སོག་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གྲོས་ཚོགས་ཐེངས་༡༣པ་འཚོགས་པ།

[ཟླ་ཚེས། 2013-07-29 21:16:17][རྩོམ་པ་པོ། ཁྲི་བསོད་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

       རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་ཐེངས་བཅུ་གསུམ་པ་དེ་སོག་པོའི་རྒྱལ་ས་ཨུ་ལཱན་བྷ་ཏར་(Ulaanbaatar Mongolia)དུ་སོག་པོ་སྤྱི་ཚོགས་ཚན་རིག་ཁང་(The Mongolian Academy of Sciences)གི་བཀོད་སྒྲིག་ལྟར་སོག་པོའི་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་(NUM University of Cambridge)ཚོམས་ཆེན་ཁང་དུ་སྤྱི་ལོ་༢༠༡༣ཟླ་༧ཚེས་༢༡ཉིན་ནས་དངོས་སུ་འཚོགས་འགོ་ཚུགས།

1-1.JPG1-2.JPG

      ཐེངས་འདིར་རྒྱལ་ཁབ་༣༦ནས་ཕེབས་པའི་བོད་རིག་པའི་ཞིབ་འཇུག་པའམ་གདན་ཞུའི་ཚོགས་བཅར་བ་དང་ཟུར་ཉན་པ་བཅས་ཁྱོན་མི་གྲངས་༨༠༠ཙམ་མཉམ་ཞུགས་གནང་འདུག ཚོགས་ཆེན་སྐབས་སུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་སྟེ་དབྱིན་ཇི་རྒྱལ་ཁབ་ཀྱི་ཨོ་ཁི་སི་ཧྥོར་རྡི་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆར་ལེ་སི་རམ་རྦལ་(Charles Ramble)གཡུང་དྲུང་ཚེ་དབང་ལགས་ཀྱིས་བཀྲ་ཤིས་བདེ་ལེགས་ཀྱི་སྨོན་འདུན་དང་བཅས་ངོ་སྤྲོད་གནང་བ་ལྟར་ན། ཐེངས་འདིའི་ཚོགས་འདུར་ཐོག་མ་སྙན་ཞུ་འབུལ་མཁན་༧༣༠ཙམ་བྱུང་ཡོད་པ་ལས། ཞིབ་འཇུག་ཆེད་རྩོམ་༦༤༠ཙམ་ལེགས་འདེམས་ཀྱིས་གདན་ཞུ་གནང་ཡོད་ཀྱང་རྐྱེན་དབང་དུ་མས་མང་པོ་ཞིག་ཕེབས་ཐུབ་མི་འདུག་ཟེར། ཁོང་གིས་ཆོས་ལུགས་དང་། ལོ་རྒྱུས། གནའ་རབས་ཀྱི་བོད། མི་རིགས་རིག་པ། གསོ་བ་རིག་པ། སྐད་བརྡ་རིག་པ་དང་བཅས་པའི་བརྗོད་བྱ་གཙོ་བོར་བྱས་པའི་ཚན་ཆུང་༦༣ཙམ་བཙུགས་ནས་དབྱེ་ཡོད་པར་མ་ཟད། དེའི་ནང་ལྷག་པར་སོག་པོ་དང་འབྲེལ་བའི་སོག་པོའི་ཆོས་ལུགས་ཀྱི་ལོ་རྒྱུས་དང་། བོད་སོག་བར་གྱི་འབྲེལ་བ། སོག་པོའི་ལྷ་ཆོས་ཀྱི་སྒྱུ་རྩལ་སོགས་ཚན་ཆུང་ཁ་ཤས་ཁ་བསྣོན་བྱས་ཡོད་གསུངས།

2-1.JPG2-2.JPG

       ཚོགས་འདུ་དབུ་འཛུགས་ཐོག་སོག་པོའི་ཚན་རིན་ཞིབ་འཇུག་ལྟེ་གནས་ཀྱི་དབུ་འཛིན་(Ekhtushin)ལགས་དང་སོག་པོའི་གཙུག་ལག་སློབ་གྲྭ་ཆེན་མོའི་དབུ་འཛིན་(A.GAL.TBAYAR)ལགས། སོག་པོའི་ནང་བའི་ལྟེ་གནས་ཀྱི་ཚོགས་གཙོ་བཀའ་བཅུ་པ་རྒྱ་མཚོ་མཆོག་བཅས་ནས་བོད་སོག་བར་གྱི་འབྲེལ་བ་དང་ནང་ཆོས་རིག་གཞུང་སོག་ཡུལ་དུ་དར་ཚུལ། ཐེངས་འདིར་སོག་ཡུལ་དུ་རྒྱལ་སྤྱིའི་བོད་ཀྱི་ཞིབ་འཇུག་པའི་ཉམས་མྱོང་དང་གོ་རྟོགས་སྤེལ་རེས་ཀྱི་གར་སྟེགས་ཞིག་བསྐྲུན་པ་ནི་ཤིན་ཏུ་ལེགས་ཚུལ་སོགས་གསུང་བཤད་གལ་ཆེན་གནང་། ལྷག་དོན་རྒྱལ་སྤྱིའི་བོད་ཀྱི་གཞོན་ནུ་བོད་རིག་པའི་གྲོས་ཚོགས་ཀྱི་ཚོགས་གཙོ་གྷུ་རུང་སྐལ་བཟང་ནོར་བུ་ལགས་ནས་རྒྱལ་སྤྱིའི་གཞོན་ནུ་བོད་རིག་པའི་གྲོས་ཚོགས་ཟེར་བའི་ཚོགས་པ་ངོ་སྤྲོད་དང་དམིགས་འདུན། ཁ་ཕྱོགས་དང་ཚོགས་མིའི་ཆ་རྐྱེན། ལས་དོན་གྱི་གྲུབ་འབྲས་དང་མ་འོངས་པའི་འཆར་གཞི་སོགས་གཏམ་བཤད་སྤེལ་བ་དང་། རྒྱལ་སྤྱིའི་གཞོན་ནུ་བོད་རིག་པའི་གྲོས་ཚོགས་ཚོགས་འདུ་ཐེངས་བཞི་པ་དེ་འཇར་མན་(German)གྱི་གྲོང་ཁྱེར་(Leipzig)ནང་ཚོགས་རྒྱུ་ཡིན་པའི་གནས་ཚུལ་བཅས་ཁྱབ་བསྒྲགས་གནང་སོང་།

3-1.JPG6-3.jpg 

       སྤྱི་ཚེས་ཉེར་གཉིས་ཉིན་གྱི་ཆུ་ཚོད་དགུ་བ་ནས་བཟུང་སྟེ་ཚོགས་ཆུང་སོ་སོ་བཀོད་སྒྲིག་ལྟར་བྱེ་བྲག་ཏུ་བགར་ནས་ཚོགས། གསུང་བཤད་རྣམས་ཀྱི་བརྗོད་བྱ་གཙོ་བོ་སྔར་ལྟར་བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས། བསྟན་བཅོས་སོགས་ལས་མ་འདས་པ་དེ་རེད། ཡིན་ན་ཡང་། རྒྱལ་ཁབ་སོ་སོའི་རིག་གནས་ཀྱི་རྒྱབ་ལྗོངས་དང་སློབ་གསོའི་ལམ་ལུགས་མི་འདྲ་བས། ཚང་མས་བརྗོད་བྱ་བོད་རིག་པའི་ཞིབ་འཇུག་སྐོར་ཡིན་རུང་ཁོ་ཚོས་ཞིབ་འཇུག་བྱས་པའི་ཐབས་ལམ་དང་རྨང་གཞིའི་ལྟ་སྟངས་ལ་ཁྱད་པར་ཆེན་པོ་ཡོད་པའི་རྐྱེན་གྱིས་ཞིབ་འཇུག་གི་འབྲས་བུ་ལ་ཡང་ཁྱད་པར་ཆེན་ཡོད་པ་མངོན་གསལ་རེད། དེའི་སྐོར་གྱི་བསམ་བློ་བརྗེ་རེས་ནི་རིག་གཞུང་གི་བརྗེ་རེས་གལ་ཆེན་པོ་ཞིག་ཡིན་པར་མཐོང་།

4-1.JPG4-2.JPG

       ཐེངས་འདིར་བོན་ཕྱོགས་ནས་ཆེད་ཕེབས་ཀྱིས་བོན་པོ་ཚན་ཆུང་དང་ཚན་ཆུང་གཞན་དུ་ཞུགས་མཁན་ནི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཆེད་མཁས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་སྟོང་སྐོར་ཚེ་རིང་ཐར་ལགས་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཤར་བ་ཐོགས་མེད། བོད་ལྗོངས་ཆབ་མདོ་སྒང་རུ་དར་རྒྱས་དགོན་གྱི་མཁན་པོ་དབྲ་ཁྱུང་སྐལ་བཟང་ནོར་བུ། བལ་ཡུལ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགེ་བཤེས་སྤུ་རྒྱལ་པ་ཉི་མ་རྒྱལ་མཚན་དང་རྩ་གཞུང་འཛིན་པའི་སློབ་དཔོན་དགེ་བཤེས་སྨོན་ལམ་དབང་རྒྱལ། ཡོ་རོབ་གླིང་ནས་༼བོན་སྒོ༽གཙོ་སྒྲིག་པ་དགེ་བཤེས་ཆོས་འཁོར་ཚང་ཉི་མ་འོད་ཟེར་དང་། རྒྱལ་སྤྱིའི་བོད་ཀྱི་གཞོན་ནུ་བོད་རིག་པའི་གྲོས་ཚོགས་ཀྱི་ཚོགས་གཙོ་གྷུ་རུང་སྐལ་བཟང་ནོར་བུ། དཔལ་གཤེན་བསྟན་སྨན་རིའི་གླིང་ནས་དགེ་བཤེས་བྲག་མགོ་ཚེ་དབང་རྒྱལ་མཚན་དང་སོག་པོ་བཟོད་པ་རྒྱ་མཚོ། ཨ་ཀྲོང་རིན་ཆེན་རྒྱལ་མཚན། ༼གཡུང་དྲུང་བོན༽དྲ་རྒྱའི་གཙོ་སྒྲུབ་པ་ཁྲི་གཡུང་དྲུང་། ཝར་ཎ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་གི་ཤ་བོ་རྟ་མགྲིན། ༼ཧི་མ་ལ་ཡའི་བོན༽དྲ་རྒྱའི་གཙོ་སྒྲུབ་པ་ཁྲི་བསོད་བསྟན་སོགས་ཚོགས་བཅར་གནང་ཡོད་པ་དང་གཞན་བོན་པོའི་སྐོར་ལ་ཉམས་ཞིབ་གནང་མཁན་གྱི་ཞིབ་འཇུག་པ་མང་དུ་མཆིས་ཀྱང་སོ་སོ་ནས་དཔྱད་རྩོམ་སྒྲོག་སྦྱོང་དང་ལྟ་ཚུལ་འདོན་སྤྲོད་གནང་ཡོད།

5-1.JPG5-2.JPG 

       སྤྱི་ཚེས་༢༦ཉིན་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གྲོས་ཚོགས་ཀྱི་ཚོགས་གཙོ་བདམས་ཐོན་གྱིས་ཁ་ཎ་ཊའི་རྦི་རིས་ཀྲེས་ཞིས་ཀོ་ལིམ་ཕིག་ཡ་གཙུག་ལག་སློབ་ཆེན་གྱི་(University of British Columbia)བོད་རིག་པའི་དགེ་རྒན་ཆེན་མོ་ཚེ་རིང་ཤཱཀྱ་ལགས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་རུ་བདམས་ཐོན་བྱུང་བ་དང་ཚོགས་གཙོ་ཟུར་བ་ཆར་ལེ་སི་རམ་རྦལ་(Charles Ramble)གཡུང་དྲུང་ཚེ་དབང་ལགས་སྟེ་ཚོགས་གཙོ་གསར་རྙིང་གཉིས་ནས་ཕན་ཚུན་བཀྲ་ཤིས་རྟེན་འབྲེལ་གྱི་དར་ཁ་བསྒྲོན་པ་དང་ཚེས་༢༧ཉིན་གྱི་དགོང་མོར་ཚོགས་མི་ཚང་མ་ལྷན་འཛོམས་ཀྱིས་བཀྲ་ཤིས་དགྱེས་སྟོན་ཞིག་དང་ལྷན་ཡོངས་སུ་མཇུག་རྫོགས།

7-1.jpg7-2.jpg

       སྤྱི་ཚེས་༢༨ཉིན་དཔལ་གཤེན་བསྟན་སྨན་རིའི་གླིང་ན་སློབ་གཉེར་དུ་བཞུགས་པའི་སོག་པོ་བཟོད་པ་རྒྱ་མཚོ་ལགས་ནས་སོག་ཡུལ་གྱི་རྒྱལ་ས་ཨུ་ལཱན་བྷ་ཏར་(Ulaanbaatar Mongolia)ནས་སྤྱི་ལེ་བཞི་བཅུ་ཙམ་གྱི་མཚམས་སུ་གནས་པའི་མངའ་སྡེ་(TOV AIMAG)ཞེས་པར་དགོན་ས་ཉོས་ཏེ་བོན་པོའི་དགོན་པ་ཞིག་གསར་བཞེངས་ཀྱི་ལས་སུ་བགྱི་བས། ཐེངས་འདིར་ཚོགས་བཞུགས་གནང་མཁན་གྱི་བོན་པོའི་སྐྱ་སེར་ཚོགས་བཅར་བ་རྣམས་རླབས་ཆེན་གྱི་མཛད་འཕྲིན་དེར་ཡི་རངས་ཀྱི་སྒོ་ནས་གནས་དེར་ཕེབས་ཏེ་དགེ་བཤེས་གྲྭ་བ་རྣམས་ཀྱིས་མཉམ་མེད་བླ་སྒྲུབ་ཀྱི་ཆོ་གའི་གཞུང་ཚོགས་ཀྱི་མཆོད་སྤྲིན་རྒྱས་འབུལ་ཞུས་ཏེ། སྤྱིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་དར་ཞིང་རྒྱས་པ་དང་སྒོས་སུ་བསྟན་པའི་ལས་དོན་ལ་ཐུགས་འཁུར་ཆེ་བཞེས་གནང་མཁན་སོག་པོ་བཟོད་པ་རྒྱ་མཚོ་མཆོག་གི་མཛད་འཕྲིན་མཐའ་དག་གེགས་མེད་ངང་ལྷུན་གྱིས་འགྲུབ་པ་དང་སྐུ་ཚེ་རྒྱལ་མཚན་བརྟན་པའི་སྐྱབས་ཞུ་ཞུས་པ་བཅས་ཀྱི་གནས་བསྡུས་མཚམས་སྦྱོར་ཙམ་མོ།།

8-1.jpg8-2.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།