༧བོན་བརྒྱ་རིན་པོ་ཆེ་མཆོག་ལ་ཞབས་བརྟན་སྒྲུབ་པའི་སྐོར།
[ཟླ་ཚེས། 2013-06-27 19:50:33][རྩོམ་པ་པོ། ཁྲི་བསོད་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
འཆི་མེད་སྟོན་མཆོག་དྲན་པ་རྗེ།། གསང་བ་འདུས་པ་ཚེ་དབང་ཞལ།། འཚེ་མེད་དཔལ་སྟེར་ཚེ་དཔག་མེད།། རྣམ་གསུམ་དབྱེར་མེད་བྱིན་ཕོབས་ཅིག།
༄༅།། སྙིགས་དུས་ཀྱི་བསྟན་འགྲོའི་དེད་དཔོན་ཆེན་པོ་འགྲོ་བ་ལྷ་དང་བཅས་པའི་བསོད་ནམས་ཀྱི་ཞིང་མཆོག་ཏུ་གྱུར་བའི་ཡིད་བཞིན་གྱི་ནོར་བུ་གཅིག་པུ། ཕན་བདེ་ཀུན་གྱི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོངས་སྤེལ་བའི་བདག་ཉིད། བདག་ཅག་གི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟར་གྱུར་བའི་བཀའ་དྲིན་བཞི་རྫོགས་ཀྱི་བླ་མ་རིན་པོ་ཆེ། རྗེ་གྲུབ་ཐོབ་ཚེ་དབང་དངོས་བྱོན༧མཁས་དང་གྲུབ་པའི་གཙུག་རྒྱན་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ་བཟང་པོ་མཆོག་གིས་གཤེན་བསྟན་སྤྱི་དང་ཁྱད་པར་དུ་མདོ་སྨད་བྱང་བརྒྱུད་དུ་མདོ་སྔགས་ཀྱི་བོན་བསྟན་རྒྱ་ཆེར་སྤེལ་ནས་བུ་སློབ་ནམ་མཁའི་སྐར་ཚོགས་ལྟར་གསོ་སྐྱོང་གནང་ཞིང་དགོན་སྡེ་ཉི་ཤུ་ལྷག་བཞེངས་བསྐྲུན་མཛད་དེ་རྩོད་ལྡན་འགྲོ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་པའི་སྐུ་དྲིན་གཞལ་མཐའ་ཡས་པས་ན།
རང་དགོན་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་འདུས་པ་སྤྱི་ནས། སྤྱིར་ཕན་བདེ་འབྱུང་གནས་ཀྱི་གཞི་མ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་བོན་བསྟན་འཛིན་པའི་རིས་མེད་སྐྱེས་མཆོག་དམ་པ་གང་ན་སུ་བཞུགས་རྣམས་ཀྱི་སྐུ་ཚེ་ལ་བགེགས་དང་བར་ཆད་ཞི་ཞིང་ཐུགས་ཀྱི་བཞེད་དགོངས་འབད་མེད་ལྷུན་འགྲུབ་ཡོང་བའི་ཕྱིར་དང་། བྱེ་བྲག་ཏུ་ཡངས་པའི་ཡུལ་གྲུ་ཀུན་ཏུ་ས་ཆུ་མེ་རླུང་གི་འབྱུང་བཞིའི་འཇིགས་པ་བྲལ་ཞིང་ནད་མུག་འཁྲུག་རྩོད་ཀྱི་བསྐལ་ངན་ཡོངས་སུ་ཞི་ནས་སྐྱེ་འགྲོ་མཐའ་དག་ཞི་བདེའི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པའི་སྨོན་པ་རྒྱ་ཆེར་དང་། སྒོས་སུ་༧སྐྱབས་རྗེ་མཚུངས་ཟླ་བྲལ་ཞིང་བཀའ་དྲིན་གཞལ་མཐའ་བྲལ་བ་བདག་ཅག་གི་དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ་བོན་བརྒྱ་དགེ་ལེགས་ལྷུན་འགྲུབ་རྒྱ་མཚོ་མཆོག་གི་སྐུ་ཚེ་རྒྱལ་མཚན་བསྐལ་བའི་མཐའ་རུ་གནས་ཤིང་བསྟན་འགྲོའི་འཕྲིན་ལས་རྒྱུན་ཆད་མེད་པར་རྩོལ་མེད་ཤུགས་འབྱུང་གིས་ལེགས་པར་འགྲུབ་པའི་ཞབས་བརྟན་དུ།
སྤྱི་ལོ་༢༠༡༣ལོའི་ཟླ་༥ཚེས༡༣ནས་༡༥བར་སྟེ་ཉིན་གསུམ་གྱི་རིང་ལ་རང་དགོན་འདུས་གྲྭ་ལྷན་རྒྱས་ནས་ཡི་དམ་ཀུན་འདུས་ཀྱི་གཞུང་བསྲིང་སྟེ་སྲུང་ཟློག་ཚད་ལྡན་གྱི་ལས་མཐའ་སྒྲུབ་པ་དང་། ཚེས་༡༦ནས་༡༨བར་བླ་ཆེན་པོ་དྲན་པ་ནམ་མཁའི་ཡང་སྙིང་དབང་གསུམ་གྱི་སྒྲུབས་ཐབས་ཆོ་གའི་གཞུང་ཚོགས་ཀྱི་མཆོད་སྤྲིན་རྒྱས་འབུལ་ཞུས། རྗེས་སུ་རང་དགོན་སྤྱི་དང་རོང་འབྲོག་དད་ལྡན་ལྷ་སྡེ་མང་ཚོགས་རྣམས་ཀྱིས་འབྲེལ་བཞག་ཞལ་འདེབས་དམངས་སྒོར་ཁྲི་ཕྲག་གསུམ་ལྷག་གིས་ཉ་མོ་ཁྲི་འབུམ་མང་པོ་ཚེ་ཐར་དང་སྲོག་བབླུ་བྱས་ཏེ་གཡུ་ཡི་ཞུན་ཐིགས་ལྟར་འཁྱིལ་བའི་མཚོ་ཆེན་ཁྲི་གཤོག་རྒྱལ་མོ་རུ་སྲོག་འབུལ་ཞུས་ཡོད།
དེ་ལྟར་ཚེ་ཐར་བྱས་ན་ནི་མདོ་ལས། སྲོག་གཅོད་གོང་ན་སྡིག་གཞན་མེད།། ཅེས་པ་ལྟར། མ་ཧཱ་པཎྚི་ཏ་དབྲ་སྟོན་ངག་དབང་བསྐལ་བཟང་བསྟན་པའི་རྒྱལ་མཚན་མཆོག་གི་ཞལ་སྔ་ནས། སྲོག་གཅོད་ལས་ལྷག་པའི་སྡིག་པ་མེད་པས་ན། སྲོག་མི་གཅོད་པར་ཚེ་ཐར་དུ་བཅུག་ན། དེ་ལས་ལྷག་པའི་དགེ་བའང་གཞན་མེད་ལ། ཁྱད་པར་རང་ལ་དབང་བའི་སྒོ་ཕྱུགས་རིགས་ཚེ་ཐར་དུ་བཞག་ན་ཚེ་གེགས་སེལ་བ་དང་། ཕྱི་མར་ཚེ་རིང་བར་འགྱུར་བ་སོགས་ཕན་ཡོན་མཐའ་ཡས་པ་ཡིན། ཞེས་གསུངས་པ་བཞིན་གྱི་མཐུ་ལ་བརྟེན་ནས་སྤྱིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་དར་ཞིང་རྒྱས་པ་དང་། སྒོས་སུ་འཇིག་རྟེན་གྱི་ཁམས་འདི་ལ་ས་གཡོ་ཆུ་འཁྲུགས་ཀྱི་ཆོ་འཕྲུལ་རང་སར་ཞི་ནས་སྐྱེ་འགྲོ་ཀུན་ལ་བདེ་སྐྱིད་ལྡན་པ། ལྷག་པར་བཀའ་དྲིན་སུམ་ལྡན་གྱི་རྩ་བླ་རིན་པོ་ཆེ་བོན་བརྒྱ་དགེ་ལེགས་ལྷུན་འགྲུབ་རྒྱ་མཚོ་མཆོག་གི་སྐུ་ཚེ་ཞབས་པད་ཡུན་ནས་ཡུན་ཏུ་བརྟན་པའི་སྐྱབས་ཞུ་མཛད་བཞིན་པ་བཅས་ཀྱི་གནས་བསྡུས་མཚམས་སྦྱོར་ཙམ་མོ།།