཚིགས་ཀྱི་ཡང་སྟེང་དུ་བསྔགས་པའི་མངའ་རིས་ནི། རི་བོ་སྟོང་ཕྲག་གི་འདུ་གནས་དང་ཆུ་ཁྲི་འབུམ་གྱི་འབྱུང་ཁུངས་སྟེ། གནའ་བོའི་མངའ་རིས་ས་ཆའི་ཞང་ཞུང་ཤེས་རིག་ལ་འཚོལ་ཞིབ་བྱས།

ཞང་ཞུང་ཞེས་པ་ནི་གནའ་བོའི་ཞང་ཞུང་གི་སྐད་སྟེ། ཞང་ཟེར་བ་ནི་རིགས་རུས་ཀྱི་མིང་སྟེ་ཁྱུང་དང་། ཞུང་ཞེས་པ་རི་ལུང་གི་དོན་རེད། བོད་སྐད་དུ་བསྒྱུར་བར་ཁྱུང་ལུང་ཟེར་བའི་དོན་རེད།

རྒྱ་བོད་ཡིག་གི་དེབ་ཐེར་ལས་བཀོད་པར། ཞང་ཞུང་རྒྱལ་རབས་ནི་ཉུང་མཐའ་ཡང་ལོ་ངོ་༣༨༠༠ལྷག་གི་སྔོན་ནས་ཆགས་ཤིང་། དུས་རབས་བདུན་པའི་སྐབས་སུ་མངའ་ཐང་དར་བའི་རྩེ་མོར་གྱུར། དུས་རབས་༧པའི་དུས་མགོ་རུ་ཡར་ཀླུང་རིག་གནས་ཤུགས་ཆེན་དར་སྟེ་བོད་བཙན་པོའི་རྒྱལ་རབས་བྱུང་ཞིང་། ཞང་ཞུང་རིམ་བཞིན་ཉམས་རྒུད་དུ་གྱུར། བོད་རྒྱལ་སྲོང་བཙན་སྒམ་པོས་བོད་ཀྱི་མཐའ་མཚམས་ཞང་ཞུང་དབང་འོག་ཏུ་བསྡུས་ཤིང་། སྐབས་དེ་ནས་ཞང་ཞུང་ཞེས་པ་ལོ་རྒྱུས་ཀྱི་སྟེགས་བུ་ལས་གཞོལ་བར་གྱུར།

ཤེས་ལྡན་དག་གིས་ཞིབ་འཇུག་ལྟར་ན། གནའ་བོའི་ཞང་ཞུང་གི་ས་ཆ་ནི་མཚོ་བོད་མཐོ་སྒང་གི་ནུབ་ཕྱོགས་དང་། ས་གནས་ཁོར་ཡུག་ཐག་རིང་བས་མཐའ་རུ་གྱུར་བའི་རྐྱེན་གྱིས་ཞང་ཞུང་རྒྱལ་རབ་དང་ཀྲུང་ཧྭ་ས་དཀྱིལ་འབྲེལ་འདྲིས་ཀྱི་གོ་སྐབས་ཤིན་ཏུ་དཀའ་བ་རེད། དེ་བས་རྒྱ་ཡིག་གི་དེབ་ཐེར་དག་ལས་ཞང་ཞུང་གི་སྐོར་ཤིན་ཏུ་དཀོན་པའི་རྒྱུ་མཚན་དེ་ལྟར་རེད།

ལོ་རྒྱུས་རྒྱུ་ཆ་དཀོན་པ་དང་། མཐའ་མཚམས་སུ་གྱུར་བའི་ཞང་ཞུང་རྒྱལ་རབས་ཀྱི་དབང་འོག་གྱུར་བའི་མངའ་ཐང་སོགས་ལ་བཞེད་པ་སྣ་ཚོགས་པ་བྱུང་། འོན་ཏེ་མཁས་པ་གང་མང་གིས་ཡར་ཀླུང་ཚོ་ཁག་མ་བྱུང་བའི་སྔོན་ནས་ཞང་ཞུང་ནི་མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་ཆེན་པོ་ཞིག་དང་། དེ་ཡི་མངའ་རིས་ནི་ཕལ་ཆེར་བོད་ཁམས་ཕལ་ཆེ་བ་ཡིན་པར་འདོད།

རྒྱ་ཡིག་གི་གཏམ་མཛོད་ལས། ཡང་ཐུང་༼ཞང་ཞུང་༽ཆེན་པོ་ནི། ཤར་ནུབ་དུ་ལེ་དབར་སྟོང་ཕྲག་ཡོད་ལ་དཔའ་རྟུལ་དམག་དཔུང་ཁྲི་བརྒྱད་དགུ་ཡོད་པར་བཤད། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་ཞིབ་འཇུག་པ་ཚེ་རིང་ཐར་ལགས་ནས་ངོ་སྤྲོད་དུ། ཐུ་བྷོད་སྔོན་དུ་ཞང་ཞུང་གི་མངའ་རིས་ནི་དེང་གི་མཚོ་སྔོན་ཡུལ་ཤུལ་གྱི་ས་ཆ་ཁ་ཤས་དང་། ཤར་ཕྱོགས་སུ་ཆབ་མདོ་ས་གནས། ཕལ་ཆེར་བོད་ཁམས་ཡོངས་ཞང་ཞུང་གི་ཁོངས་སུ་འདུ་བ་རེད་ཟེར།

ངག་རྒྱུན་དུ། ཞང་ཞུང་གནའ་མཁར་ཁྱུང་ལུང་དངུལ་མཁར་སྟེ། ༢༠༠༤ལོར་ཟི་ཁྲོན་སློབ་ཆེན་གྱི་གནའ་རྫས་རྟོག་ཞིབ་སྡེ་ཁག་དང་བོད་ལྗོངས་རིག་དངོས་ཅུའུ་མཉམ་འབྲེལ་གྱིས་མངའ་རིས་ས་ཁུལ་སྒར་རྫོང་གི་མོན་ཐོ་ཤང་གི་ས་ཆར། ཁྱུང་ལུང་གུ་རུ་མཁར་གྱི་ས་ཆར་གནའ་ཤུལ་རྙེད་ཅིང་། ཞིབ་འཇུག་བྱས་པར་འདི་ནི་བཤད་རྒྱུན་དུ་གྲགས་པའི་ཞང་ཞུང་ཁྱུང་ལུང་དངུལ་མཁར་ཟེར་བ་དེ་རེད།

ཟི་ཁྲོན་སློབ་ཆེན་ཀྲུང་གོ་བོད་རིག་པ་ཞིབ་འཇུག་སོའོ་ཡི་དགེ་རྒན་ཆེན་མོ་ལི་ཡོན་ཞིན་གྱིས་ངོ་སྤྲོད་དུ། གནའ་རྫས་རྟོག་དཔྱོད་ལས་རྙེད་པར། ཁྱུང་ལུང་དངུལ་མཁར་གྱི་གནའ་ཤུལ་ནི་གཞི་རྒྱ་ཆེ་བའི་དུར་ས་མང་པོ་ལས་གྲུབ་པ་དང་། གཞི་སྡོད་ཀྱི་འཛུགས་སྐྲུན་ས་ཆ། ཆོས་ལུགས་ཆོ་ག་སྤེལ་ས། ཐོན་སྐྱེད་དངོས་ཟོང་གི་ཤུལ་བཞག་སོགས་འདི་ལས་མཚོན་པ་ནི་སྤྱི་ཚོགས་ཀྱི་རྩ་འཛུགས་ཞིག་གཏན་སྡོད་དང་། དབང་ཆ་གཅིག་གྱུར། དཔལ་འབྱོར་ཐོན་སྐྱེད་རང་ཉིད་ཀྱི་སྙོམས་སྒྲིག་བྱེད་སའི་ཚོ་བ་ཆེན་པོ་ཞིག་འདུ་འཛོམས་བྱེད་ས་རེད། ཞེས་དང་། ཡིན་པ་ནི་མཐའ་མཇུག་ཞང་ཞུང་རྒྱལ་རབས་ཀྱི་རྒྱལ་ས་ཡིན་པར་ར་འཕྲོད་དང་། ད་རུང་གོམ་གང་མདུན་སྤོས་ཀྱི་ཞིབ་འཇུག་ལ་ཧུར་བརྩོན་མང་པོ་བྱེད་དགོས། ཞེས་བཤད།

མི་མང་ཆེ་བས། ས་རྒྱ་ཆེ་བའི་འགྲིམ་འགྲུལ་ལྟེ་བར་གྱུར་བའི་གནའ་བོའི་ཞང་ཞུང་ནི་གདོད་མའི་སྐབས་སུ་དཔལ་ཡོན་འབྲེལ་འདྲིས་བྱེད་སའི་བཞི་མདོ་ལྟ་བུ་སྟེ། མཁས་པ་ལ་ལས། ཁེར་རྐྱང་དུ་གྱུར་བའི་མདོ་དབུས་མཐོ་སྒང་ནི་སྔོན་མར་ཕྱི་ཕྱོགས་སུ་འབྲེལ་འདྲིས་ཀྱི་བཀག་རྒྱ་ཐེབས་པའི་ས་གནས་ཁྱད་པར་བ་ཞིག་རེད། དེ་ལས་ཨེ་ཤ་ཡ་དཀྱིལ་མ། ནུབ་མ། ལྷོ་མ་བཅས་ལ་འབྲེལ་བའི་ས་གནས་ཁོར་ཡུག་དམིགས་བསལ་ཅན་ཞིག་ནི་ཞང་ཞུང་སྟེ་དར་གོས་སྲང་ལམ་གྱི་གནས་མལ་འདི་ནི་ནམ་མཁའ་ལས་ཡངས་བའི་དགེ་མཚན་ཞིག་ཏུ་གྱུར་བ་རེད།

བོད་རིག་པའི་མཁས་ཅན་ཧྲི་ཐེ་ཨན་ལགས་ནས་འདི་ལ་སྔ་མོ་ནས་ཤེས་ཚོར་བྱུང་བ་དང་། ཁོང་གིས། ནུབ་ཕྱོགས་ཞང་ཞུང་གིས་བོད་ཀྱི་ཤེས་རིག་དར་བར་ནུས་པ་གལ་ཆེན་ཐོན་པ་དང་། དེ་རུ་ས་ཐེ་དང་འབྲེལ་བའི་གྷི་རིག་དང་རྒྱ་གར། སྟག་གཟིག་སོགས་ཀྱི་དཔལ་ཡོན་བོད་ཡུལ་དུ་དྲངས་འདུག ཅེས་བཤད།
ལོ་རྒྱུས་ཡིག་ཆར་ཞང་ཞུང་གི་སྐོར་བཀོད་པ་ཤིན་ཏུ་ཉུང་ལ། འོན་ཏེ་འདི་ཙམ་གྱིས་སྐབས་དེ་དུས་ཀྱི་དཔལ་ཡོན་དར་བའི་ཞང་ཞུང་གི་མཐའ་མཚམས་རྒྱལ་ཁག་ལ་འབྲེལ་བ་མེད་པ་མཚོན་མི་ཐུབ། ཚེ་རིང་ཐར་ལགས་ནས་བཤད་ཞིབ་བྱས་པར། ལོ་རྒྱུས་སྟེང་བོད་དང་སྟག་གཟིག་བར་གླ་རྩིའི་ཚོང་ལམ་ཤིན་ཏུ་དར་ཞིང་། ཞང་ཞུང་ནི་ཀྲུང་ནུབ་གཉིས་ཀྱི་བར་ན་རྒྱ་ལམ་བཞི་མདོ་ལྟ་བུ་ཞིག་ཏུ་ཆགས་ཡོད། དེ་མཐའ་འབྲེལ་གྱི་རྒྱལ་ཁབ་མང་པོར་ཚོང་དོན་འགྲོ་འོངས་བྱེད་ས་རུ་འོས་སུ་མཆིས། ཞང་ཞུང་གི་ཆོས་ལུགས་དང་། ཡི་གེ་སོགས་གཙང་པོའི་འབྱུང་ཁུངས་ནས་དར་སྤེལ་གྱིས་བོད་ཁམས་ཀྱི་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་སུ་དར་ཁྱབ་བྱུང་ཡོད།

ལོ་རྒྱུས་ལས། ཞང་ཞུང་གི་རྒྱལ་ཁག་བཅོ་བརྒྱད་ཀྱི་སྐབས་སུ། དབུ་ན་གཤེན་རབ་རྣམས་བྱིན་ཆགས་ཤིང་། གཤམ་ན་རྒྱལ་པོ་དག་བརྗིད་ཆགས་པ། ཞེས་པ་ལས་ཀྱང་བོན་ཆོས་ནི་ཞང་ཞུང་སྐབས་སུ་གོ་ཐོབ་བླ་ལྷག་གི་མཐོན་པོ་ཡོད་པ་མཚོན།

བོན་ཆོས་ཀྱིས་རྗེས་མར་བོད་མིའི་ཆོས་ལུགས་འཚོ་བར་ཤན་ཞུགས་ཐེབས་པ་ཤིན་ཏུ་གསལ་ལ། ཚེ་རིང་ཐར་གྱིས། བོན་ཆོས་རིག་གནས་མེ་མཆོད་དང་ཉི་འོད་ལ་དད་པ་སོགས་དང་། དཔེར་ན་བསུར་གཏོང་བ་རྗེས་ནས་བསང་ལ་འགྱུར་བའི་མེ་མཆོད་སོགས་བོན་ཆོས་མ་གཏོགས་ལོ་རྒྱུས་གང་ལའང་འབྲེལ་མེད་དུ་གནས་པའོ།

གཞན། ཚེ་རིང་ཐར་ལགས་ནས་ངོ་སྤྲོད་དུ། དེ་རིང་བོད་མིའི་ཡུལ་སྲོལ་གོམས་གཤིས་ཀྱི་འཚོ་བའི་རྣམ་པ་མང་དག་ཅིག་ཞང་ཞུང་དུས་རབས་ནས་བརྒྱུད་འོངས་ཤིང་། དཔེར་ན་གངས་བསྐོར་མཚོ་སྐོར་ལ་འགྲོ་བ་དང་། དར་ལྕོགས་རླུང་རྟ། མ་ཎི་རྡོ་བརྐོ། རྡེའུ་འབུམ་བཞེངས་པ། མོ་རྩིས་ལུང་བསྟན་སོགས་ཚང་མ་བོན་ལས་བྱུང་བའི་རྟགས་མཚན་རེད།
 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།