རབ་འབྱམས་པའི་ཡོན་གནས་དམ་བཅའ་འཇོག་པ།
[ཟླ་ཚེས། 2013-10-26 09:41:36][རྩོམ་པ་པོ། སྨོན་རྒྱལ་རང་གྲོལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་འབྲིང་རམས་རབ་འབྱམས་པའི་ཡོན་གནས་དམ་བཅའ་འཇོག་པ།
ཧི་མ་ལ་ཡའི་རི་འདབས་སྟེགས་ནས་གཡུང་དྲུང་བོན་བསྟན་འོད་མདངས་སྤྲོས།།
མདོ་དབུས་ཁམས་གསུམ་གདན་སའི་དབུས་ནས་གཡུང་དྲུང་བོན་བསྟན་དར་ཆེན་སྒྲོན།།
འཆད་རྩོད་རྩོམས་པའི་སློབ་གླིང་དཀྱིལ་ནས་གཡུང་དྲུང་བོན་བསྟན་སྙིང་ནོར་བླངས།།
དུས་རབས་ཞིག་གི་དྲང་སྲོང་ཁྱེད་ཉིད་གཡུང་དྲུང་བོན་གྱི་བསྟན་འཛིན་དངོས།།
དཔང་བཞུགས་དགེ་རྒན་རྣམ་པ།
བདག་ཅག་གི་སྟོན་པ་གཤེན་རབ་ཀུན་ལས་རྣམ་པར་རྒྱལ་བ་ཡང་དག་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཆེ་སྐུ་སྐྱེ་བ་མི་རུ་བཞེས་ནས། འབྱུང་ལོ་༣༠༡དང་མི་ལོ་༡༨༠༣༠ཐམས་པ་བོད་ཆུ་མོ་སྦྲུལ་ལོའི་སྤྱི་ཟླ་༡༠ཚེས་༡༨ཉིན་བོད་ལྗོངས་དང་སི་ཁྲོན་སོགས་ཕྱོགས་ཁག་ནས་ཕེབས་པའི་གཡུང་དྲུང་བོན་གྱི་འབྲིང་རམས་རབ་འབྱམས་པའི་ཡོན་གནས་དམ་བཅའ་འཇོག་པ་སྟེ། སློབ་མ་ཉེར་བཞིའི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་བཀོད་སྒྲིགས་ལྟར་རྒྱལ་ས་པེ་ཅིང་ནས་གཡུང་དྲུང་བོན་གྱི་རྒྱུགས་རའི་ནང་དུ་ཐེངས་དང་པོའི་རབ་འབྱམས་པའི་འཛིན་གྲྭ་དང་སྐབས་བཞི་པའི་སློབ་མ་རྣམས་ཀྱི་གཞུང་ཆེན་བཞི་སྟེ། ཚད་མ། དབུ་མ། ཕར་ཕྱིན། མཛོད་ཀྱི་དམ་བཅའ་དང་། དེ་བཞིན་དཔྱད་རྩོམ་ཡིག་རྒྱུགས་ཕུལ་བ་དང་བསྒྲགས་ཉིན་ལྔའི་རིང་མདོ་སྨད་སྣང་ཞིག་དགོན་ཆེན་ནས་མཐར་ཕྱིན་སློབ་མ་དང་དགེ་བའི་བཤེས་གཉེན་རིག་ལུང་བ་ཉི་ཤུ་དང་བོད་ལྗོངས་ནག་ཆུ་ཀླུ་ཕུག་དགོན་ནས་རིག་ལུང་བ་གསུམ་དང་བོད་ལྗོངས་ཆབ་མདོ་རྩེ་དྲུག་དགོན་ནས་རིག་ལུང་བ་གཉིས་བཅས་གདན་དྲངས་ཏེ། སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་གི་དཔོན་སློབ་ཟུར་བ་དགེ་བཤེས་ལུང་རྟོགས་དང་། རྩེ་དྲུག་ཤེལ་དྲག་དྲི་མེད་གླིང་གི་དཔོན་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན། སྐབས་བཞི་པའི་འཛིན་གྲྭའི་པང་ཀྲུའུ་རིན་དགེ་བཤེས་བསྟན་འཛིན་འགྱུར་མེད་བཅས་ཀྱི་དཔང་པོ་མཛད་སྟེ། པེ་ཅིན་དགོན་སེར་ནུབ་མ་ཚོམ་ཆེན་ཉི་འོད་འཁྱིལ་བའི་ནང་དུ་རབ་འབྱམས་པའི་ཡོན་གནས་ཀྱི་དམ་བཅའ་ཆེན་མོ་དངོས་སུ་བཞགས་པ་རེད།
སྤྱི་ཚེས་༢༥ཉིན་མཐར་ཕྱིན་སློབ་མ་རྣམས་ལ་བཀྲ་ཤིས་པའི་རྟེན་འབྲེལ་གྱི་མཛད་སྒོ་ཟབ་རྒྱས་སྤེལ་བ་དང་། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་། གླིང་གཞོན་ནག་གཙང་བྱམས་པ་ངག་དབང་། ཀྲུང་དབྱངས་འཐབ་ཕྱོགས་གཅིག་གྱུར་པུའུ་དབུ་ཁྲིད་སྲི་ཐར་པུའུ་ཀྲང་། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུད་བཅས་འབྲེལ་ཡོད་ཀྱི་དབུ་ཁྲིད་ཁག་ནས་རྟེན་འབྲེལ་གྱི་ཤིས་ཚིག་བསྒྲོགས་པ་བཅས་བཀྲ་ཤིས་རྟེན་འབྲེལ་གྱི་མཛད་སྒོའི་གཙོ་སྐྱོང་གནང་ཏེ་རབ་འབྱམས་པའི་སློབ་མ་རྣམས་ལ་མཐར་ཕྱིན་ཡོན་གནས་ཀྱི་དཔང་ཡིག་སྤྲད་པའོ།།
བསྟན་པའི་མདོ་འཛིན་སྐྱེས་ཆེན་གང་བཞུགས་རྣམས།།
བསྟན་པའི་མཛད་འཕྲིན་བོན་བསྟན་དར་སྤེལ་ནས།།
བསྟན་པའི་ཡང་སྙིང་དགོངས་དོན་རྟགས་འཆར་ཏེ།།
བསྟན་པ་དར་ཞིང་རྒྱས་པའི་སྨོན་པར་གྱེར།།
༢༠༡༣།༡༠།༢༦ཉིན།།