ཁམས་ཕྱོགས་འཇང་དགུན་ཆོས་ཐེངས་ལྔ་བ་སི་ཁྲོན་རྟའུ་རུ་འཚོགས་པ།

[ཟླ་ཚེས། 2013-06-20 22:27:43][རྩོམ་པ་པོ། གདོང་བཙུན་རྒྱ་ཐར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1.jpg

   ནང་བའི་ཆོས་གྲུབ་ཁག་རིས་མེད་ཡིན་པའི་འཇང་དགུན་ཆོས་ཚོགས་ཐེངས་ལྔ་བ་དེ་ནི། ལོ་འདིའི་སྤྱི་ཟླ༦པའི་ཚེས༩ནས་ཚེས༡༩བར་ཏེ་ཉིན་བཅུ་གཉིས་ཀྱི་རིང་ལ་མདོ་ཁམས་རྟའུ་རྫོང་དུ་བཞུགས་པའི་རི་བོ་དགེ་ལུགས་པའི་གྲུབ་མཐའ་འཛིན་པ་ཉི་མཚོ་དགོན་ཐོས་བསམ་དར་རྒྱས་གླིང་དུ་རྒྱལ་ཁ་དང་གཟི་བརྗིད་ཀྱི་ངང་དུ་འཚོགས་ཡོད།

IMG_1975.JPGIMG_1975.JPG

      ཚོགས་ཐོག་དེར་ཕེབས་བཞུད་གནང་བའི་མི་སྣ་དག་ནི་བོད་ཡུལ་སྟོད་སྨད་བར་གསུམ་དུ་བཞུགས་པའི་དགོན་སྡེ་བརྒྱ་ཕྲག་གསུམ་ལྷག་དང་། དེ་ལས་ཀྱང་རྨད་བྱུང་རིག་ལམ་གཞུང་བརྒྱའི་གསང་མཐིལ་དོན་གྱིས་བརྟོལ་བྱེད་དེ་ངོ་མཚར་རྩོད་གྲྭའི་རིག་ལམ་ནས་ལུང་རིགས་ཀྱི་སྨྲ་ལྕེ་ལྷུག་ལྷུག་ཏུ་འགུལ་རྒྱུ་ཡོད་པའི་དགོན་སྡེ་བདུན་ཅུ་ཙམ་ནས་དུས་ལྟར་ཕེབས་པའི་མཁན་པོ་དང་། དགེ་བཤེས། སློབ་གཉེར་བ་སོགས་མདོར་ན་བོད་རང་གི་ཤེས་རིག་དང་། ལྷག་པར་དུ་རྒྱ་ཞང་བོད་གསུམ་གྱི་རིག་པའི་གཞུང་ཆེན་ཁག་ལ་ལྟ་བའི་འདྲེན་བྱེད་ཀྱི་དྭངས་མ་གཅིག་པུ་སྟེ། རིག་པའི་གནས་ཆེན་ལྔའི་ཡ་གྱལ་ཚད་མ་རིག་པའི་ཉམས་གུད་དང་། ཚད་མ་རིག་པའི་འདས་མ་ད་གསུམ་ལ་བསམ་གཞིག་གི་དབུགས་རྒྱུན་ལྷོད་མ་མྱོང་བའི་གྲྭ་རྐྱང་གི་ཁྱུ་ཚོགས་ཤིག་སྟེ། ནམ་རྒྱུན་དགོན་པ་ན་བཞུགས་ཤིང་དགོན་པའི་རིག་གནས་སམ་བོད་ཀྱི་རིག་གནས་ཀྱི་ཚེ་སྲོག་ཕྲ་མོ་དེ་ཉིད་སྲུང་སྐྱོབ་དང་གཅེས་སྤྲས་བྱས་དང་བྱེད་ཀྱིན་པའི་ངུར་སྨྲིག་འཛིན་པའི་སྡེ་ཚོགས་ཁོ་ན་ཡིན་ལ། གྲུབ་མཐའི་དབང་དུ་བྱས་ན་གཡུང་དྲུང་གི་བོན་དང་། དམ་པའི་ཆོས་བརྒྱུད་འཛིན་པའི་ནང་པའི་གྲུབ་མཐའ་ཆེན་པོ་གཉིས་ཀྱི་ཁོངས་སུ་འདུས་ཤིང་། དམ་ཆོས་འཛིན་མཁན་གྱི་སྡེ་ལ་ནང་གསེས་སུ་རྙིང་མ་པ་དང་། ས་སྐྱ་པ། བཀའ་བརྒྱུད་པ། དགེ་ལུགས་པ་སོགས་སུ་དབྱེ་རུ་ཡོད་པའི་དགོན་སྡེ་མང་པོའི་མི་སྣ་ཡོད་ལ། རགས་རྩིས་བྱས་པ་ལྟར་ན་ཐེངས་འདིའི་ཆོས་ཚོགས་ཆེན་མོར་མི་གྲངས་བཞི་སྟོང་མ་ཟིན་ཙམ་ཞིག་ལ་བསླེབས་འདུག་པར་བཤད།

IMG_1979.JPG

      འདི་ནི་དགའ་འོས་པ་ཞིག་སྟེ་དེང་སང་ཕྱི་ནང་ཀུན་ཏུ་བོད་ཀྱི་ཆོས་གྲུབ་ཁག་བར་ལ་ཟུར་ཟ་དང་བརྙས་བཅོས། ཕྲག་དོག་དང་སྐུར་འདེབས། ཕ་ངན་རབས་དང་མ་སྡུག་རབས་ཀྱི་རང་མཚང་བརྟོལ་རྒྱུ་དེ་ཉིན་རེ་བཞིན་ཇེ་ཉུང་དུ་འགྲོ་བའི་སྣང་ཚུལ་འོག བསམ་བློའི་མིག་རྒྱང་རིང་ཞིང་གནས་ལུགས་མངོན་སུམ་ལ་སྒྲོ་བཏགས་ངན་བཤད་ཀྱི་ཕུ་མི་འདེབས་པའི་རླབས་ཆེན་གྱི་མི་སྣ་སྐོར་ཞིག་ལ། དུས་རབས་ཉེར་གཅིག་པ་དེ་མཐུན་སྒྲིལ་གྱི་དུས་རབས་ཤིག་ཡིན་པ་དང་། དུས་རབས་ཉེར་གཅིག་པ་འདི་དྲང་བདེན་གྱི་དུས་རབས་ཤིག་ཡིན་པ་དང་ཡིན་དགོས་པའི་འདུ་ཤེས་ལེགས་པོ་ཞིག་ཆགས་ཡོད་པའི་རྐྱེན་གྱིས། འདི་དང་འདི་འདྲའི་མཉམ་འབྲེལ་གྱི་ཁོར་ཡུག་ལེགས་པོ་རེ་བསྡུས་དང་བསྡུ་བཞིན་ཡོད་པ་ནི། དངོས་གནས་གཞུང་བཟང་ཁྲེལ་ཡོད་ཅིག་ཡིན་ཚེ་དེ་ལ་དགའ་གུས་དང་རྗེས་སུ་ཡི་རང་གི་ཐལ་མོ་ཡང་ཡང་མི་བརྡེབས་ག་ལ་སྲིད་དེ་མི་སྲིད་དོ། །

IMG_1984.JPG

      རེད་ཡ་ངའི་སྙིང་ཉེ་བའི་ཀློག་མཁན་རྣམ་པ་ལགས། ཁྱེད་ཉིད་འདི་དང་འདི་འདྲའི་བོན་དང་ཆོས་ཀྱི་དབྱེ་བཀར་མེད་ལ། ང་དང་ཁྱོད་ཅེས་རིས་སུ་མེད་པའི་ཆོས་ཚོགས་ཆེན་མོ་ལ་ཕེབས་མྱོང་ངམ། ཁྱེད་རང་འདི་དང་འདི་འདྲའི་འདྲ་མཉམ་གླེང་ཞིང་དྲང་བདེན་གཙོ་བའི་གནས་ལུགས་ཀྱི་རིག་པའི་དོ་ར་ཡངས་མོར་བསྐྱོད་ཡོད་དམ།གལ་ཏེ་མེད་ན་ད་ནས་བཟུང་ཁྱེད་ཀྱང་འདི་དང་འདི་འདྲའི་གྲས་སུ་བསམ་བློ་བརྗེ་རེས་དང་སོ་སོར་རྒྱུས་ལོན་གྱི་ཆེད་དུ་ཐེངས་གཅིག་ཕེབས་རོགས་གྱིས་དང་། འདི་ན་ཁ་རྩོད་སྣ་རྩོད་ཙམ་མ་ཡིན་པར། འདི་ན་ཕྱོགས་རིས་འཕེན་འཁྱེར་ཙམ་མ་ཡིན་པར། འདི་ན་ཁྲོན་པའི་སྦལ་བའི་གཏམ་རྒྱུད་བརྟོལ་བའི་ལེགས་བཤད་མང་དུ་ཐོས་རྒྱུ་ཡོད་ལ། འདི་ན་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་སེལ་བའི་གདམས་ངག་གི་བདུད་རྩི་ཡང་དངོས་སུ་མྱོང་རྒྱུ་ཡོད་པས།

IMG_1985.JPG

      ང་ཚོས་ད་ནས་བཟུང་མུ་ནས་མུ་མཐུད་དུ་རིས་མེད་ཅེས་པའི་ཐ་སྙད་འདི་གཙིགས་སུ་བཀུར་མཁན་ཚོ་དང་། མཉམ་འབྲེལ་ཞེས་པའི་ལག་ལེན་འདི་དངོས་སུ་བསྟར་མཁན་དག་ལ་བཀའ་དྲིན་ཆེ། ཁྱེད་ཅག་ནི་དངོས་གནས་དུས་རབས་ཤིག་གི་དཀྱོགས་མཚམས་ན་འགྲེང་བའི་མི་སྣ་གཟི་བརྗིད་ཅན་ཞིག་དང་། ཁྱེད་ཅག་ནི་ངོ་མ་ཆོས་གྲུབ་གཉིས་ཀྱི་འགལ་འདུ་ལ་གདོང་གཏད་ཐུབ་པའི་མཚན་དོན་མཚུངས་པའི་དཔའ་བོ་ཁོ་ན་སྟེ། ཁྱེད་ཅག་ནི་དོན་གྱིས་བསྟན་དང་འགྲོ་བའི་བདེ་སྐྱིད་བསུ་བའི་ཕོ་ཉ་རེད་ལ། ཆོས་ལུགས་གྲུབ་མཐར་མཐུན་ལམ་འཛུགས་པའི་དངུལ་གྱི་ཟམ་ཆེན་ནམ། གདོང་དམར་བོད་པའི་ཕན་བདེ་ཁང་བཟང་འདེགས་པའི་གསེར་གྱི་ཀ་ཆེན་དེ་རེད་ཅེས་བརྗོད་ན་འོས་ཤིང་འཚམས་འདུག་སྙམ། ཀློག་མཁན་ལགས་སྐད་ཆ་འདི་དག་ནི་ངས་ཁོ་ཚོ་ལ་བཅངས་པའི་བསླད་མེད་དྭངས་གཙང་གི་སེམས་གཏམ་རྣལ་མ་དེ་ཡིན་ལ། སེམས་གཏམ་དེ་དག་ནི་གུས་པས་ཁོང་རྣམ་པར་ཕུལ་བའི་དྲི་མེད་ལྷ་དར་ཞིག་ཀྱང་ཡིན་ནོ། །

IMG_1987.JPG

      རེད་འདི་ནས་གོང་འཕྲོས་ཀྱི་དགའ་འོས་ལ་བཤད་རིན་ལྡན་པའི་མུ་སྐྱོང་བར་བྱ་སྟེ། ད་ལན་གྱི་ཆོས་ཚོགས་ཆེན་མོ་དེར་རྩོད་པ་གཏོང་མཁན་དང་། དམ་བཅར་བཞུགས་མཁན་གྱི་དགོན་སྡེ་ཁག་ནི་ཐེངས་འདིའི་བཀོད་སྒྲིག་ཚོགས་པས་རེའུ་མིག་ཏུ་བཀོད་པ་ལྟར། དཀར་མཛེས་ཉི་དར་དགོན། སེར་ཤུལ་ཀ་བཞི་དགོན། འཇོ་མདའ་སྐྱབས་ཆེན་དགོན། བྲག་འགོ་ལྕོག་རི་དགོན། རྔ་བ་ཀིརྟི་དགོན། སེར་ཤུལ་བ་རོང་དགོན། རྟའུ་མགར་ཐང་དགོན། སྟོང་སྐོར་མཚན་ཉིད་གྲྭ་ཚང་། ལི་ཐང་དགོན་ཆེན། རྟའུ་རབ་སྣང་དགོན། བྲག་འགོ་འཇང་དགོན་པ། ཁྲི་འདུ་སྒྲུབ་རྒྱུད་དགོན། སེར་ཤུལ་འབུམ་རྙིང་དགོན། བྲག་འགོ་དགོན་ཆེན། དཀར་མཛེས་དར་རྒྱས་དགོན། དཀར་མཛེས་དགོན་ཆེན། སེར་ཤུལ་ཐེག་ཆེན་དར་རྒྱས་དགོན། ཁམས་སྟེང་འཁོར་དགོན། སེར་ཤུལ་དབོན་པོ་དགོན། དར་མདོ་ལྷ་མོ་རྩེ་དགོན། ལི་ཐང་བཞག་འགྲོ་མགོན་དགོན། དཀར་མཛེས་རྩིས་ཚང་དགོན། ནཱ་ལེནྡྲ་ཐེག་ཆེན་དར་རྒྱས་ཆོས་གླིང་། རྫ་བསམ་འགྲུབ་དགོན། སྡེ་དགེ་གླིང་རུ་དགོན་སོགས་ཡིན་འདུག་ལ། གཞན་ད་རུང་འདི་ན་མཚན་ཐོ་མ་བཀོད་པའི་ཕྱོགས་ཕེབས་དགོན་སྡེ་ཁག་གི་མི་སྣ་ཤིན་ཏུ་མང་པོ་མཆིས་སོ་སྐད།

IMG_1990.JPG

      ང་ཚོས་ངེས་པར་དུ་མཁྱེན་དགོས་པ་ཞིག་ནི། སངས་རྒྱས་ཀྱི་བསྟན་པ་ཟེར་བ་དེ་ནི་ལུང་རྟོགས་གཉིས་ཀྱིས་འཛིན་དགོས་པ་དང་། དེ་ཡང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་། བསླབ་པ་གསུམ་གྱི་ཉམས་ལེན་མེད་ན་ནི་མིང་ཙམ་ལས་དོན་ལྡན་གྱི་དགོན་པ་ཞིག་ནམ་ཡང་ཡིན་ཐབས་མེད་པར་ཐུགས་ལ་བརྣག་བཞིན་ཟས་སྐྱ་གོས་ཧྲུལ་གྱི་འཚོ་བའི་ཀློང་ནས། ཚད་ལྡན་ཚུལ་མཐུན་གྱི་འོག་ནས། སྐུ་ཚེ་ཐོས་པས་བསྐྱལ་ཞིང་བྱ་བྱེད་བོན་ལ་ཕྱོགས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ནི་དགོན་པ་གང་ཞིག་ཡིན་རུང་། ཆོས་གྲུབ་གང་ལ་གཏོགས་ཀྱང་དགོན་པ་དེའི་ཕྱིའི་ལྕགས་རི་དང་། ནང་གི་ནོར་བུ་ངོ་མ་ཡིན་པར་ཡིད་ཆེས་དང་གདེངས་འཇོག་བྱ་དགོས་རྒྱུ་ནི་དེ་ནི་ཆེས་གལ་ཆེན་ནང་གི་དོན་ཆེན་མ་རེད་དམ། དེ་བས་དེང་སང་ས་གནས་མང་པོ་ཞིག་ནས་སངས་རྒྱས་ཀྱི་བསྟན་པ་ཟེར་བ་དེ་དོན་ངོ་བོའི་གནས་ཚོད་ཀྱི་སྟེང་ནས་འཛིན་མཁན་ཡང་དག་པ་དེ་སུ་ཞིག་ཡིན་པ་དང་། སངས་རྒྱས་བསྟན་པའི་སྙིང་བོ་གང་ན་ཡོད་པ་སོགས་ཀྱི་དབྱེ་བར་ངོས་ཟིན་ཐོབ་ཅིང་གནས་ལུགས་རྙེད་དེ། ད་གཟོད་ང་ཚོའི་ཆོས་གྲུབ་བར་ལ་མཉམ་འབྲེལ་བྱ་བའི་ལམ་ཀ་འདི་བཟོས་ཤིང་། ད་གཟོད་ང་ཚོའི་མི་སྣ་མང་པོས་མཉམ་འབྲེལ་གྱི་བྱེད་ཐབས་འདི་རིགས་སྤེལ་དང་སྤེལ་བཞིན་ཡོད་པ་འདིས། དོན་དངོས་ཀྱི་ཕན་འབྲས་ནི་འདི་ནས་འདི་ནས་འདི་དང་ག་ཞེས་མཐའ་གཅིག་ཏུ་བཤད་དགོས་མེད་པར་ཕྱི་བལྟས་ནང་གསལ་ལྟ་བུ་ཡིན་ཏེ། བསམ་བློའི་གཟིགས་རྒྱང་རིང་ཞིང་གནས་ལུགས་ཀྱི་གོ་རྟོགས་མཐོ་བའི་བོད་ཀྱི་ཆོས་བྱེད་མི་སྣ་མང་པོ་ཞིག་གིས། འདི་དང་འདི་འདྲའི་རླབས་ཆེན་གྱི་བྱ་བ་མང་པོ་ཞིག་གི་བརྒྱུད་རིམ་ཁྲོད་ནས། འདས་སོང་གི་ང་ཚོའི་ཆོས་གྲུབ་བར་དུ་བྱུང་བའི་ཉོག་འཛིངས་དང་། ཆོས་ལུགས་མི་སྣས་བརྩད་པའི་ཁྲག་དྲི་དང་རྣག་དྲི་བྲོ་བའི་སྐྱོ་གར་དེ་རིགས་ནི་ནོར་འདུག་པ་དང་། ཨ་གསར་དང་གཡོ་སྒྱུས་བསླུས་པའི་སྔོན་ཆད་ཀྱི་ནོར་བ་འཆུགས་གསུམ་དེ་དག་ལ་དོན་དངོས་སུ་དཀར་འདོན་ཐེངས་གཅིག་མི་བཟོ་རང་བཟོ་ལྟ་བུ་དང་། བཅོས་བསྒྱུར་ལན་གཅིག་མི་བྱ་ཐུ་མེད་ལྟ་བུ་འབྱུང་གི་ཡོད་པ་འདིས་གསལ་བཤད་ཅི་ཞིག་བྱས་ཡོད་པ་ཟུར་བལྟས་ལེབ་མཐོང་གི་དཔེ་རུ་ངེས་སོ། །

IMG_1992.JPG

      ད་ལན་ཚོགས་ཐོག་ཏུ་བྱོན་པའི་གོང་ན་བཞུགས་པའི་བླ་མ་དང་མཁན་པོ་དགེ་བཤེས་སོགས་ཀྱི་རིགས་ཏེ་མདོར་ན་བོད་ཀྱི་ཤེས་ལྡན་མི་སྣའམ་ནུས་ལྡན་མི་སྣའི་གྲས་སུ་གཏོགས་པ། ཁང་སར་སྐྱབས་མགོན་རིན་པོ་ཆེ་དང་། རྟའུ་ཁྲི་བ་རིན་པོ་ཆེ། བླ་རུང་སྒར་གྱི་ཚུལ་ཁྲིམས་བློ་གྲོས། ཀིརྟིའི་དགེ་བཤེས་མཛོད་ཚང་བརྩོན་འགྲུས། རྒྱ་གར་འབྲས་སྤུངས་བློ་གསལ་གླིང་གི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ད་ལོར་དགུང་གྲངས་གྱ་བཞི་བཞེས་པའི་མཐུ་སྟོབས་ཚང་། གསེར་རྒྱལ་སྒོའི་སྤྲུལ་འབྲུག་གྲགས། མཁན་དགྲ་འདུལ། ཉ་འགུལ་སྤྲུལ་སྐུ་བསྟན་འཛིན། ཀུན་མཁྱེན་ཤར་རྫའི་གདན་སའི་མཁན་རིག་འཛིན་དབང་རྒྱལ། བླ་རུང་སྒར་གྱི་བསོད་དར་རྒྱས། སེར་ཤུལ་ཁྲི་བ་ཚང་། ལི་ཐང་མོ་ལའི་ལྷ་རམས་པ་སོགས་ཀྱིས་དགྱེས་ཞལ་ལྷན་འཛོམས་ཀྱི་དུས་ཚོད་བཟང་བོ་དེ་དམ་འཛིན་མཐོང་ཆེན་གྱི་སྒོ་ནས། ཐེངས་འདིའི་སྒྲིག་གཞི་གཞི་བཟུང་སྟེ། ང་ཚོས་དུས་རབས་ཉེར་གཅིག་པའི་ནང་པ་བ་ཞིག་བྱ་དགོས་ན། གཙོ་བོ་སློབ་སྦྱོང་ལ་རག་ལས་པ་དང་། ད་དུང་དགོན་སྡེ་མང་པོ་ཞིག་ལ་སྲོལ་རྒྱུན་རྙིང་ཞེན་རིགས་ཀྱི་འགོག་རྐྱེན་མང་པོར་འཕྲད་ཡོད་པ་དེ་དག་བསྒྱུར་བཅོས་གཏོང་རྒྱུའི་ཐབས་ལམ་ཕྱོགས་དང་། མཁས་དབང་དང་། ཚན་རིག་པ། ཉམས་ཞིབ་པ། རྩོམ་པ་པོ་སོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ནི་འགྲོ་བ་མི་ལ་ཧ་ཅང་དགོས་མཁོ་ཆེན་པོ་ཡིན་ཚུལ་དང་། སྐད་ཡིག་ནི་མི་རིགས་ཐམས་ཅད་ཀྱི་བླ་སྲོག་ཡིན་པས། རང་རེའི་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་བའི་ཐབས་ལམ་གྱི་ཕྱོགས་དང་། ད་ལྟའི་བར་ང་ཚོའོ་སྤྱི་ཚོགས་སུ་འཐུས་ཤོར་གྱི་རྣམ་པ་མང་པོ་བྱུང་བ་ནི། གཙོ་བོ་ས་ཁུལ་ཕྱོགས་འཐེན་དང་། གྲུབ་མཐའི་ཕྱོགས་རིས་ལས་བྱུང་བ་ཡིན་པ་ཉེ་རབས་བོད་ཀྱི་མཁས་དབང་རྣམ་པས་དངོས་འཛིན་གནང་ཡོད་ན། ཕྱིན་ཆད་སྐྱོན་འགོག་ཡོ་བསྲང་ཇི་ལྟར་བྱ་དགོས་ཚུལ་གྱི་སྐོར་དང་། དེང་སང་གི་སྤྱི་ཚོགས་སུ་གྲྭ་མིན་སེར་མིན་གྱི་མི་སྣ་མང་དག་ཅིག་གིས་རང་རེའི་སྐྱེས་བུ་དམ་པ་རྣམས་ཀྱི་མཚན་སྙན་ལ་གནོད་པའི་བྱ་ངན་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་ཇི་ལྟར་ལྟར་འགོག་དགོས་པའི་སྐོར་སོགས་དོན་ཚན་བདུན་ཙམ་ལས་གྲུབ་པའི་བརྗོད་སྙིང་ཅན་གྱི་གླེང་མོལ་དུས་ཚོད་དང་ཉིན་གྲངས་སོགས་གཏན་འཁེལ་ལྟར་གྱི་བགྲོ་གླེང་གི་གོ་སྐབས་ཡག་པོ་འདི་སོ་སོས་བེད་སྤྱད་དེ་གསུང་བཤད་རིན་ཐང་ཅན་ཉིན་རེ་རེར་གནང་ཞིང་། གསུང་བཤད་དེ་དག་གི་ཐད་ལ་འབྲེལ་ཡོད་ཚོགས་ཞུགས་མི་སྣ་སོ་སོར་དྲི་བ་འདོན་པའི་རང་དབང་ཡོད་པ་དང་། དྲི་བ་གང་ཞིག་བཏོན་པ་དེ་ལ་ཐད་ཀར་དྲིས་ལན་གནང་རྒྱུ་ཡོད་པ་སོགས་ཚང་མ་འདྲ་མཉམ་ཡིན་པ་དང་། གཅིག་གིས་གཅིག་ལ་གུས་བཀུར་བརྩི་འཇོག་གི་སྒོ་ནས་བྱ་འགུལ་སྤེལ་བར་དོན་སྙིང་ལྡན་པ་དང་། འཐུས་སྒོ་ཚང་བའི་རྣམ་པ་ཧ་ལས་པའི་ཁོར་ཡུག་བསྐྲུན་འདུག་པར་བཤད་ལ།

IMG_1994.JPG

      ལྷག་པར་དུ་ལི་ཐང་ལ་མོའི་ལྷ་རམས་པ་ཚང་གིས་མང་པོ་འདུས་པའི་དབུས་སུ་ཆེད་དམིགས་ཀྱིས་གསུང་རྒྱུར། བན་བོན་གཉིས་ཀྱི་ཆོས་གྲུབ་ནི་ང་ཚོས་ནམ་ཡང་རིས་མེད་དུ་ལྟ་དགོས་པ་དང་། བན་བོན་གཉིས་ཀྱི་བསྟན་པའི་མཐར་ཐུག་གི་འབྲས་བུ་ནི་དཔེ་དོན་གཉིས་ཆར་ནས་བཤད་ཀྱང་གཅིག་ལས་གཉིས་སུ་མེད་དེ། དཔེར་ན། རི་གཅིག་གི་རྩེ་མོར་འགྲོ་ཚེ་ལམ་ཁ་ལྔ་ཡོད་པ་དང་གཅིག་མཚུངས་ཡིན་ལ། ལམ་དེ་དག་གང་ནས་སོང་ན་མཐར་རི་རྩེར་བསླེབ་འགྲོ་བ་བཞིན། བན་བོན་ཆོས་ལུགས་ཆེན་པོ་གང་ལའང་དད་པས་ཞུགས་ན་མཐར་ཐུག་གི་འཐོབ་བྱ་གཅིག་ལས་མེད་ཚུལ་གྱི་མཁས་པའི་ཞལ་གསུང་དྲོན་མོ་གནང་བའམ་བདེན་གཏམ་དོན་གྱི་ཡིན་ལུགས་མ་གསང་དྲང་མོར་བཤད་པ་འདིས། སུ་ཞིག་གིས་འོལ་ཚོད་ཀྱིས་བྲིས་པའམ། ཕྱོགས་འཛིན་ཆགས་ཞེན་གྱིས་བཤད་པའི་ནོར་འཁྲུལ་མཁན་པོ་དག་ལ་ཡང་གོ་རྒྱུ་ཅན་གྱི་ལེགས་བཤད་ཅིག་ཞར་ལ་གནང་བ་མ་ཡིན་ནམ།

999.jpg999.jpg

      དེ་བཞིན་དུ་མཁན་རིག་འཛིན་དབང་རྒྱལ་མཆོག་གིས་ཀྱང་མཁས་མང་གྲལ་དུ་འཁོད་པའི་དབུས་སུ་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་དང་པོ་བརྒྱུད་པའི་ཁུངས་གཙང་ཞིང་། བར་དུ་དར་བའི་དགེ་མཚན་ཆེ་བ། དད་པས་ཉམས་སུ་བླང་ན་འདི་ཕྱིའི་དོན་གཉིས་འགྲུབ་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ངོ་མ་ཞིག་ཡིན་ཚུལ་གྱི་ངོ་སྤྲོད་བགྲོ་གླེང་གནད་འདུས་ལ་དོན་གྱི་ཕུག་རྩ་ཟིན་པའི་སྐོར་མང་དུ་གསུང་བ་མ་ཟད། ཐད་ཀར་གསུང་བཤད་རེ་རེར་དྲི་བ་བཏོན་ཆོག་པའི་གོ་སྐབས་གནང་ཞིང་དྲི་བ་ཡོད་རིགས་ལ་དྲིས་ལན་དམིགས་ཐོག་གནད་སྨིན་མང་པོ་དགྱེས་བཞིན་སྤྲོ་བཞིན་གྱི་བཀའ་དྲིན་བསྐྱངས་པས་ཚོགས་ཞུགས་མི་སྣས་དགའ་བསུའི་ཐལ་མོ་ཡང་ཡང་བརྡེབས་ཚུལ་ཐོས།

IMG_1988.JPG

   ཐེངས་འདིའི་ཚོགས་ཐོག་ཏུ་རང་རེ་གཡུང་དྲུང་བོན་གྱི་མི་སྣ་མང་པོ་ཕྱོགས་སོ་སོ་ནས་རྒྱུ་རྐྱེན་རེ་འགའ་དང་། ཁོར་ཡུག་སོགས་ཀྱི་དབང་གིས་ཕེབས་ཐུབ་མ་སོང་ལ། ཡུལ་དངོས་དེར་དངོས་སུ་ཕེབས་འབྱོར་གནང་སྟེ་ཚོགས་ཞུགས་མཁན་གྱི་མི་སྣ་ནི། མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་ཐུགས་རྒྱུད་མངོན་པར་ཕྱུག་ཅིང་། ནམ་ཡང་རླབས་ཆེན་བསྟན་འགྲོའི་མཛད་བཟང་ཁུར་དུ་བཞེས་མཛད་ཤར་རྫའི་མཁན་ཆེན་རིག་འཛིན་དབང་རྒྱལ་ཚང་དང་། དགེ་བཤེས་གཡུང་དྲུང་རྒྱལ་མཚན་ནམ་ཨ་ཀུན་གསལ་ཟླ་བ། དགེ་བཤེས་རིག་འཛིན་ནམ་ཉག་བྱང་ཆུབ་ཟླ་བ། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་མཐར་ཕྱིན་རབ་འབྱམས་པ་ཀུན་བཟང་རྣམ་རྒྱལ་དང་། དགེ་བཤེས་ཨ་འཆི་མེད་རྣམ་རྒྱལ། ཤར་རྫའི་མཁན་པོ་ཉི་མ་བསྟན་འཛིན། སྡེ་དགེ་ཁྲོ་ཚང་དགོན་ལྔ་རིག་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་དགེ་བཤེས་གཙུག་ཕུད་ཚུལ་ཁྲིམས། བྲག་འགོར་བཞུགས་པའི་བལ་ཡུལ་ཁྲི་བརྟན་ནོར་རྩེའི་དགེ་བཤེས་ཤེས་རབ་སྦྱིན་པ། རྒྱལ་རོང་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་ཆེན་མོ་ཉག་མུན་སེལ་ལམ་དགེ་བཤེས་བསྟན་འཛིན་དབང་གྲགས། ཉག་རོང་གོང་རྒྱལ་བྱ་བཏང་བཙུན་མའི་རི་ཁྲོད་ཀྱི་མཁན་པོ་སྒོ་བ་དགེ་བཤེས་ཁྲི་གཙུག་རྒྱལ་མཚན། རྔ་བ་སྣང་ཞིག་དགོན་ཆེན་གྱི་དགེ་བཤེས་སྐལ་བཟང་གཡུང་དྲུང་དང་། དགེ་བཤེས་བསྟན་པ་དར་རྒྱས། དགེ་བཤེས་གདོང་བསོད་བཀྲ་སོགས་དགེ་བཤེས་རྣམ་པས་དེ་བཞུགས་མི་སྣ་དག་ལ་མཛའ་མཐུན་གྱི་ཕྱག་ཟུང་དམ་པོར་འཇུས་ཏེ་ང་ཚོ་གཡུང་དྲུང་བོན་དང་། དམ་པའི་ཆོས་བརྒྱུད་འཛིན་པའི་མི་སྣ་སུ་དང་གང་ཡིན་རུང་གཙོ་བོ་འདི་འདྲའི་མཐུན་ལམ་གྱི་ཁོར་ཡུག་བཟང་པོ་མུ་ནས་མུ་རུ་བསྐྲུན་ཏེ་ཕན་ཚུན་ལ་གུས་བཀུར་ཡོད་པ་དང་། ཕན་ཚུན་ལ་ཡིད་ཆེས་ཡོད་པའི་ངོས་ནས་ཉམས་མྱོང་སྤེལ་རེས་དང་བསམ་བློ་བརྗེ་རེས་ཀྱི་བྱེད་ཐབས་གཉེར་ན། ད་གཟོད་མཐུན་སྒྲིལ་གྱི་ལམ་སྣེ་དེ་ཟིན་པ་ཡིན་ཙ་ན། ང་ཚོས་ནམ་ཡང་འདི་བཞིན་སྒྲུབ་དགོས་ཚུལ་གྱི་སེམས་གཏམ་སྣ་ཚོགས་ཕན་ཚུན་ལ་བཤད་དེ་གྲུབ་མཐའི་བྱུང་རིམ་དང་ཡིག་ཆ་ངོ་སྤྲོད་སོགས་ཀྱང་གཅིག་གིས་ལ་རམ་འདེགས་ཀྱི་ཚུལ་དུ་ཞུ་ཐུབ་པ་བྱུང་སོང་ཟེར་བས་འདི་འདྲ་ཞིག་ལ་གྲུབ་མཐའི་མཐུན་སྒྲིལ་བྱས་ཟེར་ན་མི་འགྲིག་ཟེར་མཁན་ཨེ་ཡོད་དམ། མི་ཉག་འདུ་ར་དགོན་པའི་མཁན་པོ་དང་དགེ་བཤེས་རྣམ་པའི་དབུ་ཁྲིད་དེ་ཁྱོན་གྲྭ་བ་བཅུ་བདུན་ཕེབས་ཏེ་དགེ་བཤེས་རྣམ་པས་རྩོད་པ་གནང་ཞིང་དམ་བཅར་ཡང་བཞུགས་ཏེ་ཆོས་གྲུབ་ཕན་ཚུན་བར་ལ་མཐུན་འབྲེལ་གསེར་གྱི་ཨ་ལོང་སྒོར་མོ་དམ་དུ་སྦྲེལ།

QQ图片20130620230618.jpg

   ད་ཐེངས་བོན་གྱི་དགོན་སྡེ་གཅིག་ནས་མི་སྣ་མང་ཙམ་ཕེབས་ཡོད་པ་ནི་ལི་ཐང་འགྲོ་མགོན་དགོན་པ་ལས་མེད་ལ། དགོན་པ་དེའི་དགེ་བཤེས་ཚེ་རིང་འགྱུར་མེད་ལགས་ཀྱི་གཙོས། ད་ལྟ་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་ན་སློབ་གཉེར་བྱེད་བཞིན་པའི་ལི་ཐང་འགྲོ་མགོན་དགོན་གྱི་གྲྭ་བ་སུམ་ཅུ་སོ་ལྔ་དངོས་སུ་ཕེབས་ཏེ་སེར་ཤུལ་ཐེག་ཆེན་དར་རྒྱས་དགོན་པར་དམ་བཅར་བཞུགས་པ་དང་། ལི་ཐང་དགོན་ཆེན་ལ་རྩོད་པ་བཏང་བ་སོགས་མདོར་ན་ཁོང་རྣམ་པས་རྣམ་དཔྱོད་རྩལ་དུ་དཀྲུགས་ཏེ་ཐེངས་འདིའི་ཆོས་གྲྭ་ཆེན་མོའི་དབུས་སུ་དམ་བཅར་ལན་མང་བཞུགས་ཤིང་རྩོད་པ་གྲངས་མང་བྱས་ཏེ་ཆོས་གྲུབ་མི་གཅིག་པའི་མི་སྣ་མང་པོར་རང་བསྟན་ནམ་རང་གཞུང་ངོ་སྤྲོད་བྱས་པའི་གོ་རིམ་འོག ཁོ་ཚོའི་རྣམ་དཔྱོད་དང་ཁོ་ཚོའི་བསམ་བློ། ཁོ་ཚོའི་ཀུན་སྤྱོད་དང་ཁོ་ཚོའི་གཤིས་ཀ་སོགས་ལ་དེར་བཞུགས་མི་སྣ་མང་པོས་དགའ་བསུ་དང་བསྔགས་བརྗོད་ལན་མང་གནང་བར་གྲགས།

QQ图片20130620230623.jpg

       ཁ་ཕྱོགས་དང་གཟིགས་རྒྱ་ནམ་མཁའ་ལྟར་ཡངས་ཤིང་རྒྱལ་བསྟན་སྤྱི་ཡི་ཁེ་ཕན་ལ་སྨན་ངེས་པའི་ད་ལན་གྱི་རིས་མེད་ཆོས་ཚོགས་ཆེན་མོ་འདི་ལ་བགྲོ་གླེང་དང་། ཞོགས་ཆོས། སྲོད་ཆོས་དང་། མཚན་ཕུད། སྔ་ཕྱི་དྲོའི་དམ་བཅའ་དང་རྩོད་པ། གྲྭ་མང་འདུས་ཚོགས་ཀྱི་རྩོད་གྲྭ་དང་། དགོན་སྡེ་ཕན་ཚུན་བར་དམ་བཅའ་བཞུགས་རེས་དང་རྩོད་པ་གཏོང་རེས། ཆེ་ས་ནས་གྲུབ་མཐའི་དབང་དུ་བྱས་ན་བན་བོན་གཉིས་ཀས་ཉམས་མྱོང་བརྗེ་རེས་ལྟ་བུའི་རྩོད་པ་དང་། ཆུང་ས་ནས་མི་སྒེར་ཕན་ཚུན་བར་ལ་རྩོད་པའི་ཉམས་མྱོང་སྤེལ་བའི་བྱ་འགུལ། བར་སྐབས་རེ་རེའི་ངལ་གསོ་དང་། དུས་ཚིགས་གསུམ་ཀའི་གསོལ་ཟས་བཞེས་ཚིགས་དང་། མི་སྣ་མང་པོ་གཟིམ་མལ་སོགས་ཕྱོགས་ཡོངས་ནས་རྣམ་པ་དང་བཀོད་སྒྲིག་འཐུས་སྒོ་ཚང་ལ་ཞིབ་ཚགས་ལྡན་པ་ཞིག་ཏུ་བཤད།

IMG_1974.JPG

   དེ་ལྟར་ཉིན་བཅུ་ཕྲག་གཅིག་གི་རིང་རྐང་ལ་མི་སྣ་སོ་སོའི་ངོས་ནས་སྒྲིག་ལམ་བརྩི་སྲུང་དང་མཐུན་སྒྲིལ་གཙིགས་འཛིན་གྱི་ངང་ནས་རྟའུ་ཉི་མཚོ་དགོན་གྱི་དབུ་ཁྲིད་བླ་མ་ལས་སྣེ་རྒྱལ་བསྟན་རིས་མེད་ལ་ཐུགས་ཀྱི་ཟབ་ས་ནས་གཙང་འགན་བཞེས་དང་བཞེས་བཞིན་པ་རྣམས་ཀྱི་ཐུགས་རེ་དང་དམིགས་འདུན་ཡོད་ཚད་མངོན་གྱུར་དུ་ཡོང་བར་འབད་བརྩོད་ལྷོད་པ་མེད་པའི་ངོས་ཆེས་མཇུག་མཐར་སྤྱི་རྩིས་ཚེས༡༩མཚན་མོར་རྔ་བ་སྣང་ཞིག་དགོན་ཆེན་དུ་བཞུགས་པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་གི་མཐར་ཕྱིན་དགེ་བཤེས་ཁྲོ་གཙུག་ཕུད་ཚུལ་ཁྲིམས་ལགས་དང་། དེ་གའི་མཐར་ཕྱིན་དགེ་བཤེས་སྒང་བ་བསྟན་པ་དར་རྒྱས་རྣམ་གཉིས་དམ་བཅར་བཞུགས་ཏེ། སེར་ཤུལ་ནས་ཕེབས་པའི་དགེ་བཤེས་རྣམ་པས་རྩོད་པ་བཏང་ཞིང་། དམ་བཅའ་བས་ཁས་ལེན་འཛིན་སྟངས། རྩོད་པ་བས་རྩོད་པ་གཏོང་ལུགས་སོགས་བྱེད་ཐལ་དུ་མ་སོང་བར་སྐལ་ལྡན་དང་བ་འདྲེན་པའི་ཞིང་ས་དང་། མཁྱེན་ལྡན་སྤྲོ་བ་བསྐྱེད་པའི་མཆོད་སྤྲིན་ཁོ་ན་རུ་སོང་བས་མ་ཚད། ཞང་བོད་ཚད་མ་རིག་པའི་ཟབ་ཚད་རྗེན་ཅར་དུ་གཟིགས་པ་བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་རིན་པོ་ཆེའི་མཁྱེན་དཔྱོད་ནམ་མཁའ་ལྟ་བུའི་ཀློང་ནས་འཁྲུངས་པའི་ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིགས་པའི་གཏེར་མཛོད་ཅེས་བྱ་བའི་གཞུང་དཔེ་དེ་ལ།

QQ图片20130620230630.jpgIMG_1991.JPG

    དེ་གར་ཕེབས་པའི་བན་ཕྱོགས་དགེ་བཤེས་མང་པོས་དངོས་སུ་མཇལ་ཏེ་གདེངས་འཇོག་དང་བསྔགས་བརྗོད་ལན་བརྒྱར་ཕུལ་བ་དང་། ཁོང་རྣམ་པའི་ཞལ་ནས་འགྲོ་མགོན་རིན་པོ་ཆེའི་ཚད་མའི་གཞུང་དཔེ་དེའི་དབུ་ཡི་མཚན་དོན་ཇི་ལྟ་བ་བཞིན་དུ་གསུང་བཞིན་བོན་གྱི་སྤྱན་ལྡན་ཆེན་པོས་ཞེས་གསུངས་པའི་ཕྱིར་ཞེས་སོགས་གསུངས་ཏེ་གཞུང་དེའི་ལུང་ཚིག་འགའ་རེ་ཡང་མཁས་མང་འདུས་པའི་ཁྲོད་དུ་གསལ་ལྷང་ལྷང་གིས་སྐྱོར་ཏེ་རྟེན་འབྲེལ་དང་བཀྲ་ཤིས་སྨོན་ལམ་བཟང་པོས་མཐའ་བརྒྱན་པ་སོགས་ཀྱིས་ཐེངས་ལྔ་བའི་ཁམས་ཕྱོགས་འཇང་དགུན་ཆོས་ཆེན་མོ་དགེ་མཚན་ཡོད་པ་དང་། རིན་ཐང་ལྡན་པའི་ངང་ནས་མཇུག་ལེགས་པར་བསྡུས་པའི་གནས་ཚུལ་ཙམ་ངོ་སྤྲོད་བྱེད་པ་པོ་ཁོ་བོ་དྲུང་ཆེ་གདོང་བཙུན་རྒྱ་ཐར་ལ་ཚོགས་ཆེན་འདི་ལ་དངོས་སུ་ཕེབས་པའི་སྐལ་བ་བཟང་པོ་ཅན་གྱི་དགེ་གྲོགས་རེ་འགས་ཐེངས་འདིའི་གནས་ཚུལ་རྒྱུ་ཆ་མཁོ་འདོན་བྱས་ཏེ་འདི་བཞིན་བྲི་བར་རེ་བསྐུལ་བྱུང་ཚེ་ཁམས་ཉག་རོང་རྒྱ་ཞིག་འབྲུག་གྲགས་དགོན་གྱི་ཞང་བོད་རིག་གནས་ཐོས་བསམ་གླིང་གི་ཉིས་ཐོག་རང་ཤག་དགའ་བའི་གནས་སུ་སྤྱི་རྩིས་ཟླ་འདིའི་ཚེས༡༩སྔ་དྲོར་འཕྲལ་དུ་སྦྱར་བ་ལ་ཉེས་པའི་ཆ་རྣམས་མཆིས་ཚད་གནོངས་འགྱོད་ཀྱི་གུས་འདུད་ཡང་ཡང་ཞུ་བ་བཅས་སླད་མར་ཡང་ང་ཚོ་ཐུན་མོང་གི་བྱ་བཞག་གང་བརྩམ་མཐའ་དག་འབད་མེད་ལྷུན་འགྲུབ་ཁ་དགེ་བཀྲ་ཤིས་ཡོང་བར་ཤོག་ཅིག་གུ།། ཞེས་སྨོན་པའོ།། །།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།