གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་རྒྱ་ཡིག་བསྒྱུར་འཆར་འགོ་འཛུགས་ཚོགས་འདུ།

[ཟླ་ཚེས། 2013-07-25 21:59:01][རྩོམ་པ་པོ། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

IMG_2199.JPG

    ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་སྤྱི་ཚོགས་དར་སྤེལ་ཞིབས་འཇུག་ལྟེ་གནས་གནའ་བོའི་ཞང་ཞུང་རིག་གནས་ཀྱི་ཕུག་འཚོལ་བ་རྒྱལ་བའི་བཀའ་རིན་པོ་ཆེ་རྒྱ་ཡིག་ཐོག་ཕབ་བསྒྱུར་གྱི་གྲོས་ཚོགས་ཐེངས་དང་པོ་རྩེ་དྲུག་སྤྲུལ་སྐུ་བསྟན་འཛིན་འོད་ཟེར་རིན་པོ་ཆེས་གཙོ་སྐྱོང་གནང་ནས་རྒྱལ་ས་པེ་ཅིན་དུ། 2013-7-20ནས་21བར་ཉིན་གཉིས་རིང་ཆེད་ལས་ཀྱི་མཁས་དབང་དུ་མ་གདན་ཞུ་གནང་སྟེ་གྲོས་བསྡུར་དང་བགྲོ་གླེང་གནང་བའི་གནས་ཚུལ་ཀྲུང་དབྱང་བརྙན་འཕྲིན་ཨང་གཉིས་པ་ནང་སྔ་གྲོ་ཆུ་ཚོད་༧ནས་༨པའི་བར་རྒྱུད་བསྒྲག་བྱེད་འཆར་ཡོད་པས་དུས་ཐོག་ཏུ་གཟིགས་གནང་བར་ཞུ།
 

IMG_2203.JPG

ཚོགས་ཞུགས་གནང་མཁན།
1:རྩེ་དྲུག་དགོན་པའི་བསྟན་བདག་སྤྲུལ་སྐུ་བསྟན་འཛིན་འོད་ཟེར།
2:པེ་ཅིན་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ཀྲོའུ་ཡེ་ཀླན།
3:པེ་ཅིན་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་མཁས་དབང་ཚེ་རིང་ཐར།
4:ཟི་ཁྲོན་དགའ་མལ་དགོན་ཆེན་གྱི་མཁན་པོ་བླ་མ་ཚེ་རིང་།
5:བོད་ལྗོངས་ནང་བསྟན་སློབ་གླིང་གི་དགེ་རྒན་ཀུན་གསལ་སྙིང་པོ།
6:ཧི་མ་ལ་ཡའི་བོན་གཙོ་སྒྲུབ་པ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།
7:རྩེ་དྲུག་གྲྭ་ཚང་མཁན་པོ་སྐལ་བཟང་བསྟན་འཛིན།
8:ཁྱུང་པོ་སྒང་རུ་དགོན་པའི་བླ་མ་དགེ་བཤེས་སྐལ་བཟང་ནོར་བུ།
9:བོད་ལྗོངས་ནང་བསྟན་སློབ་གླིང་གི་དགེ་རྒན་དགེ་བཤེས་སྐལ་བཟང་ཚུལ་ཁྲིམས།
10:བོད་ལྗོངས་ནང་བསྟན་སློབ་གླིང་གི་མཐོ་རིམ་སློབ་ཐོན་པ་རྩེ་དྲུག་དགེ་བཤེས་བརྩོན་འགྲུས་ཚུལ་ཁྲིམས།
11:ཧི་མ་ལ་ཡའི་བོན་གཙོ་སྒྲུབ་པ་ཁྲི་བསོད་བསྟན།
12:ཧི་མ་ལ་ཡའི་བོན་གཙོ་སྒྲུབ་པ་རིན་སྤུངས་ཚུལ་བསྟན།
12:ཟི་ཁྲོན་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་ཆེ་ཚེ་བརྟན་སྐྱབས།
13:ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དབུ་འཛིན་ཨ་སྔགས་ཚེ་རིང་བཀྲ་ཤིས།
14:ཟི་ཁྲོན་རྔ་བ་ཁུལ་སློབ་གསོ་ཞིབ་འཇུག་ཁང་གི་པད་མ་བཀྲ་ཤིས།
15:མཚོ་སྔོན་རེབ་གོང་སྔགས་འཆང་རྒན་ཚེ་སྒྲུབ་རྒྱལ།
16:ཟི་ཁྲོན་རྔ་བ་ཁུལ་དགེ་ཐོན་ཆེད་ལས་སློབ་གྲྭའི་དགེ་ཆེ་ཚེ་བརྟན།
17:ཟི་ཁྲོན་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་ཆེ་མཆོག་ལྡན་ཐར།
18:མུ་ཁྲི་བཙན་པོ་ལོ་དེབ་རྩོམ་སྒྲིག་པ་ཨ་དཔལ་བཟང་།
19:རྒྱ་རིགས་བསམ་གཏན་དར་རྒྱས།
20:རྒྱ་རིགས་ཚེ་དབང་དཔལ་མོ།
21:རྒྱ་རིགས་ཡེ་ཤེས་དཀར་མོ།
22:རྒྱ་རིགས་རྒྱལ་པོ་བསམ་འགྲུབ།
23:རྒྱ་རིགས་པད་མ་གཡང་འཛོམས་སོགས་ཚོགས་ཞུགས་གནང་ཡོད་པ་རེད།

IMG_2201.JPG

   གནའ་བོའི་ཞང་ཞུང་རིག་གནས་ཀྱི་ཕུགས་འཚོལ་བ་ཞེས་པ། ཞང་ཞུང་ནི་ཆེས་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཞིག་ཡིན་པ་མ་ཟད་འཛམ་གླིང་གི་མཐོ་སྒང་དུ་གནས་པའི་བོད་མི་རིགས་ཀྱི་ཆོས་ལུགས་དད་མོས་དང་། ཤེས་རིག་ཡི་གེ གསོ་རིག་ལོ་རྒྱུས། ཚན་རིག་སྒྱུ་སྩལ་སོགས་བོད་མི་རིགས་ཀྱི་རིག་གནས་བྱུང་ཁུངས་སུ་གྱུར་པ་མ་ཚད་འཛམ་གླིང་གི་རིག་གནས་ཀྱི་ཡང་བཅུད་དུ་གྱུར་ཡོད། འདས་པའི་ལོ་རྒྱུས་ལ་ཕྱི་མིག་ཞིག་བལྟས་ན་གནའ་རབས་ནས་ད་བར་ཞང་ཞུང་གི་ཤེས་རིག་ལོ་རྒྱུས་ལ་འགོག་རྐྱེན་དང་གོད་ཆགས་སྣ་ཚོགས་བྱུང་ནས་འཛམ་གླིང་ཐོག་ཞང་ཞུང་གི་ཤེས་རིག་ལོ་རྒྱུས་དར་ཁྱབ་དང་ཆ་རྒྱུས་དེ་ཙམ་བྱུང་ཐུབ་མེད།
དེས་ན་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་སྤྱི་ཚོགས་དར་སྤེལ་ཞིབ་འཇུག་ལྟེ་གནས་ཀྱིས་གལ་པོ་ཆེ་ལ་ནན་ཏན་དུ་འཛིན་ཏེ་སྤྱིར་འགྲོ་བ་མི་ཡི་རིགས་ཀྱི་རིག་གནས་ལོ་རྒྱུས་ལ་མཐོང་ཆེན་དང་། ཁྱད་པར་དུ་གནའ་བོའི་ཞང་ཞུང་རིག་གནས་ཀྱི་ཕུགས་འཚོལ་བ་དང་དར་སྤེལ་གཏོང་བར་ཆེས་རྒྱབ་སྐྱོར་ཤུགས་ཆེན་གནང་སྟེ། ༢༠༡༢ལོའི་ཟླ་བ་༡༢པའི་ཚེས་༩ ཉིན་གལ་ཆེའི་གཙོ་གནད་དཔྱད་གཞི་ཞིབ་འཇུག་ལས་དོན།<གནའ་བོའི་ཞང་ཞུང་རིག་གནས་ཀྱི་ཕུགས་འཚོལ་བ>ཞེས་པ་གཏན་འབེབས་གནང་བ་བརྒྱུད་རྩེ་དྲུག་དགོན་པའི་བསྟན་བདག་སྤྲུལ་སྐུ་བསྟན་འཛིན་འོད་ཟེར་རིན་པོ་ཆེས་གཙོ་འགན་གནང་ཐོག་ད་ལན་སྔོན་འགྲོའི་ཚུལ་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་རྒྱ་ཡིག་ཏུ་ཕབ་བསྒྱུར་གནང་རྒྱུའི་ལས་རིམ་གྱི་འགོ་འཛུགས་ཚོགས་འདུ་དེ་པེ་ཅིན་དུ་དངོས་སུ་བསྐང་ཚོགས་བྱས།

IMG_2206.JPG

ལོ་རྒྱུས་ཐོག་བོན་གྱི་བཀའ་འགྱུར་དེ་དང་ཐོག་ཞང་ཞུང་སྨར་གྱི་སྐད་ལས་སྤུ་རྒྱལ་བོད་ཀྱི་སྐད་དུ་བསྒྱུར་བའི་ལོ་རྒྱུས་ཙམ་ལས་བོད་སྐད་ནས་མི་རིགས་གཞན་གྱི་སྐད་ཡིག་དུ་བསྒྱུར་བའི་ལོ་རྒྱུས་ཀྱི་ལེའུ་གསར་པའམ་ཞང་ཞུང་རིག་པའི་འོད་སྣང་དེ་འཛམ་གླིང་དུ་འཕྲོ་བའི་སྐྱ་རེངས་གསར་པའི་ཕོ་ཉ་ཞིག་ཏུ་གྱུར་ཡོད། ལས་དོན་འདི་ཆེས་དོན་སྙིང་ལྡན་པའི་རླབས་ཆེན་གྱི་ལས་ཀ་ཞིག་ཡིན་ལ། དེ་བས་ཀྱང་ཆེས་དཀའ་ངལ་དང་རྙོག་འཛིང་ལྡན་པའི་ལས་དོན་ཞིག་ཀྱང་རེད་སྙམ། དེ་རིང་གི་ལས་དོན་འདི་འཛམ་གླིང་དུ་བསྒྲགས་པའི་ཉིན་མོ་ནས་བཟུང་མཐར་ལེགས་གྲུབ་མ་བྱུང་གི་བར་དུ་སྐབས་དོན་འགན་འཛིན་རྣམ་པ་དཀའ་ཁྲི་ཁྱད་བསད་བཅས་ཀྱི་སྒོ་ནས་རྩ་བའི་དམིགས་འབེན་ལ་ལུང་རིགས་ཀྱི་མདའ་མོ་བསྣུན་པའི་སྐབས་ལ་བབས།

2.jpg

  ད་ལན་ཚོགས་ཐེངས་འདི་ཡི་གྲོས་གཞི་ལ། ༡༽ བསྒྱུར་གཞིའི་མ་དཔེ་གཙོ་བོ་དང་སྡེ་ཚན་གོ་རིམ་སོགས་ཇི་ལྟར་བྱ་སྟེ་བསྒྱུར་རྒྱུའི་སྐོར། ༢༽ བརྡ་རྙིང་དང་ལོ་ཚིགས་ས་གནས་སོགས་ཇི་ལྟར་གཏན་འབེབས་བྱ་རྒྱུའི་སྐོར་སོགས་བརྗོད་དོན་བཞི་འཁོད་པ་དེ་དག་ལ་གདན་ཞུ་བྱས་པའི་མཁས་དབང་རྣམས་ཀྱི་སྐབས་དོན་གྲོས་མོལ་ལེགས་པར་གནང་ལ། ད་ལན་སྔོན་འགྲོའི་ཚུལ་དུ་ཚོད་ལྟ་དང་ཉམས་མྱོང་བསགས་ཆེད་ཐོག་མར་བྱིན་རླབས་དང་རྟེན་འབྲེལ་གྱི་གནད་ལ་བརྟེན། བཀའ་པོད་དང་པོ་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་དང་། གཉིས་པ་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས། གསུམ་པ་མདོ་འདུས། བཞི་པ་རྣམ་རྒྱལ་གཟུངས་ཆེན། ལྔ་པ་གཙུག་ལག་དཔལ་འབུམ་དཀར་པོ། དྲུག་པ་ཀུན་འབུམ་ཁྲ་བོ་བཅས་པོད་དྲུག་ཐོག་མར་ལས་འགོ་བརྩམས་རྒྱུ་དང་། དེ་ཡང་དང་ཐོག་དེ་སྔོན་བོན་གྱི་བཀའ་འགྱུར་ཁ་འཐོར་དང་ཆ་ཚང་ཅི་རིགས་ཞིག་དཔར་བསྐྲུན་ཟིན་ཡོད་ཀྱང་ད་བར་དཔེ་ཆ་དེ་དག་དཔེ་བསྡུར་དང་དག་བཤེར་ཞུ་དག་སོགས་གང་ཡང་བྱུང་མེད་སྟབས། ལས་དོན་འདི་དང་སྐབས་བསྟུན་སྨོན་རྒྱལ་ལྷ་སྲས་ཀྱིས་དཔར་བསྐྲུན་གནང་བའི་བཀའ་འགྱུར་དེ་གཞི་བཞག་ནས། དེ་མིན་འཛམ་གླིང་ཡུལ་གྲུ་ཁག་ཏུ་བཞུགས་པའི་ཁ་འཐོར་རིགས་དང་། ལྷག་ཏུ་མདོ་དབུས་ཁམས་གསུམ་དུ་ཉར་ཚགས་བྱས་པའི་དཔེ་ཆ་ཁག་རྣམས་གཡར་ཏེ་དཔེ་བསྡུར་ཞུ་དག་ལེགས་པར་བྱས་པའི་དག་དཔེ་དེ་རྒྱ་ཡིག་བསྒྱུར་རྒྱུའི་མ་དཔེ་བྱ་རྒྱུ་ཐག་བཅད་བྱས།

IMG_2207.JPG

ལས་ཀའི་དུས་ཡུན་ནི་ཐོག་མར་ལོ་ཉི་ཤུ་ཙམ་དང་དེ་ནས་མུ་མཐུད་རྒྱུན་འཁྱོངས་གནང་རྒྱུ་བྱས། དཔེ་བསྡུར་དང་རྩ་འཛིན་གྱི་རྒྱུན་ལས་དབུ་འཛིན་བསྟན་འཛིན་འོད་ཟེར་རིན་པོ་ཆེ་གཙོས་རྩེ་དྲུག་དགོན་དང་དེ་ནས་སྤྱིར་བསྟན་ལ་ལྷག་བསམ་དང་ཤ་ཞེན། ཁྱད་པར་དུ་ལས་དོན་འདི་ཐོག་ལ་ཐུགས་བསམ་དཀར་བའི་ཁོང་གི་སློབ་མ་ཚོ་གཅིག་དང་། དེ་ནས་ཁོང་གིས་རེ་འདུན་དང་བསྐོ་བཞག་གནང་བ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་དང་། རྩེ་དྲུག་དགོན་པའི་གྲྭ་ཚང་མཁན་པོ་སྐལ་བཟང་བསྟན་འཛིན། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དབུ་འཛིན་ཨ་སྔགས་ཚེ་རིང་བཀྲ་ཤིས། ཟི་ཁྲོན་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་ཆེ་ཚེ་བརྟན་སྐྱབས། མཚོ་སྔོན་རེེ་ཀོན་སྔགས་འཆང་རྒན་ཚེ་སྒྲུབ་རྒྱལ་བཅས་ལ་རེ་འདུན་གྱི་བཀོད་པ་མཛད་ལ། གཞན་ཡང་མུ་མཐུད་ནས་ཕྱོགས་ཕན་དུ་བཞུགས་པའི་རྒྱ་བོད་ཡིག་རིགས་གཉིས་ལྡན་མཁས་དབང་རྣམས་གདན་ཞུ་དང་ལོ་ཆུང་རིགས་གཅིག་གསོ་སྐྱོང་བྱ་རྒྱུའི་མོས་མཐུན་བྱུང་བའི་གནས་ཚུལ་བཅས་སོ།།

ཀྲུང་དབྱང་བརྙན་འཕྲིན་གྱི་འཕྲིན་ལམ་གཉིས་པར་བསྟན་པའི་གསར་འགྱུར། http://tv.cntv.cn/video/C10375/e4f42b9ca8cf4b89a81138483fb8f872

ཀྲུང་དབྱང་བརྙན་འཕྲིན་གྱི་འཕྲིན་ལས་བཞི་བར་བསྟན་པའི་གསར་འགྱུར། http://tv.cntv.cn/video/C10336/b82e101d9edf47d7869d171c2601323b

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།