ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་ཆེན་མོ།
[ཟླ་ཚེས། 2013-10-17 14:27:42][རྩོམ་པ་པོ། ཡོན་ཏན་རྒྱལ་མཚན་སོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ཕྱི་ལོ་༢༠༡༣ཟླ་༡༠བོད་ཟླ་བརྒྱད་པ་ཕྱི་མའི་ནང་དུ་བོན་གཞིས་ཐོབ་རྒྱལ་གསར་པའི་སྔགས་དགོན་གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་དུ་ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་རྒྱས་འབུལ་ཞུས་ཡོད་པའི་གནས་བསྡུས།
སྤྱིར་ཕན་བདེ་མ་ལུས་པ་འབྱུང་གནས་རྒྱལ་བསྟན་ཡུན་དུ་གནས་ཤིང་སྒོས་བསྟན་འཛིན་གྱི་སྐྱེས་ཆེན་གང་ན་སུ་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཞིང་། གསང་གསུམ་གྱི་མཛད་པའི་འཕྲིན་ལས་མཐའ་རུ་རྒྱས་པ་དང་། སྐྱབས་འོག་ཡོན་བདག་གཙོས་མ་གྱུར་ནམ་མཐས་ཁྱབ་པའི་འགྲོ་བ་ཡོངས་ལ་མི་མཐུན་འགལ་རྐྱེན་ཐམས་ཅད་ཉེ་བར་ཞི་ནས། བདེ་སྐྱིད་ཕུན་སུམ་ཚོགས་ཤིང་ཕྱི་མར་དལ་རྟེན་རིམ་བརྒྱུད་བླ་མེད་སྐུ་གསུམ་གོ་འཕང་འཐོབ་པའི་སྨོན་ལམ་ཐུགས་བསྐྱེད་ཟབ་མོས་ཉེར་དྲངས་ཏེ། སྐལ་ལྡན་དྭངས་བ་འདྲེན་པའི་ཞིང་མཆོག་བོན་གཞིས་ཐོབ་རྒྱལ་གསར་པའི་གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་དུ་བདུན་ཕྲག་གཅིག་གི་རིང་ལ་༧དཔལ་ལྡན་སྨན་རིའི་གྲྭ་ཚང་ནས་སྒྲུབ་གཤེན་བཅུ་ཕྲག་བདུན་ཙམ་གྱིས་ཉིན་བདུན་རིང་ལ་ཀུན་རིག་ལས་བཞིའི་རྒྱུན་ལྔའི་གཞུང་བསྲང་སྟེ་སྦྱིན་སྲེག་གི་མཆོད་སྦྱིན་རྒྱ་ཆེན་གསུངས་མཛད་ཡོད་པ་དང་།
དེ་ཡང་གོང་ཟླའི་བོད་ཚེས་བཅུ་གསུམ་ཉིན་༧གསང་གསུམ་བོན་གྱི་མཛོད་འཛིན་དཔོན་གསས་བླ་མ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་དབུས་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དབུ་བཞུགས་ཐོག ༧དཔལ་ལྡན་སྨན་རིའི་གྲྭ་ཚང་དང་། བོན་གཞིས་བཙུན་དགོན་གྱི་བཙུན་མ་ཡོངས་དང་། བོན་གཞིས་མང་ཚོགས་སློབ་ཕྲུག་སོགས་མི་མང་སྟོང་ཕྲག་འདུ་འཛོམས་འོག་གྲུབ་མཆོད་སྨོན་ལམ་ཆེན་མོར་འཚོགས་ཡོད་པ་དང་། སེར་སྐྱ་མི་མང་ཡོངས་ལ་འབྲས་སིལ་དང་གསོལ་ཇ་གྲྭ་མང་སྐུ་འགྱེད་བཅས་འབུལ་ཞུས་ཡོད་པ་རེད།
མཐར་ཐེངས་འདིའི་སྦྱིན་པའི་བདག་པོ་གཏོང་ཕོད་ཅན་ཤར་ཟིང་ཆུའི་པན་ཙ་འོག་མ་ཚང་འ་ཅག་མེ་ཏོག་ནང་ཚང་ཡོད་རྒུ་གཙོས་ནམ་མཁའི་མཐའ་མཉམ་གྱི་འགྲོ་བ་ཡོངས་ལ་རྣམ་དཀར་དགེ་སྟོབས་ཆེན་པོ་འདི་མཐུ་སྟོབས་ཀྱིས་ཚེ་འདི་དང་ཕྱི་མ་གཉིས་ཀྱི་ལས་དོན་ཡོངས་སུ་གྲུབ་པའི་རྒྱུར་གྱུར་ཅིག
གནས་ཚུལ་མཁོ་སྤྲོད་པ་སྔགས་དགོན་ལས་གཉེར་པ་ཡོན་ཏན་རྒྱལ་མཚན་ནས།
པར་པ་གྱེར་ནག་ཚང་བློ་གྲོས་འགྱུར་མེད།