རྩེ་དྲུག་དགོན་དུ་སྐབས་བདུན་པའི་ཚད་མའི་རིག་སྒྲ་ཆེན་མོ་འཚོགས་པ།
[ཟླ་ཚེས། 2013-08-19 20:15:39][རྩོམ་པ་པོ། དགེ་བཤེས་ཤེས་རབ་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༧ཞང་ཞུང་སྒོ་པའི་འདུས་སྡེ་ཁྱུང་པོ་རི་བོ་རྩེ་དྲུག་གླིང་གི་སྐབས་བདུན་པའི་ཚད་མའི་རིག་སྒྲ་ཆེན་མོའི་མཚམས་སྦྱོར་མདོར་བསྡུས།
དེ་ཡང་སྤྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༨ པའི་ཚེས་ ༤ དང་བོད་ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་གདན་ཞུས་ལྟར་སྣང་ཞིག་དང་ཀོ་དགོན་སྟེང་ཆེན་དགོན་མཐོང་གྲོལ་རི་ཁྲོད་སོགས་ནས་ཕེབས་པའི་གྲྭ་བཙུན་བརྒྱ་དང་སུམ་ཅུ་ཡས་མས་དགོན་འདིར་དངོས་སུ་འབྱོར། སྤྱི་ཟླ་ ༨ པའི་ཚེས་ ༥ དང་བོད་ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་ཚད་མའི་རིག་སྒྲ་ཆེན་མོ་དངོས་སུ་དབུ་ཚུགས་ཏེ་ཉིན་བཅུ་བཞིའི་རིང་འཚོགས་ཤིང་། དེ་ཡང་སྔ་དྲོ་ཆུ་ཚོད་དགུ་པ་ནས་བཅུ་པའི་བར་འདིར་ཕེབས་པའི་དགོན་སྡེ་ཁག་གི་རིག་པ་སྨྲ་བ་རྣམས་ཆབས་ཅིག་ཏུ་འཆད་རར་རྩོད་སྦྱོང་གནང་། ཆུ་ཚོད་བཅུ་པ་ནས་བཅུ་གཅིག་བར་རྗེ་རིན་པོ་ཆེའི་ཚད་མའི་ལེའུ་གསུམ་པའི་ནང་ནས་རྩེ་དྲུག་༧དཔོན་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན་དང་༧དགེ་བཤེས་ཡོན་ཏན་ཕུན་ཚོགས་སོགས་ཀྱིས་དཔེ་ཁྲིད་གནང་། ཆུ་ཚོད་བཅུ་གཅིག་ནས་བཅུ་གཉིས་བར་ཡང་འཆད་རར་རྩོད་སྦྱོང་གནང་། ཕྱི་དྲོ་ཆུ་ཚོད་ལྔ་པ་ནས་བདུན་པའི་བར་དམ་བཅའ་འཚོགས་ཤིང་། དེ་ཡང་དགོན་ཁག་སོ་སོ་ནས་ཕེབས་པའི་རིག་པ་སྨྲ་བ་རྣམས་དང་། འདིར་བཞུགས་རིག་སྨྲ་བ་བཅས་བསྡོམས་པའི་རིག་སྨྲ་བ་ཉིས་བརྒྱ་སུམ་ཅུ་ཡས་མས་ཡོད་པ་དག འཇིག་མེད་ཐོས་བསམ་གླིང་དང་། ཐོག་མེད་ལུང་རིག་གླིང་ཞེས་གླིང་གཉིས་སུ་ཕྱེས་ནས་འཇིག་མེད་ཐོས་བསམ་གླིང་ཚང་ཆུ་ཚོད་གཅིག་ལ་དམ་བཅའ་བཞུགས་སྐབས། ཐོག་མེད་ལུང་རིག་གླིང་ཚང་གིས་རྩོད་པ་གནང་ཞིང་། ཐོག་མེད་ལུང་རིག་གླིང་ཚང་ཆུ་ཚོད་གཅིག་ལ་དམ་བཅའ་བཞུགས་སྐབས། འཇིག་མེད་ཐོས་བསམ་གླིང་ཚང་གིས་རྩོད་པ་གནང་སྟེ། དུས་ཚོད་ཟིན་པ་དང་བསྟན་རྒྱས་སྨོན་ལམ་གསུང་སྟེ་ཚོགས་གྲོལ། སྤྱི་ཟླ་ ༨ པའི་ཚེས་ ༡༦ དང་ ༡༧ བོད་ཟླ་བདུན་པའི་ཚེས་བཅུ་དང་བཅུ་གཅིག་གཉིས་ལ་ཐུག་ཆེན་དམ་བཅའ་འཚོགས་ཤིང་། སྔ་དྲོ་རྩོད་པ་དང་དཔེ་ཁྲིད་སོགས་གོང་ལྟར་ལ། ཕྱི་དྲོ་ཆུ་ཚོད་ལྔ་པ་ནས་དྲུག་པ་ཕྱེད་ཀའི་བར་ཡིན་ལ། ཉིན་དང་པོར་འཇིག་མེད་ཐོས་བསམ་གླིང་ཚང་དམ་བཅའ་བཞུགས་པ་དང་། ཉིན་གཉིས་པར་ཐོག་མེད་ལུང་རིག་གླིང་ཚང་དམ་བཅའ་བཞུགས་ཤིང་། གླིང་གཉིས་པོར་ཕན་ཚུན་རྩོད་པ་གནང་བའི་མཇུག་མཐར། བཀའ་དྲིན་བླ་ན་མ་འཆིས་པའི་རབས་འབྱམས་དགེ་བའི་བཤེས་གཉེན་ཆེན་མོ་༧ཡོན་ཏན་ཕུན་ཚོགས་དང་། ༧བློ་གྲོས་རབ་གསལ་རྣམ་པ་གཉིས་ནས་གླིང་གཉིས་པོས་རིག་ལམ་འགྲན་བསྡུར་གྱི་རྩོད་པ་གནང་བར་དཔང་པོ་མཛད་དེ། དམ་བཅའ་བའི་ཁྱབ་ལོག་གི་ཟིན་ཐོ་དགེ་བཤེས་ཡོན་ཏན་ཕུན་ཚོགས་མཆོག་གིས་གསལ་བསྒྲག་གནང་མཐར་ཚད་མའི་རིག་སྒྲ་འཚོགས་པའི་དགོས་པ་དང་རྒྱུ་མཚན་སོགས་བཀའ་སློབ་གང་ཟབ་གནང་བ་དང་། མ་ཟད་ཁྱུང་པོ་རི་བོ་རྩེ་དྲུག་གླིང་གི་སྐབས་བདུན་པའི་ཚད་མའི་རིག་སྒྲ་ཆེན་མོ་འདིའི་སྐབས་སུ་ཕེབས་པའི་གྲྭ་ཚང་འདུས་པ་ཡོངས་ལ་རྩེ་དྲུག་ཤེལ་བྲག་དྲི་མེད་གླིང་གི་བླ་སྤྲུལ་འདུས་པ་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་ཆེ་ཞུ་བ་དང་། ལྷག་ཏུ་རྒྱལ་བ་སྨན་རི་བའི་ཚབ་ཞུས་ཏེ་བཀའ་དྲིན་ཆེ་ཞུ་བ་ཡིན་ཞེས་སོགས་ཀྱིས་བཀའ་སློབ་གནང་ཞིང་བསྟན་རྒྱས་སྨོན་ལམ་གསུང་སྟེ་ཚོགས་གྲོལ་མཚམས་མཛད་སྒོར་ཞུགས་པའི་དགེ་སློབ་ལྷན་རྒྱས་དྲན་རྟེན་གྱི་སྐུ་པར་སྐྱོན་པར་མཛད། ཕྱི་ཉིན་སྤྱི་ཚེས་ ༡༨ དང་བོད་ཚེས་བཅུ་གཉིས་ཉིན་མཛད་སྒོ་འདིར་དངོས་སུ་ཕེབས་ཏེ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་ལུང་རིག་ཚད་མའི་ལམ་ནས་སྲི་ཞུ་གང་ནུས་སྒྲུབ་པའི་སྐུ་ངལ་འོ་རྒྱལ་ཚད་མེད་གནང་བར་སྙིང་ནས་ཡིད་རངས་དང་བཅས་ཐུགས་ཚེག་ངལ་གསོའི་ཚུལ་དུ་དགའ་སྤྲོ་བཏང་རག་གི་མཆོད་སྤྲིན་ཕུལ་བ་བཅས་སོ།།