༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་ནས་ཕྱི་གླིང་ཡུལ་གྲུ་ཁག་ཏུ་མཛད་འཕྲིན་བསྐྱངས་པ།

[ཟླ་ཚེས། 2013-10-31 19:57:21][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་སྦྱིན་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་སྟོན་འཁོར་ལྷན་(Polandu)བོན་ཚོགས་བྱམས་མ་གླིང་དུ་ཆིབས་ཞལ་བསྐྱངས་པའི་གནས་འཕྲིན།

ཟླ་བའི་འོད་དང་ཉི་མའི་ཟེར། །  ཕྱོགས་གཅིག་བསྡུས་པའི་གོང་བུ་སྟེ། །
ཡོངས་འཛིན་ཕྱྭ་སྲས་ལྷ་ཡི་སྐུ། །  འགྲོ་བའི་བསོད་ནམས་དཔྱིད་དུ་འཚེར། །

1-1.jpg1-2.jpg 

      དེ་ཡང་གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དང་། མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་། མཁན་པོ་དགེ་ལེགས་སྦྱིན་པ་བཅས་ཀྱིས་འཆར་ཅན་ལྟར་ཕ་རན་སིའི་གཤེན་བསྟན་དར་རྒྱས་གླིང་གི་གཙོས་པའི་འབྲེལ་ཡོད་ཡུ་རོབ་(Europe)ནང་ཁུལ་དང་། དེ་བཞིན་ཨ་རི་(Amirica)དང་། ཨ་རྒྱན་ཏྲིན་ན་(Argentina)སོགས་བོན་ཚོགས་ཁག་གི་ཐུགས་འདོད་ལྟར་བོན་ཁྲིད་བཀའ་དྲིན་རབ་དང་རིམ་པ་བསྐྱངས་དང་སྐྱོང་བཞིན་ཡོད་པ་ནི་རྒྱུན་ལྡན་གྱི་མཛད་འཕྲིན་ལྟ་བུར་གྱུར་ཡོད་གཤིས་འདིར་དམིགས་སུ་བཀར་ནས་དེ་དག་གི་བྱུང་བ་བརྗོད་པའི་འཕྲིན་པ་བསྐྱུངས།

 2-1.jpg2-2.jpg

ཟླ་མེད་ལུང་རིག་ནོར་བུའི་མཛོད། །  གང་ཞིག་ཡངས་པའི་འཇིག་རྟེན་འདིར། །
ཕན་བདེའི་འོད་ཟེར་སྤྲོ་བཞིན་དུ། །  བཞུགས་པ་སྐྱེ་དགུའི་དཔལ་དུ་ཆེ། །

      ད་རེས་བོན་ཚོགས་ཀྱི་མཛད་སྒོ་འདི་ནི་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་རིང་ནས་ཐུགས་བརྩེས་བསྐྱངས་པའི་བོན་ཚོགས་བྱམས་མ་གླིང་གི་འགན་འཛིན་རྣམས་ཀྱིས་ཐུགས་སྐུལ་ནན་ཞུ་ལྡོག་མེད་ཕྱིར་དང་། ལྷག་པར་བོན་ཚོགས་བྱམས་མ་གླིང་གི་དབུ་འཛིན་གཙོ་བོ་བླ་མ་བསྟན་འཛིན་དབང་རྒྱལ་གཙོ་འཁོར་གྱིས་ལོ་མང་རིང་སྐུ་ངལ་ཚད་མེད་བསྐྱོན་ནས་བཞེངས་སྐྲུན་གནང་བའི་བོན་ཚོགས་བྱམས་མ་གླིང་གི་ཚོགས་ཁང་གསར་པ་ལེགས་གྲུབ་བྱུང་འདུག་པ་མ་ཟད་དེ་སྔོན་བཞེངས་གྲུབ་པའི་མཆོད་རྟེན་བཅས་རྒྱལ་བའི་རྟེན་དུ་གྱུར་པ་རྣམས་ལ་རབ་ཏུ་གནས་པའི་མཆོད་འབུལ་དང་བྱིན་རླབས་བསྒྲུབ་པའི་ཆེད་དུ་སྐུ་ཆེད་ཕེབས་གནང་བ་ཞིག་ཡིན་པ་རེད།

3-1.jpg3-2.jpg 

      དེ་ཡང་འདི་ལོའི་༢༠༡༣ཕྱི་ཟླ་༡༠པའི་ཚེས་༢༣ཉིན་ཡོངས་འཛིན་སྟོན་འཁོར་ལྷན་རྒྱལ་ས་པ་རིས་སུ་(Paris)ནས་མཁའ་ལམ་བརྒྱུད་ཕེབས་འདྲེན་གྱི་བསུ་བ་དང་བཅས་པོ་ལན་དྲུ་(Polandu)བོན་ཚོགས་བྱམས་མ་གླིང་དུ་གསེར་ཞལ་དངོས་སུ་བསྒྱུར།

 4-1.jpg4-2.jpg

     དེ་ཡང་སྐུ་བརྙན་དང་། གསུང་རབ། མཆོད་རྟེན་བཅས་གང་ཞིག་བཞེངས་ཀྱང་ཕྱི་ཡི་ཆ་ཚད་དང་། ནང་གི་གཟུངས་འཇུག་བརྡ་དག མཐར་ཕྱིན་རབ་གནས་བཅས་གོ་རིམ་རྣམ་པ་གསུམ་ངེས་པར་དུ་འགྲོ་དགོས་པ་ནི་བདེ་བར་གཤེགས་པའི་རྟེན་དུ་རུང་མིན་ལ་རགས་ལས་ཀྱི་འབྲེལ་བ་གྲུབ་པ་ཞིག་ཡིན་ཏེ། མདོ་ལས། སྐུ་གཟུགས་ཆ་ཚད་མེད་པ་དང་། །གསུང་རབ་བརྡ་དག་མེད་པ་དང་། །མཆོད་རྟེན་ཐིག་རྩ་མེད་པ་རྣམས། །རྒྱུ་སོང་འབྲས་བུ་ཙམ་མ་གཏོགས། །དོན་ནི་ཡོན་ཏན་མི་མཐོང་སྟེ། །བསྟན་པ་དྲི་མས་སྦག་པ་ཡིན། །ཞེས་པའི་རྒྱུ་མཚན་ལ་བརྟེན་ནས་སྐྱོན་ཡོན་བླང་དོར་ངོ་ཤེས་དགོས་པ་ནི་གནད་དུ་ཆེའོ། །

5-1.jpg5-2.jpg

      དེ་ལྟར་གོ་རིམ་དང་པོ་གཉིས་གྲུབ་ཟིན་པའི་རྗེས་སུ་གསུམ་པ་རབ་ཏུ་གནས་པའི་ཆོ་ག་ལ་བརྩོན་དགོས་པ་གལ་ཆེ་བ་ལྟར་དེ་དོན་ཡོངས་འཛིན་སྟོན་འཁོར་རྣམས་ཀྱིས་ཕྱི་ཚེས་༢༤ ཉིན་རྟེན་གསུམ་ལ་རབ་ཏུ་གནས་པའི་སྔོན་འགྲོ་སྟ་གོན་གྱི་གྲ་སྒྲིག་གནང་བ་དང་། ཕྱི་ཚེས་༢༥ཉིན་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ཚོགས་མགོན་དུ་ཞབས་ཕེབས་ཞིང་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་དང་། བླ་མ་བསྟན་འཛིན་དབང་རྒྱལ་གཙོས་དགེ་བཤེས་དང་བླ་གྲྭ་རྣམས་ཀྱིས་དབང་ལྡན་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་མངའ་དབུལ་རབ་གནས་ཀྱི་མཛད་སྒོ་བསྐྱངས། ཕྱི་ཚེས་༢༦དང་༢༧བཅས་ཉིན་གཉིས་རིང་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་དེར་འདུས་བོན་ཞུ་བ་མི་མང་བཞི་བརྒྱ་ལྷག་ལ་རྫོགས་ཆེན་མེ་ལོང་བདུན་པའི་བཀའ་ལུང་དང་སྔོན་འགྲོའི་བཀའ་ཁྲིད་བཀའ་དྲིན་བསྐྱངས་པ་དང་། དེ་རྗེས་དགོང་མོ་བསུར་ཆེན་བཏང་ནས་མགྲོན་བཞི་མཆོད་པས་མཉེས་པར་མཛད་ཅིང་བསྔོ་སྨོན་མཚམས་སྦྱོར་གནང་ནས་ཡུལ་འདིའི་འདས་མ་ད་གསུམ་གྱི་ཤི་གསོན་ཕོ་མོ་རྣམས་ཀྱིས་གཙོས་འགྲོ་བ་རིས་དྲུག་གི་སེམས་ཅན་རྣམས་ལ་དམིགས་མེད་ཡེ་ཤེས་ཆེན་པོས་བརྩེ་གཟིགས་གནང་། དེ་མཚུངས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་དང་བླ་མ་བསྟན་འཛིན་དབང་རྒྱལ་རིན་པོ་རྣམ་གཉིས་ནས་ཀྱང་དེར་འདུས་བོན་ཞུ་བ་རྣམས་ལ་བོན་ཁྲིད་བཀའ་དྲིན་ཆེ་སྐྱོང་གནང་ནས་སྐབས་འདིའི་རབ་གནས་ཀྱི་མཛད་སྒོ་དང་བཀའ་ཁྲིད་གཉིས་ཁ་དགེ་བཀྲ་ཤིས་ངང་ལེགས་གྲུབ་བྱུང་བ་དང་། སླར་འདི་ཟླའི་ཕྱི་ཚེས་༢༩ཉིན་ཡོངས་འཛིན་སྟོན་འཁོར་ལྷན་གཤེན་བསྟན་དར་རྒྱས་གླིང་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

6-1.jpg6-2.jpg 

                                  མཇུག་ཏུ་སྨོན་པ།

གང་གི་གསང་གསུམ་འཕྲིན་ལས་ཉག་མ་རེ། །  འགྲོ་ཀུན་ཞི་བདེའི་སྲོག་ཏུ་ཞུགས་པས་ན། །
བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་ཀྱང་། །ཁྱེད་སྐུ་མི་ཤིག་གུར་དུ་བསྲུང་གྱུར་ཅིག །

དགེ་བཤེས་བསྟན་འཛིན་སྦྱིན་པ་ནས་ཕྱི་ལོའི་༢༠༡༣ཟླ་༡༠ཚེས་༣༠ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།