བོན་གྱི་འདུ་གནས་མཚོ་རྔ་དྲིལ་ཆུང་དང་གཉན་རྩེ་ཐང་ཤོད་འབྲིག་མཚམས་མཐའ་དཀར་བཅས་ཀྱི་སྐོར།
[ཟླ་ཚེས། 2025-01-11 10:51:37][རྩོམ་པ་པོ། གཙང་ཚ་བསམ་གཏན་འགྱུར་མེད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
བོན་གྱི་འདུ་གནས་མཚོ་རྔ་དྲིལ་ཆུང་དང་གཉན་རྩེ་ཐང་ཤོད་འབྲིག་མཚམས་མཐའ་དཀར་བཅས་ཀྱི་སྐོར།
གཙང་ཚ་བསམ་གཏན་འགྱུར་མེད།
ནང་དོན་གནད་བསྡུས། གཏིང་སྐྱེས་རྫོང་ཁོངས་སུ་ཡོད་པའི་བོན་གྱི་འདུ་གནས་མཚོ་རྔ་དྲིལ་ཆུང་དང་གཉན་རྩེ་གད་དམར་འདི་གཉིས་ནི་བོན་གྱི་ལོ་རྒྱུས་ཡིག་ཆ་དུ་མར་གསལ་ལ། ཐོག་མར་བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོས་ཞང་ཞུང་ནས་བོན་གྱི་བསྟན་པ་བོད་ཡུལ་རུ་བཞིའི་གནས་སུ་ནང་འདྲེན་བྱས་ནས་འདུ་གནས་ཆེན་པོ་སུམ་ཅུ་སོ་བདུན་བཙུག་ནས་བོན་བསྟན་སྤེལ་སྐབས་སུ་ས་ཆ་འདི་གཉིས་འདུ་གནས་ཡིན་ལ། བར་དུ་གཏེར་སྟོན་ཆེན་པོ་གཤེན་ཆེན་ཀླུའི་དགས་ཟབ་གཏེར་བཞེས་ཤིང་བྲུ་ཞུ་སྤ་རྨེའུ་སོགས་ལ་བཀའ་བབ་མཛད་ནས་ཕྱི་དར་བསྟན་པའི་ཆུ་མགོ་རྡོལ་བར་མཛད་པའི་འཕྲིན་ལས་རྒྱས་སའང་འདུ་གནས་འདི་དག་ནས་ཡིན། ད་ལྟའི་ཆར་བོན་གྱི་དད་ལྡན་རྣམས་ཀྱིས་གནས་སྐོར་མཆོད་མཇལ་འགྲོ་སྲོལ་རྒྱུན་མཐུད་ཡོད་ལ་སྔར་གྱི་ས་མིང་ཡང་དེང་སྐབས་མ་ཉམས་པར་གནས་ཡོད། འདི་དག་དེང་དུས་སུ་མཐའ་མཚམས་དོ་དམ་ཁུལ་གྱི་རྫོང་ཡིན་པས་འགྲོ་སྤྱོད་ཆོག་པའི་ལག་འཁྱེར་དགོས་པའི་དབང་གིས་འགྲོ་སྟབས་མི་བདེ་བས་དོ་སྣང་མཛད་མཁན་རྣམས་ལ། ལོ་རྒྱུས་ཡིག་ཆ་ལས་ཇི་ལྟར་གསལ་བ་དང་ད་ལྟ་གནས་ཡུལ་གང་དུ་ཡོད་པའི་སྐོར་ངོ་སྤྲོད་རོབ་ཙམ་ཞུ་བ་ཡིན།
བརྡ་ཆད་གཙོ་བོ། བོན་གྱི་འདུ་གནས། མཚོ་རྔ་དྲིལ་ཆུང་། གཉན་རྩེ་གད་དམར། འབྲིགས་མཚམས་མཐའ་དཀར།
མཚོ་རྔ་དྲིལ་ཆུང་།
དང་པོ་མཚོ་རྔ་དྲིལ་ཆུང་ནི། བསྒྲགས་པ་རིན་ཆེན་གླིང་གྲགས་ལས། མཚོ་ལྔ་རལ་ཆུང་བོན་གྱི་འདུ་འཚོགས་གནས། ༼༡༽ཞེས་དང་བདེན་པ་བོན་གྱི་མཛོད་སྒྲ་འགྲེལ་ལས་མཚོ་རྔས་དྲེལ་ཆུང་། ༼༢༽དར་རྒྱས་གསལ་སྒྲོན་ལས། མཚོ་རྔས་བྲེ་ཆུང་། ༼༣༽དང་སྐལ་བཟང་མགྲིན་རྒྱན་ལས། འཁར་ཆེན་བྲག་དཀར་མཚོ་རྔ་དྲིལ་ཆུང་དང་། ༼༤༽དེའི་ཟུར་རྒྱན་ནམ་༼༥༽དགེ་སློང་བསྟན་འཛིན་དབང་གྲགས་ཀྱིས་མཛད་པའི་<< གཡུང་དྲུང་བོན་གྱི་བསྟན་པ་སྔ་ཕྱིའི་དུས་སུ་དགོན་སྡེ་ཆགས་རབས་མདོར་བསྡུས་ལས་>>མཚོ་རྔ་དྲིལ་ཆུང་ནི་འབྲིག་མཚམས་བྱང་ཁར་ཡོད། ༼༦༽སོགས་སྔ་རབས་ལོ་རྒྱུས་དུ་མར་བོན་གྱི་འདུ་གནས་སོ་བདུན་གྱི་ཡ་གྱལ་ཡིན་པར་གསལ་བ་དང། བསྟན་པ་ཕྱི་དར་སྐབས་སུ་སྤྲུལ་སྐུ་གཤེན་ཆེན་ཀླུ་དགའི་སྒྲུབ་གནས་གཙོ་བོ་ཡིན་སྟེ་བླ་མ་གཤེན་ཆེན་པོའི་རྣམ་ཐར་ལས། དམུ་ཚ་གྱེར་མེད་སྤྲུལ་པ་ནི། གཤེན་གྱི་ཀླུ་དགའ་བྱ་བ་འབྱུང་། མཚོ་རྔ་བྲག་ལ་བསྒྲུབ་ནས་སུ། ཞེས་དང་འབྲིང་[འབྲིག]མཚམས་མཚོ་རྔ་བྲག་དཀར་དུ། དམུ་རིགས་གཤེན་པོ་ཀླུ་ཡི་མཚན་ཅན་འོང་། ༼༧༽ཞེས་དང་བསྒྲགས་པ་རིན་ཆེ་གླིང་གྲགས་༼༨༽དང་བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་ལས། འབྲིག་མཚམས་མཐའ་དཀར་བྲག་གཏེར་དུ་སྦས། དེ་ནས་བསྟན་པ་ཕྱི་དར་དུས་ཀྱི་ཚེ། གཏེར་ལ་ཐོན་ཚུལ་སྲིད་རྒྱུད་ཁ་བྱང་ལས། སྟོང་རྒྱུང་ང་ཡིས་སྤྲུལ་པ་ལ། འཆི་མེད་གཙུག་ཕུད་དང་མཚུངས་པའི། གཤེན་ལ་ཀླུ་དགའི་མཚན་ཅན་འབྱུང་། ༼༩༽སོགས་ལའང་དེ་ལྟར་འཁོད་པ་མ་ཟད་མ་འོང་ལུང་བསྟན་དུ་གསལ་ཚུལ་སོགས་ཞིབ་ཕྲ་འཁོད་ཡོད་པ་དང་དེ་བཞིན་རྗེས་སུ་བླ་མ་གཤེན་གྱི་གནས་འདིར་སྒྲུབ་པ་ཉམས་ལེན་གནང་ཡུལ་ཡིན་སྟེ་རྒྱལ་མོ་ཐུགས་ཀྱི་གཟེར་བུའི་སྒྲུབ་ཐབས་ལས། བར་གྱི་སྐལ་པའི་དབུས་མ་ལ། མཚོ་རྔ་བྲག་དཀར་བྲག་ཕུག་དཀར་རུ་རུ། སྤྲུལ་སྐུ་གཤེན་ཆེན་ཀླུ་དགའ་ཡིས། ༼༡༠༽ཞེས་དང་གཏེར་བདག་ཡེ་ཤེས་དབལ་མོའི་གནད་བསྐུལ་གྱི་མཛད་བྱང་དུ། སྤྲུལ་སྐུ་གཤེན་ཆེན་ཀླུ་དགའ་ཡིས། མཚོ་རྔ་མཐའ་དཀར་དུ། གཟེར་བུ་བསྒྲུབས་ཚེ་སྲིད་པའི་རྒྱལ་མོ་དཔའ་གཅིག་མའི་ཞལ་གཟིགས་དུས་གནད་ཀྱི་བསྐང་བའི་བསྐུལ་པ་མཛད་པ་རྫོགས་སོ། ༼༡༡༽དང་དྲིའུ་དམར་ཐུགས་དམ་རྒྱུད་བསྐུལ་ལས། དེ་འོག་བསྐལ་པ་འོག་མ་ལ། མཚོ་རྔ་བྲག་དཀར་བྲག་ཕུག་ཏུ། སྤྲུལ་སྐུ་གཤེན་ཆེན་ཀླུ་དགའ་ཡིས། ཚོགས་དང་གཏོར་མས་ཐུགས་དམ་བསྐང་། ༼༡༢༽ཞེས་སོགས་ལུང་དུ་མ་ལས་གསལ་བའི་གནས་མཆོག་འདི་ནི་རྡོ་བཀྲ་ཡུལ་ཤོག་གི་ལྷོ་ཕྱོགས་སུ་ཡོད་པའི་དེང་དུས་མཚོ་མོ་བཀྲ་གླིང་ཟེར་བའི་མཚོ་ཟུར་དེར་ཡོད་ལ། ཡུལ་མི་རྒན་རབས་ཀྱིས་གསུངས་པ་ལྟར་ན་མཚོ་མོ་རྔ་ཡི་དབྱིབས་གཟུགས་འདྲ་བ་དང་དིལ་ཆུང་དྲིལ་བུའི་དབྱིབས་གཟུགས་འདྲ་བ་ཡོད་པས་སྔ་རབས་པས་མཚོ་རྔ་དྲིལ་ཆུང་དུ་ཟེར་བར་གྲགས་ལ་ཕྱིས་སུ་འགའ་རེས་མཚོ་མོ་དྲིལ་གླིང་ཡང་འབོད་པ་རེད་ཟེར། འདི་གར་འདུ་གནས་ཡིན་ལ་དེལ་ཆུང་གི་ཤར་གྱི་བྲག་ངོས་སུ་སྒྲུབ་ཕུག་གོང་འོག་གཉིས་ཡོད་ལ་སྒྲུབ་ཕུག་གོང་མ་དེ་བླ་མ་གཤེན་གྱི་སྒྲུབ་ཕུག་མཚོ་རྔ་བྲག་ཕུག་དཀར་རུ་འམ་ཡུལ་མིས་གུ་རུའི་སྒྲུབ་ཕུག་ཡིན་ཟེར་ཞིང། སྒྲུབ་ཕུག་གི་སྒོ་ཕྱི་ནང་བར་གསུམ་དུ་ཡོད་ཅིང་ཅོང་ཞིའམ་ཤེལ་རྡོ་ཡང་ན་རིན་པོ་ཆེ་ལ་གྲུབ་པའི་རང་བྱུང་ངོ་མཚར་ཅན་གྱི་ཕུག་པ་ཆེན་པོ་ཞིག་ཡོད་པའི་སྦུག་དེར་གུ་རུ་གཙོ་འཁོར་གྱི་རྡོ་སྐུ་རྙིང་པ་ཞིག་ཡོད། ། ད་དུང་འདི་གར་རྡོ་རིལ་རིལ་ལག་རྩེད་པོ་ལོ་ལས་ཆུང་བ་རྗིད་གོག་ཆེན་པོ་ཧང་སོང་དགོས་ཞིག་ཀྱང་ཡོད། ཕུག་པ་འོག་མ་དེར་དེང་སྐབས་དེའུ་རི་དགོན་པ་ཞེས་ཁྱོན་ཁང་པ་ལྔ་ཙམ་ཡོད་པའི་རྙིང་མའི་ལྟ་གྲུབ་འཛིན་པའི་རི་ཁྲོད་ཆུང་ངུ་ཞིག་འདུག་ཀྱང་ཁང་པ་ཕལ་ཆེ་བ་འཐོར་ཞིག་སོང་འདུག རི་གཤམ་གཤམ་མཚོ་ཟུར་དུ་གཤེན་ཆེན་པོས་གཏེར་ནས་བཞེས་པའི་ཆུ་མིག་ཞིག་ཡོད་པ་དེ་ཉིད་དེངས་དུས་ཡུལ་མིས་རྗེ་བཙུན་མིད་ལའི་སློབ་མ་རས་ཆུང་པའི་གཏེར་ཆུ་ཡིན་པར་བཤད། ཆུ་དེས་མིག་ལ་ཧ་ཅང་ཕན་པོ་ཡོད་རེད་ཟེར་བཞིན་འདུག དེའུ་རི་སྐོར་ན་ལམ་རྙིང་ཐོག་འགྲོ་བ་ལས་མཚོ་འགྲམ་ཉེ་དྲག་ན་འཁོར་ཆུང་འདམ་ལ་བྱིང་བའི་ཉེན་ཁ་ཆེ། ཡུལ་འདིར་ས་སྐྱིད་ལ་ལུག་ཤ་ཧ་ཅང་བྲོ་བ་ཞིམ་པོ་ཡོད།
ད་ལྟའི་གནས་ཡུལ། གཏིང་སྐྱེས་རྫོང་རྡོ་ཁྲ་འམ་མདོ་ཁྲ་ཤང་ནས་ལྷོ་ལ་སྤྱི་ལེ་༤ཙམ་ཡོད་པའི་མཚོ་མོ་བཀྲ་གླིང་འགྲམ་དུ་ཡོད། 多布扎湖
གཉན་རྩེ་གད་དམར།
གཉིས་པ། གཉན་རྩེ་ཐང་ཤོད་དང་འབྲིག་མཚམས་མཐའ་དཀར་ནི། ། བསྒྲགས་པ་རིན་ཆེན་གླིང་གྲགས་ལས། གཉེན་རྩེ་ཐང་ཤོར་བོན་གྱི་འདུ་འཚོགས་གནས། ༼༡༣༽ཞེས་དང་བདེན་པ་བོན་གྱི་མཛོད་སྒྲ་འགྲེལ་ལས་གཉའ་རྩེ་ཐང་ཤོད། ༼༡༤༽དང་དར་རྒྱས་གསལ་སྒྲོན་ལས། གཉའ་རྩེ་ཐང་ཤོད། ༼༡༥༽དང་སྐལ་བཟང་མགྲིན་རྒྱན་ལས། གཉན་རྩེ་ཐང་ཤོད་གྲམ་པ་ཁ་འུ་དང་། ༼༡༦༽དང་དེའི་ཟུར་རྒྱན་ནམ་༼༡༧༽དགེ་སློང་བསྟན་འཛིན་དབང་གྲགས་ཀྱིས་མཛད་པའི་<< གཡུང་དྲུང་བོན་གྱི་བསྟན་པ་སྔ་ཕྱིའི་དུས་སུ་དགོན་སྡེ་ཆགས་རབས་མདོར་བསྡུས་ལས་>>གཉེན་རྩེ་ཐང་ཤོད་ནི་དེའི་ནུབ་ཉེ་བར་བླ་མ་གཤེན་གྱི་བཞུགས་གནས། ༼༡༨༽ཞེས་དང་ཡོངས་འཛིན་བླ་མའི་བོད་ཡུལ་གནས་ཀྱི་ལམ་ཡིག་ལས། འབྲིག་མཚམས་གཉན་རྩེ་གད་དམར་ཡང་ཟེར། འབྲིག་མཚམས་མཐའ་དཀར་ཡང་ཟེར་ཏེ་དེལ་ཆུང་བྲག་འཁྲིག་དང་། ས་སྤང་གིས་གང་བ་ཞིག་དང་ཤར་ངོས་སུ་མིག་གུ་ཡོད་པ་ནས་ནང་དུ་གསོལ་བ་བཏབ་ནས་བལྟས་ན་རང་གི་མ་འོང་པའི་གནས་སྟངས་མཐོང་ཟེར། དེའི་མཐའ་ཡི་ཐང་ལ་ཁང་རོ་དང་། བརྩེགས་ཤུལ་ཐམས་ཅད་སྔར་རྒྱལ་རིགས་གཤེན་གྱི་བླ་བྲང་ཆགས་ཤུལ་ཡིན་པ་དང་། དེ་དུས་ཞིང་ས་ཆེན་པོ་ཡོད་པ་དང་། ཞུ་ལེགས་པོས་གཤེན་ཀླུ་དགར་ཞབས་ཕྱི་ཞུས་ཏེ། ཞིང་ལས་ཁུར་འདྲེན་སོགས་ཕྱི་ནང་གི་གཡོག་བྲན་ལོ་བཅུ་གཉིས་བར་དུ་བྱས་ཚེ་ཐང་དཀྱིལ་དུ་ལེགས་པོའི་ངལ་སྟེགས་ཀྱི་རྡོ་ཁྲི་ཡང་བརྩེགས་པར་གྲགས། ས་གནས་བྱིན་ཆེན་མ་གཏོགས་མཇལ་རྒྱུ་ཁྲ་ཆགས་སེ་བ་སེར་ལང་ངེ་བ་གང་ཡང་མེད། རུ་ལག་གི་འདུ་གནས་གཉེན་རྩེ་ཐང་ཤོད་ཅེས་དེ་པ་ཡིན། གསུངས་འདུག། དེ་ཡང་འབྲིག་མཚམས་ཞེས་ཤར་དུ་འགྲིག་གི་ལུང་པ་ཡོད་ལ་དེའི་མཚམས་སུ་གནས་པས་འབྲིག་མཚམས་དང་ཐང་ཆེན་པོ་ཞིག་གི་ཤོད་དུ་ཡོད་པས་ཐང་ཤོད་དུ་ཞེས་བཏག་པ་ཡིན་འདུག བླ་མ་གཤེན་ཆེན་པོའི་རྣམ་ཐར་ལས། འབྲིག་མཚམས་ཀྱི་བླ་མ་གཤེན་སྒུར་ཏེ། བདེ་བར་གཤེགས་པའི་སྤྲུལ་པ་མི་ཡི་ཆ་ལུགས་སུ་བྱོན་ནས། འཕྲུལ་ངག་བདེན་པ་བོན་གྱི་ཞལ་ཕྱེ་ནས། གཡུང་དྲུང་བོན་གྱིབསྟན་པ་དར་ཞིང་རྒྱས་པར་མཛད་དོ། དེ་ཡང་ཁོང་གི་བཞུགས་པའི་ཡུལ་ལགས་སྐད་ན། ཁོང་གི་ཡབ་མེས་ནི་བཀྲ་གསལ་ཀླུ་ཡི་རྒྱལ་པོ་ཞེས་བྱ་བ་ཡིན་ཞིང་། ཡང་ཕྱི་ལྷ་རྒྱལ་བཙུན་མོ་ཞེས་བྱ་བ་ཡིན་སྐད། ༼༡༩༽ཅེས་དང་གཤེན་གྱི་གདུངས་རབས་དབྱར་རྔ་ལྡིར་སྒྲ་ལས། དེར་ཡེ་ཤེས་དབལ་མོའི་སྤྲུལ་པ་སྐྱ་མི་གཅིག་གི་འདམ་ཉིན་པ་རྣམས་ལ་སྲིབ་པ་རྣམས་བསྐྱས་ཟིན་ཟེར། དེ་བཞིན་སྲིབ་པ་རྣམས་ལ་ཉིན་པ་རྣམས་བསྐྱས་ཟིན་ཟེར། སྲིན་བྱ་ལ་དམོད་བཙུགས་ཏེ་སྤུར་བས་ན། གཉན་རྩེ་ཐང་ཤོད་དུ་བབས། བླ་མ་གཤེན་གྱི་གཉན་རྩེར་ཡུལ་བཟུང་། ཡུལ་བཞིན་པ་ལ་སྔ་བ་བླ་མ་གཤེན་ཡིན་པ་དང་། ལྷོ་འབྲིག་མཚམས་སྐོར་གྱི་སའི་བདག་པོ་བླ་མ་གཤེན་ཡིན་པ་དང་། གཞན་ཡང་ཡུལ་མི་རྣམས་ཤར་གཙང་ཁ་ནས་འཆད་པར་བཤད། ༼༢༠༽ཅེས་པས་ཡབ་མེས་གོང་མ་རྣམས་ཀྱི་རིང་ལ་གཅོ་རོ་འདམ་ནས་ཡར་ལ་བྱོན་ནས། ལྷོ་ཡི་འབྲིག་མཚམས་གཉན་རྩེ་གད་དམར་དུ་ཐོག་མར་གཤེན་བཀྲ་གསལ་ཀླུ་ཡི་རྒྱལ་པོའི་སྐབས་སུ་འབྲིག་མཚམས་གཉན་རྩེ་གད་དམར་ལ་བཞུགས་པ་དེར་ཕྱིས་སུ་གཉན་རྩེ་གད་དམར་ལྷ་ཁང་ཟེར་ལ་འདི་གར་དམིགས་བསལ་དུ་སའམ་གད་པ་དམར་པོ་ཡོད་པས་གད་དམར་དུ་ཐོག་པར་ངེས། སྔར་གྱི་གད་དམར་ལྷ་ཁང་ནི་རིག་གནས་གསར་བརྗེའི་སྐབས་སུ་རུ་ཁག་གི་ཡུལ་སྐད་ལ་༼ཧ་ར་༽ཞེས་སྣུམ་བརྡུང་ས་བྱས་ཤིང་མཁར་ཤུལ་རྡོ་བརྩིགས་ཡང་ད་ལྟ་ཁང་དཀྱིལ་པད་མ་དབང་རྒྱལ་ཚང་གི་རྩྭ་རོ་བླུག་ས་བྱས་ཡོད། གྲོང་ཚོ་འདི་གར་དེང་སྐབས་གདོང་ནག་ཕྱུག་པོ་ཚང་གི་མི་རྒྱུད་དང་ཉེ་འབྲེལ་ལས་གྱེས་པའི་སྲིད་རྒྱལ་དྲིའུ་དམར་དང་གདོང་ནག་མ་གསོ་མཁན་ཕུར་བུ་སོགས་མི་ཚང་ལྔ་ཙམ་འདུག ཁོ་ཚོས་ལོ་ལྟར་ཧོར་ཟླ་ཅུ་གཅིག་པའི་ཚེས་ཉེར་དགུ་ཉིན་སྔར་གྱི་གདོང་ནག་ཕྱུག་པོའི་ཆགས་ས་གདོང་ནག་རི་བོའི་ཞོལ་གྱི་བརྟེན་མཁར་མདུན་དུ་རིམས་འགྲོ་བཅའ་སྲོལ་འདུག སྔར་བླ་མ་གཤེན་ཆེན་ཀླུ་དགའི་སྐབས་སུ་ལུང་པ་དེའི་སྟོད་འབྲིག་མཚམས་མཐའ་དཀར་ཞེས་པའི་བྲག་དཀར་པོ་དེ་ནས་སྔར་གྲི་གུམ་བཙན་པོས་བོན་བསྟན་གཙང་ཁུལ་དུ་བསྣུབ་སྐབས་སུ་སྦས་པའི་བོན་གཏེར་རྣམས་ཁོང་གིས་བཞེས་པ་ཏེ། གོང་མཚུངས་གདུང་རབས་དབྱར་རྔ་ལྡིར་སྒྲ་ལས། གཤེན་ཆེན་པོ་ཀླུ་དགའ་ལ། ཡེ་ཤེས་དབལ་མོའི་ཞལ་དངོས་སུ་བསྟན་ནས་དབང་བསྐུར་དང་ལུང་བསྟན་ནས། མེ་མོ་སྦྲུལ་ལོ་ལ། འབྲིག་མཚམས་མཐའ་དཀར་ས་རྟགས་མཚན་ལྡན་པ་ནས་གཏེར་རྟ་བྲོ་བོའི་སྤུ་ཚམ་མཆིས་པ་ལ། རྣ་མཆོག་གི་རྩིས་ཙམ་ཞིག་བསྟན་པ་རིན་པོ་ཆེ་གཏེར་ནས་སྤྱན་དྲངས་ནས། བྲུ་ཞུ་སྤ་རྨེའུ་ལ་སོགས་སྣོད་ལྡན་གྱི་སློབ་མ་རྣམས་ལ། ཕྱི་ནང་གསང་བའི་བོན་རྣམས་གཏན་ལས་ཕབས་ནས་བསྟན། སངས་རྒྱས་ཀྱི་བསྟན་པ་ཕྱོགས་བཅུར་རྒྱས་པར་སྤེལ་ལོ། ༼༢༡༽ཞེས་གཤེན་ཆེན་པོས་གཏེར་བཏོན་པ་དང་དེ་གར་དགོན་པ་བཏབ་ནས་ཕོ་བྲང་བཞེངས་བོན་བསྟན་ཕྱོགས་བཅུར་སྤེལ་བའི་ལོ་རྒྱུས་བོན་གྱི་དཔེ་ཆ་མང་པོར་འཁོད་ཡོད་པ་འདིར་རྒྱས་བཤད་མི་བྱ། ད་དུང་མཐའ་དཀར་བྲག་འདིར་ཟབ་གཏེར་མང་པོ་བཞུགས་ཡོད་སྟེ། གཤེན་ཆེན་ཀླུ་དགའི་རྣམ་ཐར་ལྷོ་གཏེར་བོན་གྱི་ལོ་རྒྱུས་ལས། ལེགས་པོས་བླ་མའི་སྐུ་ཚབ་དུ་བདག་འགྲོ་ཞུས་པས། དེས་མི་ཕན་ང་རང་འགྲོ་དགོས་པ་འདུག་གསུངས། མཐའ་དཀར་རུ་ན་ད་ལྟ་བོན་གཏེར་གྱི་ཙམ་བཞུགས་ཞུས་པས། བླ་མའི་ཞལ་ནས། གཡུང་དྲུང་བོན་རྟ་གྲོ་བོའི་སྤུ་ཙམ་ལས། ཁོ་བོས་རྣ་མཆོག་གཉིས་ཀྱི་ཆེ་ཙམ་ལས་མ་ཐོན། ད་ང་རང་མེད་ནས་མི་ཐོན་པར་གདའ་གསུངས། ཡང་ལེགས་པོས། གལ་ཏེ་ཐོན་ཀྱང་སྲིད། ཁ་བྱང་ཅིག་ཞུ་ཞུས་པས། བླ་མའིཞལ་ནས་སྤྲད་ཅིང་ལེགས་པོས་བྲིས་པའི་ཡིག་ཆུང་གཅིག་ཀྱང་ཡོད་སྐད། ༼༢༢༽ཅེས་གསུངས་འདུག་པས། སླད་མར་ནུས་མཐུ་ཅན་གྱི་གཏེར་སྟོན་ཚད་ལྡན་ཞིག་བྱུང་ན་འདི་གར་ད་དུང་བོན་གཏེར་མང་པོ་བཞེས་རྒྱུ་ཡོད་འདུག་གོ། དེང་དུས་བྲག་དཀར་དེའི་ངོས་སུ་གཤེན་གྱི་གཏེར་བཞེས་ཤུལ་དང་དེའི་བྲག་རྩ་རུ་ཕོ་བྲང་གི་ཤུལ་དེ་འོག་ཙམ་དུ་མཆོད་བརྟེན་མང་པོའི་སྨད་སོགས་མཇལ་རྒྱུ་ཡོད།
ཁོ་བོས་དཔྱད་ན་ད་ལྟའི་གཉན་རྩེ་གད་དམར་གྲོང་ཚོ་ཆགས་ས་དེར་འདུ་གནས་སོ་བདུན་ནང་ཚན་འབྲིག་མཚམས་གཉན་རྩེ་ཐང་ཤོད་དམ་འབྲིག་མཚམས་གཉན་རྩེ་གད་དམར་ཡིན་པ་དང་། གཉན་རྩེ་ཆུ་ཚན་གྱི་ཐད་དུ་ཡོད་པའི་གཏེར་བཏོན་པའི་ཤུལ་དང་ཕོ་བྲང་ངམ་དགོན་པ་མཆོད་བརྟེན་བཞི་ཅུ་ལྷག་གི་ཤུལ་ཡོད་པའི་ས་ཆ་ཡུལ་མིས་༼བོན་སྤྲུལ་སྐུ་གཤེན་ཆེན་ཀླུ་དགའི་གཏེར་གནས་འབྲིག་མཚམས་མཐའ་དཀར་༽རང་ཟེར་ས་འདི་ནི་བོད་རྒྱལ་མུ་ཁྲི་བཙན་པོས་སྔགས་ཀྱི་སྒྲུབ་སྡེ་སུམ་ཅུ་རྩ་བདུན་བཙུགས་པའི་ནང་ཚན་གྱི་༼འབྲིག་མཚམས་མཐའ་དཀར་༽རམ་གྲི་གུམ་སྐབས་སུ་བོན་གཏེར་ཐོག་མ་དང་སླར་ཡང་ཁྲི་སྲོང་སྡེ་བཙན་སྐབས་སུ་བོན་གཏེར་སྦས་སའི་གཏེར་བློན་སོ་བདུན་གྱི་ནང་ཚན་ ༼ཅོག་རོ་མཐའ་དཀར་༽ཞེས་པ་དེ་ཡིན་པར་ངོས་འཛིན་བྱ་བཞིན་ཡོད།
ད་ལྟའི་གནས་ཡུལ། གཏིང་སྐྱེས་རྫོང་མདོ་ཁྲ་ཤང་གཉན་རྩེ་གྲོང་ཚོ།
འབྲིག་མཚམས་མཐའ་དཀར།
མཇུག་བསྡུའི་གཏམ། གོང་དུ་བཤད་ཟིན་པའི་མཚོ་རྔ་དྲིལ་ཆུང་དང་གཉན་རྩེ་ཐང་ཤོད། འབྲིག་མཚམས་མཐའ་དཀར་འདི་དག་དཔེ་ཆ་དག་ལས་ཡར་མར་འཁྲུག་པ་ལྟ་བུ་དང་མཁས་པ་རྣམས་ཀྱིས་གཅིག་དང་ཐ་དད་ངོས་འཛིན་ཚུལ་མི་འདྲ་བ་འགའ་ཞིག་ཡོད་ཀྱང་དོན་དུ་ཚང་མ་རྒྱལ་གཤེན་རིག་འཛིན་གོང་མས་བྱིན་གྱིས་རླབས་པ་དང་ལུང་ལས་གསལ་བའི་གནས་རྩ་ཆེན་ཡིན་པ་བོན་གྱི་ཡིག་ཆ་དུ་མར་གསལ་ལ། ཁུལ་འདི་དག་དེང་སྐབས་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་སྲུང་སྐྱོབས་ཁུལ་ཡིན་པ་དང་། གནའ་བོའི་ཞང་བོད་ལོ་རྒྱུས་ལ་ཞིབ་འཇུག་བྱ་བར་རིན་ཐང་ལྡན་པའི་ལོ་རྒྱུས་ཀྱི་དཔང་པོ་དང་བོད་ལྗོངས་དང་མེས་རྒྱལ་གྱི་རང་འབྱུང་གཏེར་ཆེན་པོའི་ནོར་མཛོད་ཅིག་ཀྱང་ཡིན་པ་གོར་མ་ཆགས་པས་དེ་དག་སྲུང་སྐྱོབས་བྱེད་རྒྱུའི་འོས་འགན་སྤྱིར་འཛམ་གླིང་དང་སྒོས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀུན་ལ་ཡོད་པས་ཚང་མས་དོ་སྣང་ཡོད་པ་མ་ཟད། འདི་གའི་སྲིད་གཞུང་གོང་འོག་ནས་དམིགས་བསལ་སྲུང་སྐྱོབས་གནང་བའི་རེ་བ་ཞུ་བའི་དགོས་མཁོ་དང་འདི་དག་དོ་སྣང་བྱེད་མཁན་ལ་ཕན་ཐོག་ཡོང་བར་དམིགས་ནས་སྔར་གྱི་ཟིན་ཐོ་རྣམས་ལུང་རིག་དང་བསྟུན་ནས་བསམ་གཏན་འགྱུར་མེད་ནས་༢༠༢༤ལོའི་ཟླ་༤་ཚེས་ལྔ་ཉིན་བྲིས།
དཔྱད་གཞིའི་ཡིག་རིགས།༼༡༽<<གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་ཆེན་གླིང་གྲགས། >>དྲན་པ་ནམ་མཁས་མཛད། གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། ༢༠༡༠ མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས་ཤོག་ངོས་ (༡༠༧) ལས་གསལ།
༼༢༽<<བདེན་པ་བོན་གྱི་མཛོད་སྒྲ་འགྲེལ། >> དྲན་པ་ནམ་མཁས་མཛད། ༡༩༩༣ ཝཱ་ཎ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་། དེབ་གཟུགས་ཤོག་ངོས་ (༢༡) པར་གསལ།
༼༣༽<<བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ། >>སྤ་སྟོན་བསྟན་རྒྱལ་བཟང་པོས་མཛད། ༢༠༡༠ གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས་ཤོག་ངོས་ (༢༨༦) པར་གསལ།
༼༤༽༼༥༽<<གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན། >> གཙང་ཚ་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད། ༡༩༨༨ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། དེབ་གཟུགས་ཤོག་ངོས་ (༢༢༢་དང་༤༩༢) པར་གསལ།
༼༦༽<< གཡུང་དྲུང་བོན་གྱི་བསྟན་པ་སྔ་ཕྱིའི་དུས་སུ་དགོན་སྡེ་ཆགས་རབས་མདོར་བསྡུས་ལས་>>དགེ་སློང་བསྟན་འཛིན་དབང་གྲགས་ཀྱིས་མཛད། ཞང་ཞུང་རིག་གནས་དཔེ་དཀོན་གཅེས་ཕྲེང་། དགེ་སློང་བསྟན་འཛིན་དབང་གྲགས་གསུང་འབུམ། པོད་༣པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། དེབ་གཟུགས་ཤོག་ངོས་༤༢པར་གསལ།
༼༧༽<<བླ་མ་གཤེན་ཆེན་པོའི་རྣམ་ཐར། >>བྲིས་མ་བསྐྱར་དཔར་དཔལ་ལྡན་བླ་མའི་རྣམ་ཐར་མུ་ཏིག་ཕྲེང་བའི་ནང་ཤོག་ངོས་༦༠ལས་གསལ།
༼༨༽གོང་མཚུངས་བསྒྲགས་པ་རིན་ཆེན་གླིང་གྲགས། ཤོག་ངོས་༡༠༧པར་གསལ།
༼༩༽གོང་མཚུངས་དཔལ་ཚུལ་བསྟན་འབྱུང་སྐལ་བཟང་མགྲིན་རྒྱན། ཤོག་ངོས་༣༢༢པར་གསལ།
༼༡༠༽༼༡༡༽རྒྱལ་མོ་ཐུགས་ཀྱི་གཟེར་བུའི་སྒྲུབ་ཐབས། གཤེན་གཏེར་གྱི་གཏེར་མ། དཔེ་རྙིང་འབྲུ་སྒོམ་ཤིང་དཔར། དཔེ་གཟུགས་ཤོག་ངོས་༡༦པ་དང་༡༩པའི་རྒྱབ་ངོས།
༼༡༢༽དྲིའུ་དམར་ཆ་ལག ཞང་སྟོན་གྱི་མཛད་པ། གོང་མཚུངས་འབྲུ་སྒོམ་ཤིང་དཔར། མ་མོའི་ལག་ལེན་ཤོག་ངོས་༧པར་གསལ།
༼༡༣༽གོང་མཚུངས་བསྒྲགས་པ་རིན་ཆེན་གླིང་གྲགས། ཤོག་ངོས་༡༦༩པར་གསལ།
༼༡༤༽གོང་མཚུངས་མཛོད་སྒྲ་འགྲེལ། ཤོག་ངོས་༢༡པར་གསལ།
༼༡༥༽གོང་མཚུངས་དར་རྒྱས་གསལ་སྒྲོན། ཤོག་ངོས་༢༨༦པར་གསལ།
༼༡༦༽གོང་མཚུངས་སྐལ་བཟང་མགྲིན་རྒྱན། ཤོག་ངོས་༢༢༢་དང་༤༩༢པར་གསལ།
༼༡༧༽གོང་མཚུངས་བོན་གྱི་དགོན་སྡེ་ཆགས་རབས་མདོར་བསྡུས། ཤོག་ངོས་༤༢པར་གསལ།
༼༡༨༽བོད་ཡུལ་གནས་ཀྱི་ལམ་ཡིག་གསལ་བའི་དམིགས་བུ། སྨན་རི་བ་བསྟན་འཛིན་རྣམ་དག་གིས་མཛད། སྤྱི་ལོ་༢༠༡༤ལོར་སྟེང་ཆེན་དགོན་གཡུང་དྲུང་བོན་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ནས་སྤེལ། དེབ་གཟུགས་ཤོག་ངོས། ༡༤པར་གསལ།
༼༡༩༽གོང་མཚུངས་བླ་མ་གཤེན་ཆེན་པོའི་རྣམ་ཐར་ཤོག་ངོས་༥༩པར་གསལ།
༼༢༠༽དམུ་རིགས་གཤེན་གྱི་གདུང་རབས་དབྱར་གྱི་རྔ་གསང་ལྡིར་བའི་སྒྲ་དབྱངས་། གཙང་གཤེན་བཞེད་པའི་བཤེས་གཉེན་གྱི་མཛད། ༢༠༡༤ལོར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ནག་ཆུའི་བྱང་འབྲོག་ཤེས་རིག་དཔེ་ཚོགས། དེབ་གཟུགས། ཤོག་ངོས། ༨པར་གསལ།
༼༢༡༽གོང་མཚུངས་གདུང་རབས་དབྱར་རྔ་ལྡིར་སྒྲ། ཤོག་ངོས་༡༢པར་གསལ་ལ།
༼༢༢༽གཤེན་ཆེན་ཀླུ་དགའི་རྣམ་ཐར་ལྷོ་གཏེར་བོན་གྱི་ལོ་རྒྱུས། བློ་གྲོས་རྒྱལ་མཚན་གྱིས་མཛད། ༢༠༡༤ལོར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། བྱང་འབྲོག་ཤེས་རིག་དཔེ་ཚོགས། དེབ་གཟུགས། ཤོག་ངོས། ༣༧པར་གསལ་ལོ། །
ཡུལ་མི་དྲི་བ་ཞུ་ས། གཏིང་སྐྱེས་རྫོང་མདོ་བཀྲ་ཤང་གཉན་རྩེ་གྲོང་ཚོའི་ཕུར་བུ་སོགས་ཡོད།
རྩོམ་པ་པོ།
གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོ་སྤྱིའི་དེབ་བཅུ་དྲུག་པའི་སྟེང་ལ་སྤེལ་ཟིན།