ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ་རྩོམ་སྒྲིག་འགོ་འཛུགས་ཚོགས་འདུ།

[ཟླ་ཚེས། 2013-07-17 00:07:08][རྩོམ་པ་པོ། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1.jpg
ཚོགས་འདུའི་སྐབས་ཨུ་ཡོན་ཀྲང་རག་སྡིས་དང་། ཀྲུང་དབྱང་ཐོན་ཀྲང་པུའུ་དང་། བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་དབུ་ཁྲིད། བོད་ལྗོངས་ཐོན་ཀྲང་པུའུ་བཅས་ཀྱི་འགོ་ཁྲིད་རྣམས་ཀྱི་གཏམ་བཤད་སྤེལ་བ།
2.jpg
དབུ་ཁྲིད་རྣམ་པ་དང་ཚོགས་ཞུགས་ལྷན་རྒྱས།
3.jpg
ཚོགས་ཞུགས་ཡོངས་ཀྱིས་བོད་ཡིག་རིག་མཛོད་ཆེན་མོའི་སྦྱར་བྱང་ལ་སོ་སོའི་མཚན་རྟགས་བཀོད་བཞིན་པ།
4.jpg
མཚན་རྟགས་བཀོད་ཚར་བ།
6.jpg
མཚན་རྟགས་བཀོད་ཟིན་པའི་མཚན་བྱང་།
7.jpg
གཡས་ནས་རིམ་བཞིན་རྩིས་པའི་བོན་གྱི་ཞིབ་འཇུག་པ་མཁས་དབང་ཚེ་རིང་ཐར། དེ་འོག་ཀན་སུའུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་་ཞིབ་འཇུག་པ་ཆ་རིས་སྐལ་བཟང་ཐོག་མེད། དེ་འོག་བོད་ལྗོངས་ནང་བསྟན་སློབ་གླིང་གི་དགེ་རྒན་ཀུན་གསལ་སྙིང་པོ། དེ་འོག་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ལྷག་པ་ཕུན་ཚོགས། དེ་འོག་བོན་གྱི་ཆེད་ལས་ཞིབ་འཇུག་པ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། དེ་འོག་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཐེངས་འདིའི་བོད་ཡིག་རིག་མཛོད་ཆེན་མོའི་ལས་འཛིན་ཁང་གི་ཀྲུའུ་རིན་གཞོན་པ་བསམ་གཏན་ཚེ་རིང་། དེ་འོག་བོན་གྱི་ཆེད་ལས་ཞིབ་འཇུག་པ་དང་ཀན་སུའུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མཁས་དབང་ངག་དབང་རྒྱ་མཚོ་བཅས།
8.jpg
གོང་གསལ་མཁན་འཁོད་ཅན་རྣམས་ཕུད་ཟི་ཁྲོན་དཔལ་ཡུལ་དགོན་པའི་བླ་མ་དང་། པེ་ཅིང་ནང་བསྟན་མཐོ་སློབ་དུ་བཞུགས་པའི་ཇོ་ནང་བླ་མ་བཅས།

   ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ་རྩོམ་སྒྲིག་གི་འཆར་གཞི་འདི་ཐོག་མར་༢༠༡༡ལོར་རྒྱལ་ཁབ་རིམ་པའི་རྣམ་གྲངས་ལྔ་ཚན་ཉེར་ལྔའི་ནང་ལ་གལ་ཆེའི་རིག་གནས་ཚན་ཁག་ཏུ་ཆོག་མཆན་ཐོབ་ནས་ཀྲུང་དབྱང་ཐོན་ཀྲང་པུའུ་ཡིས་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ལ་ལས་འགན་སྤྲད་པ་ཙམ་ལས་དངོས་སུ་ལག་བསྟར་གནང་རྒྱུའི་ལས་འགན་དང་འགྲོ་གྲོན་སོགས་གཏན་ཁེལ་མ་ཐུབ་ནས་ལོ་ངོ་གཉིས་ཙམ་འགོར་ཡུན་བྱུང་། འདི་ལོར་ལས་དོན་དེ་པེ་ཅིང་དུ་ཡོད་པའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་དངོས་སུ་ལག་ལེན་བྱ་རྒྱུ་འགོ་ཚུགས་ཏེ་ཉེ་སྔོན་སྤྱི་ཟླ་དྲུག་པའི་ནང་སྔོན་འགྲོའི་ཚོགས་འདུ་ཞིག་བསྡུ་བསྐང་བྱས་ཏེ་ད་ལན་དངོས་གཞིའི་ཚོགས་འདུའི་གྲོས་གཞི་རོབ་ཙམ་གཏན་འབེབས་བཟོས་ནས། འདི་ཟླའི་ཚེས་༡༡ནས་༡༤བར་ཉིན་བཞི་ཙམ་རིང་པེ་ཅིང་དུ་འཚོགས་ཞིང་། ཚོགས་ཕེབས་ཀྱི་དབུ་ཁྲིད་གཙོ་བོ་སྐབས་བཅུ་པའི་རྒྱལ་ཡོངས་མི་དམངས་མཐུས་ཚོགས་རྒྱུན་ལས་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་དང་། ཀྲུང་དབྱང་ཐོན་ཀྲང་པུའུ་དང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་དབུ་ཁྲིད་རྣམ་པ། བོད་ལྗོངས་ཐོན་ཀྲང་པུའུ་སོགས་ཀྱི་དབུ་ཁྲིད་རྣམས་དང་། གཞན་ཡང་པེ་ཅིང་དུ་ཡོད་པའི་བོད་རིག་པའི་ཚན་ཁག་དང་། དེ་བཞིན་བོད་ལྗོངས། མཚོ་སྔོན། ཟི་ཁྲོན། ཀན་སུའུ། ཡུན་ནན་སོགས་ནས་ཕེབས་པའི་བོད་རིག་པའི་མཁས་དབང་གྲགས་ཅན་བརྒྱ་ཕྲག་ལས་ཉེ་བ་ཞིག་གིས་སྤྱིར་བོད་རིག་པ་ནི་ཆེས་གཞི་རྒྱ་ཆེ་ཞིང་། ནང་དོན་ཕུན་སུམ་འཚོགས་པའི་སྲོལ་རྒྱུན་གྱི་རིག་གནས་རླབས་པོ་ཆེ་ཞིག་ཡིན་པས་ཐོག་མར་རྨང་གཞི་བཏིང་བ་དང་། འགོ་འཛུགས་སྐབས་སྤྱི་ཁོག་གཞི་རྒྱ་ཆེ་རྒྱུ་དང་། སྐབས་བབ་བོད་ཡིག་རིག་མཛོད་ཆེན་མོ་འདི་བོད་མི་རིགས་ཀྱི་དཔལ་ཡོན་གྱི་བླ་སྲོག་ལྟ་བུ་གྱུར་བས་འདི་གལ་པོ་ཆེ་ལ་ནན་ཏན་དུ་འཛིན་ཏེ་རྩོམ་སྒྲིག་བྱེད་ཕྱོགས་དང་། རིགས་དང་དབྱེ་བ་དགར་སྟངས་བཅས་ཀྱི་སྐོར་ལ་གྲོས་བསྡུར་ཞིབ་རྒྱས་གནང་སོང་། རྩ་བའི་བོད་ཡིག་རིག་མཛོད་ཆེན་མོའི་གྲོས་གཞིའི་རིགས་ཚན་དབྱེ་ཚུལ་ལ། སྒྲ་རིག་པ། བཟོ་རིག་པ། གསོ་བ་རིག་པ། མཚན་ཉིད་རིག་པ། རྩོམ་རིག མངོན་བརྗོད་རིག་པ། སྡེབ་སྦྱོར་རིག་པ། ཟློས་གར་རིག་པ། གསུང་འབུམ་སྐོར། ལོ་རྒྱུས་རིག་པ། རྣམ་ཐར་སྐོར། ཡུལ་ཁམས་གནས་ཡིག ཁྲིམས་ལུགས་སྐོར། བརྡ་དག་རིག་པ། བོན་པོའི་གནའ་དཔེ་སྐོར། སྒྱུ་སྩལ་རིག་པ། དམངས་སྲོལ་རིག་པ། ཕྱོགས་བསྒྲིགས་སྐོར། དཀར་ཆག་སྐོར། ཆབ་སྲིད་སྐོར། དཔལ་འབྱོར་རིག་པ། དམག་དོན་སྐོར། སློབ་གསོའི་སྐོར། ཆོས་ལུགས་སྐོར། སེམས་ཅན་རིག་པ། ཞིང་ཕྱུགས་དང་ཆུ་བེད་ལས་རིགས་བཅས་རིགས་ཚན་ཉེར་བདུན་ཙམ་ཞིག་འཁོད་ཡོད་ཀྱང་། ད་ལན་ཚོགས་འདུའི་སྐབས་མཁས་དབང་རྣམ་པས་བགྲོ་གླེང་སྐབས་གཙོ་བོ་སྲོལ་རྒྱུན་གྱི་རིག་གནས་ཆེ་ཁག་ལྔ་པོ་གཞིར་དགོས་ཚུལ་དང་། རིགས་ཚན་ཁ་ཤས་དབྱེ་བ་མང་པོར་མི་དགོས་པ་དཔེར་ན་རིག་གནས་ཆུང་ཁག་ལྔ་སྒྲ་རིག་ཁོངས་སུ་འདུ་ཚུལ་དང་། རིགས་ཚན་ཁ་ཤས་ཆད་པ་དཔེར་ན་ནང་དོན་རིག་པ་དང་གེ་སར་རིག་པ་གཏེར་ཆོས་སྐོར་སོགས་མེད་ཚུལ། མང་བས་གསུང་འབུམ་གཙོ་བོར་འཛིན་ན་ལེགས་ཚུལ་གྱི་བགྲོ་གླེང་དང་། རྗེས་སུ་དམིགས་བསལ་ཆེད་ལས་མཁས་པའི་ཚན་ཁག་ཞིག་འཛུགས་ཏེ་རིགས་ཚན་དབྱེ་སྟངས་སོགས་གཏན་འབེབ་ཐུབ་ན་ལེགས་ཚུལ་གྱི་གྲོས་བསྡུར་གནང་སྐབས་ཇི་སྐད་དུ། མཁས་རྣམས་མི་མཐུན་བདེན་དོན་ཀུན་ལ་ཡོད་ཅེས་པའི་དོན་དང་མཚུངས་སོ། ལས་དོན་འདི་ཆེས་གལ་ཆེའི་དོན་སྙིང་དང་ལོ་རྒྱུས་ཀྱི་ལེའུ་གསར་པ་ལྟ་བུ་ཞིག་གྱུར་ཡོད་ལ། འཆར་འགོད་ལྟར་ན《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ》ལས་དོན་གྱི་རྨང་གཞི་ནི་རྒྱལ་ཁབ་རིམ་པའི་རྣམ་གྲངས་དང་ཐེངས་འདིའི་རྩོམ་སྒྲིག་སོགས་ཀྱི་དུས་ཡུན་ནི་ལོ་བཅོ་ལྔ་ཙམ་བེད་སྤྱད་དེ་གནའ་བོའི་ཡིག་རྙིང་དང་། བོད་བཙན་པོའི་དུས་སྐབས་ནས་བོད་ལྗོངས་ཞི་བས་བཅིང་འགྲོལ་མ་བཏང་སྔོན་གྱི་བོད་ཡིག་གི་ཡིག་ཚགས་དང་བསྟན་བཅོས་དག་པར་བསྐྲུན་བྱ་རྒྱུ་དང་། དཔེ་དེབ་སྟོང་ཕྲག་ཡན་བསྡུ་རུབ་དང་ཕྱོགས་བསྒྲིག་གནང་རྒྱུའི་འཆར་གཞི་ཡིན་པའི་གནས་ཚུལ་བཅས་སོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།