རྫ་རྒྱུད་སྡེ་དགེ་རྫོང་དུ་བན་བོན་རིས་མེད་ཀྱི་རིག་གནས་བགྲོ་གླེང་ཆེན་མོ་འཚོགས་པ།

[ཟླ་ཚེས། 2013-06-09 09:36:51][རྩོམ་པ་པོ། གདོང་བཙུན་རྒྱ་ཐར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

11.jpg

རྫ་རྒྱུད་སྡེ་དགེ་རྫོང་དུ་བན་བོན་རིས་མེད་ཀྱི་རིག་གནས་བགྲོ་གླེང་ཆེན་མོ་འཚོགས་པ།

      སྤྱི་ལོ༢༠༡༣ལོའི་ཟླ༦ཚེས༢ཉིན་སྔོན་ཆད་གླིང་ཚང་ཞེས་པའི་རྒྱལ་པོ་ཞིག་གི་མངའ་ཁོངས་ཀྱི་བན་བོན་དགོན་སྡེ་ཚང་མ་རྒྱལ་བ་བཀའ་བརྒྱུད་པའི་གྲུབ་མཐའ་འཛིན་པ་ཚ་ཚབ་དགོན་པར་རིས་མེད་རིག་གནས་བགྲོ་གླེང་ཆེན་མོ་སྐབས་གཉིས་པར་དངོས་སུ་འཚོགས། ཚོགས་པ་དེར་དངོས་ཞུགས་གནང་མཁན་གྱི་དགོན་སྡེ་ནི་ཁྲོ་ཚང་དགོན། ཚ་ཚབ་དགོན། ཇ་ཆུ་དགོན། རྣམ་རྒྱལ་དགོན། པད་སྙིང་དགོན། མ་དགོན་དགོན། རི་མགུལ་དགོན། སྨོན་རྒྱལ་དགོན། གླིང་རུ་དགོན། རྟག་འཕེལ་དགོན། ཀ་ཐོག་དགོན། དཔལ་སྤུང་དགོན། བསྟན་འཕེལ་དགོན། རྫོང་མགོ་དགོན། མགུ་ཟུལ་དགོན་བཅས་ཡོད་ལ། དེ་ལས་མཚན་ཉིད་སློབ་གཉེར་བ་ཡོད་མཁན་གྱི་དགོན་སྡེ་བརྒྱད་དང༌། དེ་མིན་ད་རུང་ཕྱོགས་ཀྱི་དགོན་སྡེ་ཆེན་པོ་ཁག་འགའ་རེ་ནས་ཕེབས་པའི་མི་སྣ་ཡང་ཡོད་དེ་ཁམས་ཕྱོགས་བླ་རུང་སྒར་དང༌། སེར་ཤུལ། སྨད་ཕྱོགས་སྣང་ཞིག་དགོན་དང་ཀིརྟི་སྒོ་མང་སོགས་ཀྱི་སློབ་གཉེར་བའང་རེ་འགའ་ཕེབས་འདུག་སྐད།

22.jpg33.jpg

      གྲུབ་མཐའི་དབང་དུ་བྱས་ན་གཡུང་དྲུང་བོན་དང༌། སྔ་འགྱུར་རྙིང་མ། དཔལ་ལྡན་ས་སྐྱ། རི་བོ་དགེ་ལུགས་བཅས་ཀྱི་གྲུབ་མཐའ་འཛིན་མཁན་གྱི་དགོན་སྡེ་ཁག་དང༌། མི་གྲངས་ཀྱི་ཆ་ནས་ཀྱང་དངོས་ཞུགས་པ་བརྒྱ་ཕྲག་དྲུག་ལ་ཉེ་བ་རྣམས་གནས་གཅིག་དུས་གཅིག་ཏུ་འཚོགས་ཏེ་ཚོགས་གཙོ་རྣམ་པ་བཞིས་དབུ་ཁྲིད་འོག ཁྱོན་ཉིན་ལྔའི་རིང་ལ་ཐལ་མོ་བརྡབས་ནས་རྙེད་པའི་བློ་བསྐྱེད་ཀྱི་རིག་ལམ་འདྲ་མིན་སྣ་ཚོགས་རྩལ་དུ་སྤྲུགས་ཏེ་རྩོད་པའི་དགོས་པ་ཁྱད་པར་ཅན་དང་མི་འབྲལ་བའི་སྒོ་ནས་རང་ཉིད་རྒྱལ་བར་འདོད་པའི་ང་རྒྱལ་དང༌། གཞན་རྣམས་ཕམ་པར་འདོད་ཞེ་སྡང༌། རང་གཞན་གྲུབ་མཐའི་དོན་ལ་རྨོངས་པའི་གཏི་མུག་སོགས་རྩོད་པ་དུག་ཅན་གྱི་དྲི་མས་མ་གོས་པར་བྱས་ཏེ། གནས་ལུགས་ཟབ་མོ་འཇལ་བའི་མདོ་དོན་གཏན་ལ་དབབ་བྱེད་ལ་མེད་ན་མེད་ཐབས་བྲལ་བའི་ཞང་བོད་ཚད་མ་རིག་པའི་འགྲོས་བཟང་གི་ཐུན་མིན་སྲོལ་རྒྱུན་བཟང་པོ་ལ་གུས་བཀུར་ཡོད་པ་དང༌། མཐོང་ཆེན་ཞུ་བ། རིན་ཐང་ཧ་གོ་བ་དང༌། དགེ་མཚན་ངོས་ཟིན་པའི་ཚུལ་གྱིས་ཐེངས་འདིར་ཚན་ཁག་གི་དབང་དུ་བྱས་ན་ནང་གསེས་མང་དུ་འདུག་པར་བཤད་དེ། ཚད་མའི་འཛིན་གྲྭ་ལ་གོང་འོག་བར་གསུམ། བློ་རྟགས་གཉིས་ཀྱི་འཛིན་རིམ་གཅིག སྡུད་གྲྭའི་འཛིན་རིམ་གོང་འོག་བར་གསུམ་བཅས་བཀར་ཏེ་དེ་དག་ཀྱང་ཉིན་ཚོགས་དང་མཚན་ཚོགས། སྔ་ཕྱི་དྲོའི་རྩོད་པ་དང་བར་སྐབས་རེ་རེའི་ངལ་གསོ། མང་པོ་མཉམ་འདུས་ཀྱི་རྩོད་གྲྭ་དང༌། དགོན་སྡེ་ཁག་གཉིས་རེ་གཉིས་རེས་རྩོད་པ་དང་དམ་བཅའ་རེས་མོས་བྱེད་པ། དགེ་རྒན་རྣམ་པའི་བགྲོ་གླེང་གི་བྱེད་ཐབས་དང༌། སློབ་མ་རྣམས་ཀྱིས་ཉམས་མྱོང་གི་གླེང་མོལ་བྱེད་པ་སོགས་བྱེད་སྒོ་འཐུས་ཚང་ལ་ནང་དོན་གོ་རིམ་ལྡན་པར་སྨྲ།

44-.jpg55.jpg

      ཐེངས་འདིའི་བགྲོ་གླེང་ལ་གཡུང་དྲུང་བོན་གྱི་སློབ་གཉེར་བའི་ཕྱོགས་ནས་སྡེ་དགེ་རྫོང་རྫ་ཁྲོ་ཚང་དགོན་གྱི༼ལྔ་རིག་ནང་བསྟན་སློབ་གླིང་༽ གདན་ཞུས་ལྟར་ཆེད་ཕེབས་ཀྱི་དགེ་སློབ་དྲུག་ཅུ་མ་ཟིན་ཙམ་དངོས་ཞུགས་བྱས་ཏེ་ཚོགས་པས་གཏན་ཁེལ་བྱས་པ་ལྟར་གྱི་ཉིན་འདི་དག་གི་རིང་ལ་ཚོགས་པ་ལ་གུས་བཀུར་ཡོད་པ་དང༌། སྒྲིག་ལམ་ལ་མཐོང་ཆེན་ཡོད་པའི་ངོས་ནས་རིང་ལུགས་འཁྲུལ་མེད་ཐེག་ཆེན་གཡུང་དྲུང་བོན་གྱི་རིག་པའི་གཞུང་ལུགས་ཁག་ལ་སློབ་གཉེར་བྱས་པའི་འབྲས་རྟགས་ཀྱི་རྣམ་དཔྱོད་དྭངས་མོ་གྲུབ་མཐའ་འདྲ་མིན་གྱི་སློབ་གཉེར་བ་བརྒྱ་ཕྲག་དུ་མའི་ཁྲོད་དུ་ངོ་གནོང་མི་དགོས་པར་ངོམ་པའི་གོ་སྐབས་བྱུང་ཞིང༌། ཞར་དང་ཞོར་ལ་དེ་གའི་མི་སྣ་མང་པོར་དེང་སང་ཕྱོགས་འཛིན་ཅན་རེ་འགས་བཤད་པ་ལྟར་གཡུང་དྲུང་བོན་གྱི་གྲུབ་མཐའ་འདི་ཁུངས་མེད་ལུགས་མེད་ཀྱིས་བསྒྲིགས་པའི་མིང་ཡག་དོན་སྟོན་སྟོངས་ཞིག་མིན་ལ། གཡུང་དྲུང་བོན་གྱི་གཞུང་ལུགས་རྣམས་ཀྱང་གཞི་མེད་ཕུག་མེད་དུ་བཤད་པའི་རང་སྣང་གང་དྲན་གྱི་འཁྱལ་གཏམ་ལྟ་བུ་ཡང་ཁྱོན་ནས་མིན་པར་གྲུབ་མཐའ་ཕུག་གཙང་རྫོགས་པའི་སངས་རྒྱས་ནས་བརྒྱུད་ཡོད་པའི་ལོ་རྒྱུས་དང༌། གཞུང་ལུགས་ཁྱད་འཕགས་བརྗོད་བྱ་དོན་གྱི་འདུས་སོ་བླ་མེད་རྫོགས་པ་ཆེན་པོ་ལ་ཐུག་ཚུལ་སོགས་ཀྱི་གནས་ལུགས་འབེལ་གཏམ་མང་དུ་སྨྲ་བའི་གོ་སྐབས་ཀྱི་བྱེད་ཐབས་འོག མི་མང་པོ་ཞིག་གིས་གནས་ལུགས་དེར་འཐད་པའི་རྣམ་འགྱུར་སྟོན་བཞིན་ལེགས་སོའི་བསྔགས་བརྗོད་དང་ཡི་རང་གི་དགའ་བསུ་ཡང་བྱེད་ཀྱིན་འདུག་ཟེར།

66-.jpg77.jpg

      དངོས་གནས་བཤད་ན་འདི་འདྲའི་གྲུབ་མཐའ་དང་གྲུབ་མཐའི་བར་འབྲེལ་བྱས་ཏེ་ཕན་ཚུན་རྒྱུས་ལོན་བྱ་རྒྱུའི་རིན་ཐང་ཅན་གྱི་དུས་ཚོད་དང་འཕྲད་པ་ན་ནི་ང་ཚོ་སྟེ་བོད་ཀྱི་ཆོས་པ་དང་བོད་ཀྱི་མི་རིགས་འདི་ལ་མིང་དོན་མཚུངས་པའི་མཐུན་སྒྲིལ་ཡག་པོ་ཞིག་འབྱུང་བར་ཕན་ཐོག་ཧ་ཅང་མང་བས་འདི་ལྟར་དངོས་བརྒྱུད་གང་རུང་གི་ལམ་ནས་བསྒྲུབས་མཁན་གྱི་དབུ་ཁྲིད་རྣམ་པ་ནི་ང་ཚོ་མཐུན་ལམ་དུ་ཁྲིད་མཁན་གྱི་རླབས་ཆེན་གྱི་མི་སྣ་ངོ་མ་ཞིག་རེད་ཅེས་བཤད་ན་ཆོག་ལ། མཚན་དོན་ཡོངས་སུ་མཚུངས་པའི་བོད་པ་ཚང་ལ་ཤ་ཚ་ཞིང་སྙིང་ཉེ་བའི་མི་སྣ་འཇོན་ཐང་ཅན་ཡང་རེད་ཅེས་ཟེར་ན་ཆོག་འདུག་ཨང༌། གང་ལྟར་དེང་དུས་འདི་དང་འདི་ལྟ་བུས་མཚོན་ཕྱོགས་ཡར་མར་མང་པོ་ཞིག་ནས་འདི་འདྲའི་གྲུབ་མཐའ་རིས་མེད་ཀྱི་མཉམ་འབྲེལ་རིག་གནས་བགྲོ་གླེང་བྱ་བའི་གོ་སྐབས་ཤར་དང་ཤར་དང་བཞིན་པ་འདི་ནི་རང་རེ་ལ་འབྱུང་འགྱུར་གྱི་ཆར་ཀུན་ཏུ་བཀྲ་ཤིས་དོན་བཟང་ཡོང་བའི་བྱེད་ཐབས་གསར་བ་ཞིག་རེད་འདོད་ཀི་ཡོད།

88.jpg

      ད་ལན་ཁམས་རྫ་སྟོད་ཚ་ཚབ་དགོན་དུ་རིག་གནས་བགྲོ་གླེང་ཆེན་མོ་ཞིག་འཚོགས་ཐུབ་པ་དེ་ལ་ཡང་དགེ་མཚན་དང་ཕན་འབྲས་ཤིན་ཏུ་ཆེ་བར་བཤད་མ་དགོས་པས། རྗེས་མར་ཡང་མུ་ནས་མུ་མཐུད་དུ་འདི་ཉིད་ཀྱི་རྒྱུན་སྐྱོང་སྟེ་ཡར་རྒྱས་གོང་འཕེལ་ཡོང་བར་འབྲེལ་ཡོད་མི་སྣ་ཚོ་ལ་རགས་ལུས་འདུག་པས་དེ་བཞིན་དུ་ཐུགས་ལ་འདོགས་རོགས་མཁྱེན་ཞུ་རྒྱུ་དང་འབྲེལ། ཐེངས་འདིའི་སྤྱི་ཚེས་༨ཉིན་ལེགས་སྐྱེས་བྱ་དགའ་གནང་ཞིང་། ཚེས་༩ཉིན་གྱི་སྔ་དྲོའི་ཆུ་ཚོད༨གྱི་ཐོག་ཕྱོགས་ཡོང་མི་སྣ་རྣམ་པ་རང་དགོན་སོ་སོར་ཕེབས་ཏེ་མཇུག་བསྡུས་བའི་གནས་ཚུལ་རགས་བཤད་འདི་ནི་སྡེ་དགེ་ཁྲོ་ཚང་དགོན་༼ལྔ་རིག་ནང་བསྟན་སློབ་གླིང་༽ན་འཁོར་ལོ་གསུམ་གྱིས་རྒྱལ་བསྟན་ཚུལ་བཞིན་སྤེལ་བཞིན་པའི་དགེ་གྲོགས་རྣམ་གཉིས་ཏེ་དགེ་བཤེས་གཙུག་ཕུད་ཚུལ་ཁྲིམས་དང༌། དགེ་བཤེས་ཚེ་རིང་འགྱུར་མེད་རྣམ་པ་གཉིས་ཀྱི་ཞལ་ནས་ཇི་ལྟར་ཐོས་པ་དེ་བཞིན་དུ་ཀློག་མཁན་གྱི་གྲོགས་པོ་ཡོངས་ལ་མཚམས་སྦྱོར་གྱི་ཚུལ་དུ་ཁོ་བོ་གདོང་བཙུན་རྒྱ་ཐར་གྱིས་ཁམས་ཉག་རོང་རྒྱ་ཞིག་འབྲུག་གྲགས་དགོན་དུ་མགྱོགས་པར་སྦྱར་བའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།