ཡུལ་ཤུལ་ནས་བོན་གྱི་དཔེ་རྙིང་མང་པོ་རྙེད་སོན་བྱུང་བའི་གནད་བསྡུས།
[ཟླ་ཚེས། 2013-04-22 15:15:40][རྩོམ་པ་པོ། སྟག་འབུམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
བོན་གྱི་དཔེ་རྙིང་མང་པོ་རྙེད་སོན་བྱུང་བའི་སྒྲུབ་ཕུག་ཡོད་སའི་གནས།
༄༅།། ཡུལ་ཤུལ་ནང་ཆེན་རྫོང་གི་ནུབ་ཕྱོགས་ཀྱི་མཚམས་ལེ་བར་བརྒྱ་ལྷག་ཡོད་པའི་སྡོམ་པ་ཞང་རེབ་བླ་དགོན་པའི་ཉེ་འདབས་ཀྱི་རི་གཟར་ངོས་གནས་པའི་སྒྲུབ་ཕུག་ཅིག་གི་ནང་དུ་བོན་གྱི་རྒྱལ་བའི་བཀའ་དང་བསྟན་བཅོས་སོགས་དཔེ་རྙིང་མང་པོ་ཞིག་རྙེད་སོན་བྱུང་བའི་གནས་ཚུལ།
ཉིན་ཞིག་ས་དེ་གའི་མི་རྣམས་ཀྱིས་རེབ་བླ་དགོན་པའི་ཉེ་གནས་ཀྱི་སྒྲུབ་ཕུག་ཅིག་གི་ནང་དུ་བོན་གྱི་དཔེ་རྙིང་མང་པོ་ཡོད་ཚུལ་དང་སྐྱེས་ཆེན་རྣལ་འབྱོར་བ་ཞིག་གི་པུར་བཞུས་བཞུགས་འདུག་པ་སོགས་ལབ་གླེང་བྱེད་བཞིན་པ་ཐོས་འཕྲལ། ས་གནས་དེ་གར་དགེ་རྒན་གྱི་ལས་སུ་གཞོལ་བའི་ཁྲི་ཀའི་སྟག་འབུམ་རྒྱལ་འཚོལ་ཞིབ་དང་རྩད་གཅོད་དུ་སོང་།
སྤྱི་ལོ་༢༠༡༣ལོའི་སྤྱི་ཟླ་༤བའི་ཚེས་༡༡ཉིན། རེབ་བླ་དགོན་པའི་ཉེ་སར་གནས་པའི་ཨོ་རྒྱན་སྒྲུབ་ཕུག་ཅེས་གྲགས་པའི་གནས་སུ་ཕྱིན། སྒྲུབ་ཕུག་དེ་མཐོ་ཚད་ལ་སྨི་༣༠ལྷག་ཡོད་པའི་བྲག་གཟར་ཞིག་གི་དཀྱིལ་དུ་ཡོད་ལ། སྒྲུབ་ཕུག་ནང་དུ་འགྲོ་ན་རྐང་ལམ་མེད་པས་འགྲོ་དཀའ་ཞིང་འཇིགས་གཡེར་བའི་སྣང་བ་བསྟེར་འོང་། དེར་འགྲོ་དུས་བྲག་སྐེས་སུ་ཕུར་བུ་ཞིག་བརྡབ་ཡོད་པ་དེ་ལ་ཐག་པ་བརྒྱབ་ནས་འགྲོ་དགོས།
སྒྲུབ་ཕུག་ཏུ་ཡོད་པའི་སྒྲུབ་ཆེན་པའམ་གྲུབ་ཆེན་པའི་གདུང་དང་འཁྲིས་སུ་ཡོད་པའི་དཔེ་རྙིང་ཁག
ཕུག་པའི་ནང་དུ་སྒྲུབ་ཆེན་པའམ་གྲུབ་ཆེན་པ་ཞིག་གི་གདུང་དང་གསོ་རིག་ལ་མཁོ་བའི་རང་བྱུང་གི་སྨན་རྫས་དང་གཏེར་ཆུ་སོགས་མཆིས་ལ། སྟབས་ལེགས་པ་ཞིག་ལ་ས་དེ་གའི་མང་ཚོགས་རྣམས་ལ་གནས་ཚུལ་གསལ་བོ་ཞིག་འདྲི་རྟོགས་བྱས་མཐར། མང་ཚོགས་རྣམས་ཀྱིས་ཤོག་བྱང་འགའ་ཁྱིམ་ཚང་ཞིག་གིས་ཉར་ཚགས་བྱས་ཡོད་པ་དང་དེ་མིན་གླེགས་བམ་བརྒྱ་ཕྲག་མང་པོ་རེབ་བླ་དགོན་གཞུང་ནས་ཉར་ཚགས་བྱས་ཡོད་པར་གྲགས། དེ་ནས་དགོན་པའི་འགན་འཛིན་བླ་མར་འབྲེལ་བ་བརྒྱུད་མཇལ་འདོད་བྱུང་མོད་གནས་སྐབས་སུ་བླ་མ་ཁོང་དགོན་པར་བཞུགས་མེད་རྐྱེན་དཔེ་རྙིང་དེ་དག་ལ་ཞིབ་འཇུག་དང་དངོས་མཇལ་བྱུང་མ་ཐུབ་པས་རེ་ཞིག་ངོ་སྤྲོད་ཡག་པོ་ཞིག་བྱེད་མ་ཐུབ།
གཤེན་བསྟན་དད་ལྡན་པ་སྟག་འབུམ་རྒྱལ་དང་ཁོང་གིས་རྙེད་པའི་དཔེ་རྙིང་ཤོག་བྱང་ཁག
མི་རྒན་གྲས་འགའ་ཞིག་གིས་བཤད་རྒྱུར། སྒྲུབ་ཕུག་ནས་ཕྱིར་བཏོན་ཏེ་དགོན་པར་ཉར་ཡོད་པའི་གསུང་རབ་རྣམས་ད་ལྟ་ཆ་ཚང་བ་ཞིག་མིན་ཟེར། རྒྱུ་མཚན་ནི་རིག་གསར་སྐབས་སུ་སྒྲུབ་ཕུག་དེ་མི་སྐོང་སའི་གནས་གཙོ་ཡིན་པས་ཆུ་བསྐོལ་བྱེད་ཀྱི་བུད་ཤིང་མེད་ཁར་གླེགས་བམ་དང་གླེགས་ཤིང་མང་པོ་ཞིག་མེ་ལ་བསྒྲོན་ནས་ཟ་མ་བསྐོལ་སྤྱད་བྱས་སོང་ཟེར།
ས་གནས་ཀྱི་མང་ཚོགས་རྣམས་སྒྲུབ་ཕུག་ཏུ་འགྲོ་བཞིན་པ་དང་སྒྲུབ་ཕུག་ཀྱི་ནང་ངོས།
འདིར་བཀོད་པ་རྣམས་འདི་གའི་ཁྱིམ་ཚང་ཞིག་ན་ཉར་ཚགས་བྱས་ཡོད་པའི་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་རིན་པོ་ཆེ་ཁམས་ཆེན་གསེར་བྲིས་མ་དང་དངུལ་བྲིས་མ་སོགས་དཔེ་རྙིང་ཁག་ཡིན་ལ། ཤོག་ཧྲུལ་དེ་དག་བཟོ་བྱེད་ཀྱི་རྒྱུ་ཆ་གཙོ་བོ་མེ་ཏོག་རེ་ལྕག་སོགས་ཡིན་པ་རེད། ཤོག་བྱང་དེ་དག་གི་མདོག་ནི་པར་ངོས་ཀྱི་མདོག་འདི་ཡིན་ལ་རིང་ཚད་ལ་ཁྲུ་ཙི་གཅིག་ཅན་དང་གཅིག་དང་ཕྱེད་ཀ་ཅན། གཉིས་ཅན། ཞེང་གི་ཆེ་ཆུང་ལ་ཚུན་བཞི་ཅན་དང་དྲུག་ཅན། བརྒྱད་ཅན་སོགས་ཆེ་ཆུང་མི་འདྲ་བ་དང་བྲིས་གཟུགས་མི་འདྲ་བ་མང་པོ་འདུག