རྒྱལ་སྤྱིའི་ཤར་ཕྱོགས་སྲོལ་རྒྱུན་གསོ་བ་རིག་པའི་ཚོགས་ཆེན་ཐེངས་བདུན་པ་ཚོགས་གྲུབ་གནང་བ།
[ཟླ་ཚེས། 2013-09-20 13:51:18][རྩོམ་པ་པོ། ཁྲི་བསོད་བསྟན་གྱིས་བསྒྲིགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
རྒྱལ་སྤྱིའི་ཤར་ཕྱོགས་སྲོལ་རྒྱུན་གསོ་བ་རིག་པའི་ཚོགས་ཆེན་ཐེངས་བདུན་པ་ICTAM in Sancheongདེ་ལྷོ་ཁོ་རཻ་ཡ་ (South Korea)རྒྱལ་སའི་ཉེ་འགྲམ་ཝ་ཀོང་གསོ་རིག་སློབ་གྲྭ་ཆེན་མོའི་(Wonkwang University)བཀོད་སྒྲིག་འོག་ཏུ། སྤྱི་ལོ་༢༠༡༣/༨/༩-༡༣སྟེ་ཉིན་ལྔ་ཡི་རིང་ལ་སྲོལ་རྒྱུན་གསོ་བ་རིག་པ་དང་འབྲེལ་བའི་སྐོར་ལ་ཞིབ་འཇུག་བགྲོ་གླེང་མཛད་ཡོད་པ་དང་ལྷག་པར་བོད་ཀྱི་གསོ་རིག་སྐོར་གྱི་ཚོགས་ཆུང་སྐབས་ལ་བོད་ཀྱི་སྲོལ་རྒྱུན་གྱི་གསོ་བ་རིག་པའི་ཁུངས་ཕུག་ནི་གསོ་རིག་འབུམ་བཞི་ཡིན་ཚུལ་སོགས་འགྲེལ་བརྗོད་གནང་འདུག
ཐེངས་འདིར་འབྲུག་འབྲས་ལྗོངས་བལ་ཡུལ་བཅས་རྒྱལ་ཁབ་སུམ་ཅུ་ཡས་མས་ནས་ཚོགས་མི་ཉིས་བརྒྱ་ལྷག་འདུས་ཡོད་ལ་བོད་ཕྱི་ནང་གང་ས་ནས་བོད་སྨན་སྐོར་ལ་ཉམས་ཞིབ་གནང་མཁན་ཚོགས་མི་བོད་པ་དྲུག་འདུག དེའི་ནང་བོན་དང་འབྲེལ་བའི་སྐོར་ལ་ཞིབ་འཇུག་གནང་མཁན་ནི་ཁྱུང་པོ་སྒང་རུ་དར་རྒྱས་དགོན་གྱི་དབུ་བླ་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་མཆོག་ནས་སྔ་རབས་བོད་ཀྱི་རུས་པ་ཆག་སྦྱོར་བྱེད་སྟངས་སྐོར་དང་། བལ་ཡུལ་དཔལ་ལྡན་༧ཁྲི་བརྟན་ནོར་བུ་རྩེའི་རྩ་གཞུང་འཛིན་པའི་སློབ་དཔོན་དགེ་བཤེས་སྨོན་ལམ་དབང་རྒྱལ་གྱིས་འབྱུང་རྩིས་ཐང་ཤིང་རྩིས་ལས་འཕྲོས་དོན་མོ་རྩིས་གཏོ་དཔྱད་བཞི་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་གྲུབ་ཚུལ་ཐོག་མར་སྟོན་སངས་རྒྱས་ཀྱིས་གཏན་ལ་ཕབས་ནས་ཞང་བོད་ཀྱི་ཁམས་ཐོག་མར་གསུང་ཚུལ་སྐོར་དང་། དེ་བཞིན་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་ཐོན་སྨན་པ་ཉི་མ་ལགས་ཀྱིས་ཁྲག་དང་མེ་བཙའི་སྐོར་གསུང་བཤད་གནང་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་མོ།།