སྨན་བྲག་གཡུ་མཚོ་དགོན་གཤེན་བསྟན་མི་ནུབ་དར་རྒྱས་གླིང་།
[ཟླ་ཚེས། 2023-01-02 12:43:01][རྩོམ་པ་པོ། ཨ་རུ་ཤེས་རབ་རྩལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
གནས་མཆོག་སྨན་བྲག་གཡུ་མཚོ་དགོན་གཤེན་བསྟན་མི་ནུབ་དར་རྒྱས་གླིང་གི་ལོ་རྒྱུས་གནད་བསྡུས་སྐལ་ལྡན་ཡིད་ལ་དགའ་སྟོན་འབྱེད་པའི་གནས་གསུམ་མཁའ་འགྲོ་དགྱེས་པའི་སྤྲོ་གླུ་ཞེས་བྱ་བ།
བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་ཕྱག་འཚལ་ལོ་། །
རྨད་འབྱུང་བོན་སྒོ་བརྒྱད་ཁྲིའི་མཛོད་ཀྱི་བདག །
ཁམས་གསུམ་འགྲོ་བའི་སྤྱི་དཔལ་དམུ་རྒྱལ་སྲས། །
རྣམ་འདྲེན་སྟོན་མཆོག་བརྒྱ་བའི་མགོན་པོ་ལ། །
བྱང་ཆུབ་བར་དུ་འདུད་དོ་དགེ་ལེགས་སྩོལ། །
ངོ་མཚར་མཚན་བཟང་སོ་ཕྲེང་འཛུམ་པ་ལས། །
སྙན་འཇེབས་རྐང་དྲུག་བུང་བའི་དབྱངས་སྙན་ཅན། །
ཟབ་དོན་ལེགས་བཤད་སྦྲང་རྩི་མངར་བའི་རོ། །
རྩོལ་མཛད་ཚངས་སྲས་མ་དེ་བདག་མགྲིན་བསྙེན། །
རྨད་བྱུང་བྱིན་རླབས་ཟབ་གདམ་གཏེར་གྱི་མཛོད། །
མཆོག་ཐུན་དངོས་གྲུབ་བྱེ་བའི་བདག་ཉིད་ཆེ། །
བླ་མ་རིག་འཛིན་མཁའ་འགྲོའི་ཚོགས་བཅས་ལ། །
སྒོ་གསུམ་གུས་པས་འདུད་དོ་དགེ་ལེགས་སྩོལ། །
ལུང་དང་རིག་པའི་བསྟན་དོན་མ་བསླད་པ། །
གང་ཞིག་མཐོང་ཐོས་བདེན་གཏམ་ཚད་མའི་དབྱངས། །
སྐལ་ལྡན་ཡིད་ལ་དགའ་སྟོན་རྟག་འབྱེད་པའི། །
གནས་གསུམ་མཁའ་འགྲོ་དགྱེས་པའི་སྤྲོ་གླུ་ལེན། །
རྨད་འབྱུང་བོན་སྒོ་བརྒྱད་ཁྲིའི་མཛོད་ཀྱི་བདག །
ཁམས་གསུམ་འགྲོ་བའི་སྤྱི་དཔལ་དམུ་རྒྱལ་སྲས། །
རྣམ་འདྲེན་སྟོན་མཆོག་བརྒྱ་བའི་མགོན་པོ་ལ། །
བྱང་ཆུབ་བར་དུ་འདུད་དོ་དགེ་ལེགས་སྩོལ། །
ངོ་མཚར་མཚན་བཟང་སོ་ཕྲེང་འཛུམ་པ་ལས། །
སྙན་འཇེབས་རྐང་དྲུག་བུང་བའི་དབྱངས་སྙན་ཅན། །
ཟབ་དོན་ལེགས་བཤད་སྦྲང་རྩི་མངར་བའི་རོ། །
རྩོལ་མཛད་ཚངས་སྲས་མ་དེ་བདག་མགྲིན་བསྙེན། །
རྨད་བྱུང་བྱིན་རླབས་ཟབ་གདམ་གཏེར་གྱི་མཛོད། །
མཆོག་ཐུན་དངོས་གྲུབ་བྱེ་བའི་བདག་ཉིད་ཆེ། །
བླ་མ་རིག་འཛིན་མཁའ་འགྲོའི་ཚོགས་བཅས་ལ། །
སྒོ་གསུམ་གུས་པས་འདུད་དོ་དགེ་ལེགས་སྩོལ། །
ལུང་དང་རིག་པའི་བསྟན་དོན་མ་བསླད་པ། །
གང་ཞིག་མཐོང་ཐོས་བདེན་གཏམ་ཚད་མའི་དབྱངས། །
སྐལ་ལྡན་ཡིད་ལ་དགའ་སྟོན་རྟག་འབྱེད་པའི། །
གནས་གསུམ་མཁའ་འགྲོ་དགྱེས་པའི་སྤྲོ་གླུ་ལེན། །
༧ ཞེས་སྐྱབས་ཡུལ་གོང་ལ་མཆོད་པར་བརྗོད་པའི་ལྷ་རྫས་དྲི་མ་མེད་པས་མདུན་ནས་བསུས་ཏེ་སྐབས་དོན་གྱི་གླེང་བར་བྱ་བ་ནི། 《གནས་མཆོག་སྨན་བྲག་གཡུ་མཚོ་དགོན་གཤེན་བསྟན་མི་ནུབ་དར་རྒྱས་གླིང་གི་ལོ་རྒྱུས་གནད་བསྡུས་སྐལ་ལྡན་ཡིད་ལ་དགའ་སྟོན་འབྱེད་པའི་གནས་གསུམ་མཁའ་འགྲོ་དགྱེས་པའི་སྤྲོ་གླུ།》ཞེས་བྱ་བ་ཡིན་ཏེ། དེ་ལ་དོན་རྣམ་པ་བཅུ་གཅིག་གི་སྒོ་ནས་བཤད་པར་བྱེད་ལ། གཅིག མིང་ཚིག་གི་ཐ་སྙད་གྲུབ་ཚུལ་དང་ས་ཁོངས་གནས་ཡུལ་བཤད་པ། གཉིས། གནས་ཀྱི་ཆགས་དབྱིབས་དང་ཕྱི་ཡུལ་སྣོད་བཅུད་ཀྱི་བཀོད་པ་བསྟན་པ། གསུམ། ཐོག་མར་གནས་འདིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཇི་ལྟར་དར་བའི་ཚུལ་བཤད་པ། བཞི། བསྟན་འཛིན་གཤེན་པོ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ཚུལ་བརྗོད་པ། ལྔ། གནས་འདི་རྩ་གསུམ་ཡི་དམ་ལྷ་ཚོགས་ཇི་ལྟར་གནས་པའི་ཚུལ་བསྟན་པ། དྲུག གནས་མཆོག་འདི་ལ་ཟབ་མོ་བོན་གྱི་གཏེར་ཁ་དང་བཀའ་རྟགས་ཡིག་འབྲུ་སོགས་ཀྱི་སྐོར་བཀོད་པ། བདུན། གནས་འདིར་ཕྱག་སྐོར་དང་ཁྲུས་བྱས་པའི་བྱིན་རླབས་དང་ཕན་ཡོན་བཤད་པ། བརྒྱད། གཏེར་སྲུང་དང་གནས་བདག་གི་སྐོར་བཤད་པ། དགུ། གནས་འདིར་དགོན་སྡེ་ཆག་བཏབས་པའི་ཚུལ་བཤད་པ། བཅུ། དགོན་པའི་ཕྱི་བསྟན་ལྷ་ཁང་དང་ནང་བསྟན་སྐུ་གསུང་ཐུགས་རྟེན་དང་ལྷ་ཆས་མཆོད་ཆས་སྐོར་བཤད་པ། བཅུ་གཅིག དགོན་པའི་ལོ་ཟླ་དུས་མཆོད་དང་ཆོས་ཕྱོགས་ཀྱི་བྱེད་སྒོའི་སྐོར་བཤད་པ་བཅས་སོ། །
དང་པོ། མིང་ཚིག་གི་ཐ་སྙད་གྲུབ་ཚུལ་དང་ས་ཁོངས་གནས་ཡུལ་བཤད་པ།
མིང་ཚིག་གི་ཐ་སྙད་གྲུབ་ཚུལ་དང་ས་ཁོངས་གནས་ཡུལ་ལ། ཐོག་མར་གནས་འདིའི་མིང་ལ་སྨན་བྲག་གཡུ་མཚོ་འམ་སྨན་རག་གཡུ་མཚོ་ཞེས་འབོད་པ་ཡིན། དེ་ཡང་སྨན་ནི་སངས་རྒྱས་སྨན་ལྷའི་དཀྱིལ་འཁོར་རང་གྲུབ་དང་རྒྱལ་བ་རིགས་ལྔ་རང་བྱོན་དུ་བཞུགས་པ། ནད་སེལ་སྨན་གྱི་དྲི་ངད་རང་བྱུང་དུ་གནས་པས་སྨན་ཞེས་དང་། བྲག་ནི་རི་བོ་འདི་ཉིད་གྲུབ་ཆ་གཙོ་བོ་བྲག་ཡིན་པ་དང་བྲག་རི་དཀར་པོ་ནོར་བུ་འབར་བའི་དབྱིབས་འདྲ་བར་ཡོད་པས་བྲག་དང་། གཡུ་མཚོ་ནི་བྲག་རི་དེའི་རྩེ་མོར་སྲིད་པའི་རྒྱལ་མོ་བྱ་ར་མ་གསུམ་གྱི་བླ་མཚོ་གཡུ་ཡི་མེ་ལོང་འདྲ་བ་ཞིག་ཡོད་པའི་ནང་དུ་གཡུ་ཡི་ཕ་བོང་ལུག་གི་གྲོད་པ་ཙམ་ཡོད་པས་གཡུ་མཚོ་ཞེས་འབོད་པ་དང་། ཡང་ན་སྨན་རག་ཞེས་པ་ནི་མཐའ་འཁོར་དུ་སྦྱོར་སྒྲོལ་རོལ་པའི་ཚུལ་དུ་སྨན་དང་རགྟའི་མཚོ་མོ་རང་འཁྱིལ་ཡོད་པས་སྨན་རག་ཅེས་གྲགས་སོ། གཉིས་པ་གནས་ཡུལ་ནི། དེང་གི་ཆར་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གཉན་རོང་རྫོང་བེ་གཞུང་ཤང་གྲོང་ཚོ་བརྒྱད་པའི་ས་ཁོངས་སུ་གནས་ཡོད། ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིད 4800 ལྷག་ཡོད་པ་དང་། གོ་ལའི་གཞུང་ཐིག 92 .56.16 དང་འཕྲེད་ཐིག 32.10.25 ཐོག་ཁེལ་ཡོད་པ་དང་། རྒྱལ་ལམ 345 ཡི་གཡོན་ཟུར་ནས་ལྷོ་ཤར་ཕྱོགས་རྨིད 20 ཙམ་གྱི་སར་བོན་ཆུ་ཤར་དུ་བབས་པའི་སྲིབ་ངོས་ཀྱི་རི་རྒྱུད་དུ་གནས་ཡོད། །
གཉིས་པ། གནས་ཀྱི་ཆགས་དབྱིབས་དང་ཕྱི་ཡུལ་སྣོད་བཅུད་ཀྱི་བཀོད་པ་བསྟན་པ།
གནས་འདི་ཡི་ཕྱི་ཡི་བཀོད་པ་ནི་སེང་གེ་གངས་ལ་འགྱིང་བ་འདྲ་བ་འམ་ནོར་བུ་རིན་ཆེན་ལ་དབང་གི་མེ་རི་འབར་བ་འདྲ་བའི་བྲག་རི་དཀར་པོ་བརྗིད་ཆགས་ཤིང་ངོ་མཚར་ཆེ་བ་ཞིག་ཡིན། དབུ་རྩེར་རྟག་ཏུ་སྨུག་སྤྲིན་མཛེས་པའི་ལ་ཐོད་ཅན་བཅིངས་པ། རི་ཡི་རྐེད་པ་ཙམ་ན་གཡའ་བྲག་རྫ་སྤང་ལས་གྲུབ་ཅིང་མཛེས་ཤིང་ལྟ་ན་སྡུག་པ། གཡས་གཡོན་ལ་དྭངས་གཙང་རྙོག་པ་མེད་པའི་ཆུ་ཕྲན་ཡན་ལག་བརྒྱད་ལྡན་དུ་འབབ་པ། རྩ་བར་དྲི་ངད་ལྡན་པའི་སྨན་དང་མེ་ཏོག་གླིང་ག་ན་སྨན་དང་རགྟའི་མཚོ་མོ་རང་འཁྱིལ་དུ་གནས་པའི་ནང་ནས་ངོ་མཚར་ཤིན་ཏུ་ཆེ་བའི་ལྗོན་ཤིང་འཁྲུངས་པ། མཐའ་འཁོར་དུ་དྲི་མེད་དྭངས་གཙང་གི་མཚོ་དང་མཚེའུ་དང་བྲག་རོང་འབབ་ཆུ་སོགས་མ་བཀོད་རང་གྲུབ་ཏུ་གནས་པ། མདུན་དུ་རྒྱལ་མོ་རྔུལ་ཆུའི་ཆུ་ཕུག་བོན་ཆུ་སྔོན་མོ་གཡུ་འབྲུག་འཁྱུག་པ་ལྟར་འབབ་པ་གཡས་གཡོན་གྱི་ཆུ་བོ་དང་ཆུ་ཕྲན་ལ་ཉ་སྲམ་ལ་སོགས་པའི་ཆུ་གནས་ཀྱི་རིགས་མི་འདྲ་བ་དུ་མ་གནས་པའི་དྭངས་བསིལ་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་ཤ་སྟག་ཏུ་སྣང་། གཡས་གཡོན་གྱི་རི་ནི་མཐོ་སར་རྫ་རི་དང་སྤང་རི་གཡའ་མ་ལ་སོགས་ལ་གྲུབ་ཅིང་མཐོ་ལ་གཟར་བ་དང་། གཞུང་གཞི་ཚང་མ་རྒྱ་ཆེ་མཐའ་ཡས་པའི་རྩྭ་ཐང་ན་ཁ་དང་སྤང་ཐང་ཡིན་པས། རྩྭ་ཆུ་མོད་ལ་སྨན་རིགས་མང་བ་དང་གཡས་གཡོན་དང་ཁོར་ཡུག་ཐམས་ཅད་སྐྱེ་དངོས་དང་གཏེར་ཁ་སྣ་ཚོགས་ཡོད་པ་སྟེ། གཟི་དང༌། ཁྲ་མན། ཁྱུང་སྐྱུག ནལ་ལ་སོགས་པ་མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ་དང༌། བཞུ་བའི་ཁམས་ཀྱི་རིན་པོ་ཆེའི་རིགས་ནི་གསེར་དང༌། དངུལ། ཟངས། ལྕགས་ལ་སོགས་དང༌། མི་བཞུ་བའི་ཁམས་ཀྱི་རྡོ་རིགས་ནི་ཁབ་ལེན་དང༌། གསེར་རྡོ། དངུལ་རྡོ། ལྕགས་རྡོ་ལ་སོགས་པ་བཞུ་བའི་ཁམས་ཀྱི་རྡོ་རིགས་དང༌། སྦལ་རྒྱབ་དང༌། གངས་ཐིག ཡུགས། ལྷང་ཚེར། མཐིང་རྒྱུས་ལ་སོགས་གཏེར་ཁ་ཆེ་ཕྲ་དཔག་ཏུ་མེད་པ་ཞིག་ཡོད། དེ་བཞིན་དབྱར་རྩྭ་དགུན་འབུ་དང་། ཨ་བྷི་ཥ། གངས་ལྷ་མེ་ཏོག གཟའ་དུག་ནག་པོ་དང༌། ཧོང་ལེན། བོང་དཀར། སྲོ་ལོ། གཡའ་ཀྱི་མ། གང་ག་ཆུང༌། བྱ་རྒོད་སུག་པ། དཔའ་བོ་དཀར་སེར། སྤང་རྒྱན་མེ་ཏོག ཨུཏྤལ། ལུག་མིག ཚེར་སྔོན། ཧ་ལོ་སེར་པོ། ཨུག་ཆོས། གང་ག་ཆུང་། གླང་རྣ་དམར་སེར། ལུག་རུ། ཀྱི་ལྕེ། ཤང་དྲིལ། མེ་ཏོག་སེར་ཅན་ལ་སོགས་པ་རྩི་སྨན་དང༌། སྔོ་སྨན་མཐའ་ཡས་པ་ཞིག་སྐྱེ་བ་མ་ཟད། སུར་དཀར་སུར་ནག་དང༌། སྤེན་ནེ་ལ་སོགས་པའི་ཤིང་ཕྲན་ཡང་སྐྱེ། སྤྱང་ཀི་དང༌། འཕར་བ། གསའ། དབྱི། ཝ། སྦྲེ། ཝ་སྤྱང་། དྲེད་མོང་སོགས་གཅན་གཟན་གྱི་རིགས་དང༌་། རྐྱང་། འབྲོང༌། ཤྭ་བ། གཙོད། གཉན། གླ་བ། གནའ་བ། དགོ་བ། འཕྱི་བ། རི་བོང་། གྲུམ་པ། ལ་སོགས་པའི་རི་དྭགས་ཀྱི་རིགས་མི་འདྲ་བ་མང་པོ་གང་དགར་རྒྱུ་བཞིན་ཡོད་པ་རེད། བྱ་རིགས་ལ་ལྷ་བྱ་གོང་མོ་དང་། ཁུ་བྱུག ཐང་དཀར། གོ་བོ། ནེ་ལེ། ཕོ་རོག ཁྲ། བྱ་གླག འུག་པ། འུག་ཆུང་། ཁྲུང་ཁྲུང་། ངང་དཀར། ངང་སེར། ཆུ་བྱ། ཀྱུང་ཀ་སོགས་དང་། བྱིའུ་ཡི་རིགས་ལ་ཕུག་རོན་དང་། རི་བྱིའུ་སག་པ། བྲག་བྱིའུ་ཁྲ་མོ། ན་བྱིའུ་སྐྱ་གྲོད། ཏིང་ཏིང་བྲང་དམར། ཕུ་ཤུད། དོང་བྲུ་སྐྱ་ཀེ། ཏིང་རེལ་ཁ་སེར། པ་ཏ་དཀར་ཡུ་སོགས་མང་པོ་ཡོད། དབྱར་གྱི་དུས་སུ་སྟོད་ཀྱི་བྲག་རི་ལ་སྤྲིན་དཀར་གྱི་ལ་ཐོད་གསོལ་བ་དང་། རྫ་སྤང་ལ་མེ་ཏོག་སྣ་ཚོགས་བཀྲ་བས་ལྷ་ཡུལ་ལྟར་མཛེས་པས་འགྲོ་བ་ཐམས་ཅད་ཀྱི་ཡིད་དབང་འཕྲོག་པ། སྟོན་གྱི་དུས་སུ་རྩི་ཤིང་རྣམས་བསྐམས་ཏེ་རི་ཀླུང་གསེར་མདོག་ཏུ་ཆགས་པ། དགུན་གྱི་དུས་སུ་གྲང་ལྷགས་ཅུང་ཆེ་བས་ཆུ་བོ་ཐམས་ཅད་དར་གྱི་སྦུབས་སུ་འཐུམས་པ། རི་ཀླུང་ཐམས་ཅད་ཁ་བའི་རྡུལ་གྱིས་ཁེངས་ཏེ་དཀར་སང་སང་དུ་འགྱུར་བ། དཔྱིད་ཀྱི་དུས་སུ་རྩྭ་ལོ་རྙིང་པ་ཟད་ཅིང་གསར་པ་མ་སྐྱེས་པ་རི་ཐང་ཐམས་ཅད་སྨུག་ནག་ཆགས་པ་བཅས་དུས་བཞིའི་རྣམ་འགྱུར་ཧ་ཅང་གསལ་བ་དང་། གནས་ཀྱི་ཁྱད་བོན་དང་རི་བོའི་གྲུབ་ཚུལ་རང་བྱུང་ཁོར་ཡུག་གི་བཀོད་པ་སྐྱེ་དངོས་ཀྱི་ངོ་མཚར་སོགས་ལ་བལྟས་ནས་ཀུན་གྱི་ཡིད་དབང་འཕྲོག་པ་ཞིག་དང་། ལྗོངས་རྒྱུ་དང་ཡུལ་སྐོར་གནས་སུ་བྱས་ན་ཤིན་ཏུ་ངོ་མཚར་ཆེ་བ་ཡོད་པ་བཅས་གནས་ཀྱི་ཆགས་དབྱིབས་དང་ཕྱི་ཡུལ་སྣོད་བཅུད་ཀྱི་བཀོད་པ་རེ་ཞིག་བསྟན་པའོ། །
ཉོན་ཤེས་སྒྲིབ་གཉིས་དག་གིས་གོས་པ་ཡི། །
ཐུན་མིན་ཡོན་ཏན་དེ་ཉིད་མ་རྟོགས་ཀྱང་། །
ཐུན་མོང་སོ་སོ་སྐྱེ་བོའི་སྣང་ངོར་ཡང་། །
རྨད་བྱུང་ངོ་མཚར་སྤྲོ་དགའི་སྣང་བ་སྦྱིན༌། །
ཐུན་མིན་ཡོན་ཏན་དེ་ཉིད་མ་རྟོགས་ཀྱང་། །
ཐུན་མོང་སོ་སོ་སྐྱེ་བོའི་སྣང་ངོར་ཡང་། །
རྨད་བྱུང་ངོ་མཚར་སྤྲོ་དགའི་སྣང་བ་སྦྱིན༌། །
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
གསུམ་པ། ཐོག་མར་གནས་འདིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཇི་ལྟར་དར་བའི་ཚུལ་བཤད་པ།
དེ་ཡང་བདག་ཅག་གི་སྟོན་པ་རྣམ་འདྲེན་བརྒྱད་པ་མཆོག་གཤེན་རབ་མི་བོ་ཀུན་ལ་རྣམ་པར་རྒྱལ་བ་དེ་ཉིད་ཀྱི་འདུལ་ཞིང་བསིལ་ལྡན་ཁ་བ་ཅན་གྱི་ཞིང་མཆོག་ཞང་བོད་ས་ཡི་ཡུལ་གྲུ་མདོ་སྟོད་མིའི་ཆོལ་ཁ་ཇིང་གིར་ཧོར་སྤྱི་རྒྱལ་པོའི་མངའ་སྡེ་བོན་གཞུང་གི་ཡུལ་གྲུ་སྟོད་སྨད་འདི་ལ་གནའ་དུས་སུ་བློ་གྲོས་དང་ལྡན་པའི་ཕ་མེས་གོང་མ་རྣམས་ཀྱི་གསུང་རྒྱུན་ལྟར་ན་ངོ་མཚར་གྱི་གནས་བཞི་དང་། ཁྱད་འཕགས་ཀྱི་དགོན་བཞི་སོགས་ཡོད་པའི་ངག་རྒྱུན་དང་། དེ་བཞིན་གྲགས་ཆེ་བའི་ལོ་རྒྱུས་བོན་གྱི་བསྟན་འབྱུང་དར་རྒྱས་གསལ་སྒྲོན་དང་གཡུང་གླིང་རྒྱལ་ཚབ་ཀྱི་གསུང་འབུམ། དེ་བཞིན་འབྲེལ་ཡོད་ཡིག་ཚགས་མང་པོའི་ནང་དུ་འཁོད་པ་དང་། སྐྱེས་ཆེན་དམ་པ་དུ་མས་བྱིན་གྱིས་བརླབས་ཅིང་ལུང་གིས་མངགས་པའི་གནས་མཆོག་སྨན་བྲག་གམ་སྨན་རག་འདི་ཉིད་ནི། ཐོག་མར་སྟོན་པ་ཐུགས་རྗེ་ཅན་དེ་ཉིད་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི་སྒོ་ནས་འགྲོ་དོན་མཛད་པའི་དུས་དེར། ལྷོ་འཛམ་བུ་གླིང་གི་དབུས་ཞང་ཞུང་དང་བོད་ཀྱི་ས་ཁུལ་འདི་སྟོན་པ་ཞབས་བཅགས་པའི་ས་དང་བསྟན་པ་བཞག་པའི་གནས་དང་ཕྱིས་སུ་བོན་བསྟན་དར་བའི་སྨོན་ལམ་མཛད་པའི་ཡུལ་ཡིན་པ་དང་། སྐབས་དེ་དུས་ས་སྐོར་འདི་ནི་ཞང་ཞུང་གི་ཁོངས་སུ་གཏོགས་པ་དང་། སྟོད་ཁྱུང་ལུང་དངུལ་མཁར་མན་ཆད་སྨད་སུམ་པ་གླང་གི་གྱིམ་ཤོད་ཡན་ཆད་ཞང་ཞུང་གི་མངའ་ཁོངས་སུ་ཡིན་ངེས་ཏེ། གང་སར་ཞང་ཞུང་རྨར་ཡིག་གི་རྡོ་སྐོས་དང་བྲག་རིས་སོགས་མཐོང་རྒྱུ་ཡོད་པ་ཡིན། ས་གནས་འདི་ཡང་སྟོན་པའི་བྱིན་རླབས་དང་འོད་ཟེར་འཕྲོས་པའི་གནས་ཤིག་ཡིན་ཏེ། བླ་མ་དང་མཁས་གྲུབ་གོང་མ་རྣམས་ཀྱིས་མཛད་པའི་གནས་ཀྱི་མཆོད་བསྟོད་དང་བསང་བརྔན་སོགས་ལས། སྔོན་ཚེ་སྟོན་པ་གཤེན་རབ་དང་བར་དུ་སྟོང་རྒྱུང་དྲན་པ་སོགས་ཀྱི་སྤྱན་སྔར་ཁས་བླངས་དམ་བཅས་པ་ཞེས་སོགས་འཁོད་འདུག ཡང་བོད་རྒྱལ་མུ་ཁྲི་བཙན་པོའི་སྐུ་དུས་སུ་གཤེན་ནམ་མཁའ་སྣང་བ་མདོག་ཅན་སོགས་སྟག་གཟིག་དང་ཞང་བོད་ཀྱི་མཁས་པ་རྒྱ་རྩ་བརྒྱད་གདན་དྲངས་ན་བོད་དུ་བོན་གྱི་འདུ་གནས་སུམ་བཅུ་རྩ་བདུན་བཙུག་པ་དང་། གཞན་ཡང་གནས་དང་གནས་ཕྲན་རྣམས་ལ་སྔགས་སེམས་ཀྱི་བསྟན་པ་སྤེལ་བའི་དུས་དེར། གནས་འདི་ཡང་བསྟན་པ་བཞག་པའི་ས་རྟགས་སུ་ངེས་སྟེ། བྱང་ནུབ་ཀྱི་བྲག་ལ་གཡུང་དྲུང་གི་རི་མོ་རང་བྱོན། བྱང་ཤར་གྱི་བྲག་ལ་སྟོང་རྒྱུང་གི་ཞབས་རྗེས། ལྷོ་ནུབ་ཀྱི་བྲག་ལ་སྲིད་རྒྱལ་དྲེའུ་དམར་གྱི་ཞབས་རྗེས། དབུས་ཕྱོགས་བྲག་ཕུག་ནང་དུ་མཁའ་འགྲོའི་སྐྱུ་བརྙན་རང་བྱོན་དང་འདའ་མེད་མར་མེ་གསལ་སྒྲོན། བར་དོའི་བྲག་འཕྲང་ནང་དུ་ངོ་མཚར་ཆེ་བའི་རི་མོ་དང་། བཀའ་རྟགས་དང་ཡིག་འབྲུ་གྲངས་མེད་མཇལ་ཡུལ་དུ་གྱུར་ཡོད་པ་དེ་ནི་བསྟན་པ་དར་བ་དང་བསྟན་པ་སྤེལ་བ་བསྟན་པ་བཞག་པའི་མཚོན་རྟགས་ཡིན་པ་ལུང་རིགས་ཚང་མས་སྒྲུབ་ནུས་པ་བཅས་གནས་འདིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཇི་ལྟར་དར་བའི་ཚུལ་ཅུང་ཟད་ཙམ་བཤད་པ་ཡིན་ནོ། །
གནས་འདིར་གཞན་ལ་འཕགས་པའི་ཡོན་ཏན་ནི། །
སྔོན་ཚེ་རྣམ་འདྲེན་བརྒྱ་བའི་མགོན་པོ་ནས། །
ད་བར་བྱིན་བརླབས་རྒྱུད་པ་མ་ཆད་པའི། །
གཡུང་དྲུང་བོན་གྱི་བསྟན་པ་ཉམ་མེད་གནས། །
སྔོན་ཚེ་རྣམ་འདྲེན་བརྒྱ་བའི་མགོན་པོ་ནས། །
ད་བར་བྱིན་བརླབས་རྒྱུད་པ་མ་ཆད་པའི། །
གཡུང་དྲུང་བོན་གྱི་བསྟན་པ་ཉམ་མེད་གནས། །
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
བཞི་པ། བསྟན་འཛིན་གཤེན་པོ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ཚུལ་བརྗོད་པ།
བསྟན་འཛིན་གཤེན་པོ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ཚུལ་ལ། ཐོག་མར་རྣམ་འདྲེན་རྫོགས་པའི་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་ནས་བོན་སྔ་དར་གྱི་དུས་སུ་གནས་འདིར་མཁས་པ་མི་བཞི་དང་བླ་ཆེན་དྲན་པ་ནམ་མཁའ་སོགས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པ་དང་བོན་གྱི་ཟབ་གཏེར་སྦས་པའི་གནས་སུ་ངེས་ཏེ་མཆོད་བསྟོད་ལས། རྔམ་པ་རྗེས་བཟང་མཁས་བཞི་ཁོད་སྤུང་རྗེས། ། ཤིན་ཏུ་བཀའ་གཉན་ཟབ་གཏེར་དུ་མ་སྦས། ། ཞེས་གསལ་བ་དང་། ཡང་སྒོ་སྟོན་ཁྲོ་བོ་རྒྱལ་མཚན་གྱིས་མཛད་པའི་གནས་ཀྱི་མཆོད་བརྔན་ལས། སྨན་མཆོག་བྲག་དཀར་ལོག་རྣམས་དང་། ། གནས་ཕུག་གཞལ་ཡས་ཐམས་ཅད་ལ། ། རང་བྱོན་སྐུ་གཟུགས་དུ་མ་དང་། ། ཟབ་མོའི་གཏེར་ཁ་སྣ་ཚོགས་དང་། ། བཀའ་རྟགས་ཡིག་འབྲུ་གྲངས་མེད་རྣམས། ། མི་མངོན་སྦལ་ཚུལ་མང་དུ་བཞུགས། ། ཕྱག་བསྐོར་གང་བྱས་འདྲེན་པར་ནུས། ། ཞེས་སོགས་གསུངས་པ་ལྟར་ན་བོན་བསྟན་སྔ་དར་གྱི་སྐབས་སུ་མཁས་པ་མི་བཞི་དང་སྟོང་རྒྱུང་དང་དྲན་པ་སོགས་བོན་གཤེན་རིག་འཛིན་རྣམས་གནས་འདིར་བྱོན་མྱོང་བ་བསྟན་པ་མ་ཟད། སྟོང་རྒྱུང་གི་ཞབས་རྗེས་ཡང་ད་ལྟ་མཇལ་ཡུལ་དུ་ཡོད་པ་ཡིན། དེ་བཞིན་དུ་བོན་ཕྱི་དར་སྐབས་སུ་གཏེར་སྟོན་གཤེན་གྱེར་རྨ་འབྱིལ་དང་། ཁྱད་པར་དུས་རབ་བཅུ་གཉིས་པའི་ནང་དུ་རིག་འཛིན་རྒོད་ལྡེམ་མམ་དབྱིལ་སྟོན་ཁྱུང་རྒོད་རྩལ་གྱིས་གནས་སྒོ་ཕྱེས་ཤིང་བྱིན་གྱིས་རླབས་པ་དང་། གནས་ཀྱི་དཀར་ཆག་དང་ལོ་རྒྱུས་སོགས་ཡོད་ཚུལ་ཡུལ་མའི་ངག་རྒྱུན་དུ་འདུག་ཀྱང་ཡི་གེ་ཉར་ཚགས་བྱེད་མ་ཐུབ་པས་དངོས་སུ་མཇལ་ཡུལ་དུ་མ་མཐོང་ངོ་། དེ་རྗེས་བླ་མ་གཡུང་དྲུང་ཐོག་མེད་ཀྱིས་དགོན་སྡེ་ཆག་བཏབས་ཤིང་དེ་ནས་བཟུང་སྐྱེས་ཆེན་དམ་པ་དུ་མས་སྒོམ་སྒྲུབ་ཉམས་ལེན་གནང་བ་དང་། གཏེར་ཆེན་བླ་མ་མང་པོ་བྱོན་ཞིང་ཟབ་གཏེར་བཞེས་པ། གདན་ས་ཐོག་འོག་མཁན་སློབ་དུ་མ་དང་། ཁྱད་པར་གཤེན་འཛམ་གླིང་དབང་འདུས་དང་ཞུ་སྟོན་བཀྲ་ཤིས་བྱམས་མ། དྲང་སྲོང་བཟོད་པ་རྒྱལ་མཚན། སྒོ་སྟོན་ཁྲོ་བོ་རྒྱལ་མཚན། འབྲུ་སྒོམ་ཚུལ་ཁྲིམས་རྒྱལ་མཚན། དེ་བཞིན་དགོན་པའི་བླ་རབས་རིམ་བྱོན་དང་ཁྱད་པར་སྤྱང་འཕགས་ཀུན་ཏུ་རིན་པོ་ཆེ་སོགས་སོགས་ཡུལ་གྱི་བླ་སྤྲུལ་སྐྱེས་ཆེན་དམ་པ་དུ་མས་སྒོམ་སྒྲུབ་ཉམས་ལེན་གནང་བ་དང་ཡུལ་གྱི་ལྷ་སྡེ་དད་ལྡན་མང་ཚོགས་ལ་དབང་ལུང་ཁྲིད་གསུམ་གྱི་བོན་གྱི་འཁོར་ལོ་བསྐོར་བ་སོགས་བསྟན་འཛིན་གཤེན་པོ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ཚུལ་ཅུང་ཞིག་བརྗོད་པ་ཡིན་ནོ། །
ཐར་པའི་ཉེ་ལམ་འཛིན་པའི་རྣལ་འབྱོར་བ། །
དབེན་ལ་ཉམས་རྟོགས་སྒོམ་ལ་སྤྲོ་བ་དག །
གནས་འདི་ཐར་བའི་རྒྱན་དུ་བསྟེན་མཛོད་དང་། །
རིག་འཛིན་གྲལ་ལ་ཚུད་པར་ཐེ་མི་ཚོམ། །
དབེན་ལ་ཉམས་རྟོགས་སྒོམ་ལ་སྤྲོ་བ་དག །
གནས་འདི་ཐར་བའི་རྒྱན་དུ་བསྟེན་མཛོད་དང་། །
རིག་འཛིན་གྲལ་ལ་ཚུད་པར་ཐེ་མི་ཚོམ། །
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
ལྔ་པ། གནས་འདི་རྩ་གསུམ་ཡི་དམ་ལྷ་ཚོགས་ཇི་ལྟར་གནས་པའི་ཚུལ་བསྟན་པ།
གནས་འདི་ཡི་དམ་གང་གི་གནས་ཡིན་པ་དང་རིག་འཛིན་མཁའ་འགྲོ་རྣམས་ཀྱི་ཕྱི་ནང་གསང་བ་ཡང་གསང་གི་སྒོ་ནས་ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་བྱིན་གྱིས་བརླབས་པའི་ཚུལ་ལ། དང་པོ་གནས་འདི་ནི་རྩེ་མོ་གོང་འོག་བར་གསུམ་དང་ལྡན་པ་དང་བྲག་རི་དཀར་པོ་ཡིད་བཞིན་གྱི་ནོར་བུ་ལ་དབང་གི་མེ་རི་འབར་བ་འདྲ་བ་དང་། ཡེ་ཤེས་དང་རྫུ་འཕྲུལ་ལས་ལས་གྲུབ་པའི་ཚུལ་དུ་རྩེ་མོ་གོང་འོག་བར་གསུམ་དང་ལྡན་པ། ཕྱོགས་མཚམས་ཀྱི་བྲག་དཀར་ཐམས་ཅད་ནི་ལྷ་དམག་དང་གསས་དམག་འདུ་བ་འདྲ་བ་དང་། ཕྱོགས་བཞི་ནི་ཞི་རྒྱས་དབང་དྲག་གི་ཚུལ་དུ་གྲུབ་པ་ནི། སྒོ་སྟོན་ཁྲོ་བོ་རྒྱལ་མཚན་གྱིས་མཛད་པའི་བསང་བརྔན་ལས། སྨན་བྲག་ལྷ་ཡི་ཁང་བཟང་ནི། ཡེ་ཤེས་རྫུ་འཕྲུལ་ལས་ཀྱི་ཚུལ། རྩེ་མོ་གོང་འོག་གསུམ་དང་ལྡན། ཕྱོགས་བཞི་དག་ནས་མཇལ་ཙམ་ནས། ཡིད་བཞིན་ནོར་བུ་འབར་བ་འདྲ། ཕྱོགས་མཚམས་བྲག་དཀར་ཐམས་ཅད་ནི། ལྷ་དམག་གསས་དམག་འདུ་བ་འདྲ། ཞི་རྒྱས་དབང་དྲག་ཚུལ་དང་ལྡན། ཞེས་རྩེ་མོ་གོང་འོག་བར་གསུམ་དང་ལྡན་པའི་གོང་མ་ལ་བདེ་གཤེགས་རྒྱལ་བ་རིགས་ལྔ་དང་སངས་རྒྱས་སྨན་ལྷའི་ལྷ་ཚོགས་རང་བྱུང་དུ་གྲུབ་པ་དང་། ཡེ་ཤེས་དང་རྫུ་འཕྲུལ་ལས་ལ་གྲུབ་པའི་སྲིད་རྒྱལ་དཀར་སྨུག་ནག་གསུམ་གྱི་ལྷ་ཚོགས་རང་བྱུང་དུ་གྲུབ་པའི་ཚུལ་ནི། སྒོ་སྟོན་ཁྲོ་བོ་རྒྱལ་མཚན་གྱིས་མཛད་པའི་བསང་བརྔན་ལས། གོང་མ་ཡེ་རྗེ་སྨན་ལྷའི་བྲག ། རྒྱལ་བ་རིགས་ལྔ་རང་བྱོན་བཞུགས། ། སངས་རྒྱས་སྨན་ལྷ་འཁོར་བཅས་ལ། ། ཞེས་བདེ་གཤེགས་རྒྱལ་བ་རིགས་ལྔའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་རང་བཞིན་དུ་གནས་པ་དང་སངས་རྒྱས་སྨན་ལྷའི་དཀྱིལ་འཁོར་རང་བྱུང་དུ་གྲུབ་པ་ཡིན་ནོ། ཡང་ཡེ་ཤེས་རྫུ་འཕྲུལ་ལས་གྲུབ་པའི་སྲིད་རྒྱལ་དཀར་སྨུག་ནག་གསུམ་གྱི་གནས་ཡིན་པའི་ཚུལ་ནི་བསང་བརྔན་ལས། དེ་འོག་གནམ་ཕྱི་སྨན་མོའི་བྲག། དཀར་མོ་སྲིད་རྒྱལ་བླ་མཚོ་ལ། ། རྫུ་འཕྲུལ་སྨན་མོའི་སྡེ་ཚོགས་ཡོད། ། དེ་འོག་དབང་ཕྱུག་སྨུག་མོའི་བྲག། ནག་མོ་སྲིད་རྒྱལ་བླ་མཚོ་ཡོད། ། ལས་ཀྱི་མ་མོ་ཀླུ་སྨན་གནས། ། ཞེས་དང་། མཆོད་བསྟོད་ལས། གཏེར་བདག་རྒྱལ་མོ་གསུམ་གྱི་བླ་མཚོ་ནི། ཁྲུས་རྫས་གྲིབ་དག་ནད་སེལ་རྐྱེན་རྣམས་ཞི། ཞེས་གཏེར་བདག་སྲིད་རྒྱལ་དཀར་སྨུག་ནག་གསུམ་གྱི་བླ་བྲག་དང་བླ་མཚོ་ཡིན་པ་ལུང་ཚིག་གིས་གྲུབ་པ་ཡིན་ནོ། ཞི་རྒྱས་དབང་དྲག་གི་ལྷ་ཚོགས་རང་བྱུང་དུ་གྲུབ་པའི་ཚུལ་ལ། ཤར་ཕྱོགས་བྲག་ལ་འོད་ཟེར་ཁ་དོགས་སྣ་ཚོགས་འཇའ་ཚོན་ལྟར་བཀྲ་བ། བྱང་ཕྱོགས་སུ་སྨན་དང་རགྟའི་མཚོ་མོ་རང་འཁྱིལ་དུ་གནས་པ། ནུབ་ཕྱོགས་སུ་ཐེག་པ་རིམ་དགུའི་མཚོན་བྱེད་བྲག་བང་རིམ་དགུ་རྩེག་དང་། བྲག་ལ་ཐར་པའི་སྐས་ལམ་རང་བྱུང་དུ་དོད་པ། ལྷོ་ནུབ་གཡུ་ཡི་ལུང་ལ་བཟང་དྲུག་དང་སྨན་དྲི་བཟང་གི་ལྗོན་ཤིང་ཚལ་དུ་གནས་པ། ལྷོ་ཕྱོགས་སུ་སྦྱོར་སྒྲོལ་རོལ་པའི་ཚུལ་དུ་སྨན་དང་རགྟའི་མཚོ་མོ་ཁ་དོག་སྣ་ཚོགས་རང་འགྱུར་དུ་གནས་པ། ལྷོ་ཤར་རྔ་གཤང་དུང་གླིང་སྒྲ་སྙན་སྒྲོགས་པ་སོགས་ངོ་མཚར་ཤིན་ཏུ་ཆེ་བ་ཡོད་པ་ནི་བཤད་སྒྲོས་ཙམ་མ་ཡིན་པ་དངོས་སུམ་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བ་ཡིན་ནོ། །
གཞན་དུ་རྒྱལ་བསྟན་སྐྱོང་མཛད་གྲུབ་པའི་མཐའ། །
སོ་སོའི་ཡི་དམ་ལྷ་ཡི་དཀྱིལ་འཁོར་དང༌། །
མོས་པའི་ཁམས་བཞིན་དད་པའི་ཞིང་གི་སར། །
ལྷུན་གྲུབ་ཡོན་ཏན་བཀོད་པ་གནས་འདིར་རྫོགས། །
སོ་སོའི་ཡི་དམ་ལྷ་ཡི་དཀྱིལ་འཁོར་དང༌། །
མོས་པའི་ཁམས་བཞིན་དད་པའི་ཞིང་གི་སར། །
ལྷུན་གྲུབ་ཡོན་ཏན་བཀོད་པ་གནས་འདིར་རྫོགས། །
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
དྲུག་པ། གནས་མཆོག་འདི་ལ་ཟབ་མོ་བོན་གྱི་གཏེར་ཁ་དང་བཀའ་རྟགས་ཡིག་འབྲུ་སོགས་ཀྱི་སྐོར་བཀོད་པ།
བོད་ཀྱི་རྒྱལ་པོ་གྲི་གུམ་བཙན་པོ་དང་ཁྲི་སྲོང་ལྡེའུ་བཙན་གཉིས་ཀྱི་སྔ་རྗེས་སུ་བོན་བསྟན་ཐེངས་གཉིས་སྣུབ་པའི་སྐབས་དེར་ལི་ཤུ་དང་སྟོང་རྒྱུང་དྲན་པ་སོགས་གྲོས་བྱས་ཏེ། བོན་རྣམས་གཏེར་དུ་སྦས་པ་གཏེར་ཁ་ཆ་གསུམ་གཏེར་ཕྲན་བརྒྱ་དང་རྩ་བརྒྱད་སྟོང་དང་རྩ་དགུ་སོགས་སྔ་རྗེས་སུ་ཞང་བོད་ཀྱི་ཡུལ་གྲུ་ཀུན་ལ་སྦས་ཤིང་། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། གཤེན་དྲན་པ་དང་སྟོང་རྒྱུང་ལསོགས་གྲོས་བྱས་ཏེ། བོན་རྣམས་དབུས་གཙང་རུ་བཞི་དང་། མདོ་ཁམས་སྟོད་སྨད་རྣམས་སུ་སྦས་ཞེས་དང་། གཤེན་རྫུ་འཕྲུལ་དང་ལྡན་པ་དང་གཤེན་ཕྲན་རྐང་མགྱོགས་གྲུབ་པ་རྣམས་ཀྱིས་ཏི་སེ་ཤེལ་ཕུག་མན་ཆད་དང་། རྒྱ་ཡུལ་དར་རྩེ་ཡན་ཆད་ལ་གཏེར་ཁ་སུམ་བརྒྱ་དྲུག་བཅུ་དང་། གཡུང་དྲུང་བོན་རྣམས་གཏེར་དུ་སྦས་ཞེས་དང་། གཞན་ཡང་གཏེར་ཕྲན་རྣམས་ནི་ངེས་པ་མེད་པར་ཡུམ་སྲས་ལྔ་སོགས་གཏེར་བདག་ཁག་སོ་སོར་གཏད་གསུངས་པ་ལྟར་ན། གནས་འདི་ཡང་གཏེར་ཕྲན་གྱི་གནས་སུ་ཡིན་པར་ངེས་ཏེ། སྤྱི་ལོ ༡༩༣༢ སྟེ་བོད་ཆུ་སྤྲིལ་ལོའི་བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་སྤ་ཚང་གཏེར་ཆེན་གྱིས་གསང་བ་གསུམ་འདྲིལ་གཏེར་དུ་བཞེས་སའི་གནས་མཆོག་རྒྱལ་པོ་ཤེལ་ཁོལ་དང་། སྨན་བྲག་གཡུ་མཚོ་འདི་ཉིད་གཡུང་དྲུང་བོན་རྣམས་གཏེར་དུ་སྦས་པའི་གནས་གཅིག་ཡིན་ཏེ། སྒོ་སྟོན་ཁྲོ་བོ་རྒྱལ་མཚན་གྱིས་མཛད་པའི་བསང་བརྔན་ལས། སྨན་མཆོག་བྲག་དཀར་ལོག་རྣམས་དང་། གནས་ཕུག་གཞལ་ཡས་ཐམས་ཅད་ལ། རང་བྱོན་སྐུ་གཟུགས་དུ་མ་དང་། ཟབ་མོའི་གཏེར་ཁ་སྣ་ཚོགས་དང་། བཀའ་རྟགས་ཡིག་འབྲུ་གྲངས་མེད་རྣམས། མི་མངོན་སྦལ་ཚུལ་མང་དུ་བཞུགས། ཞེས་དང་། མཆོད་བསྟོད་ལས། གནས་མཆོག་གཡུ་ལུང་ཤེལ་བྲག་ངོ་མཚར་ཏེ། མི་འགྱུར་གཡུང་དྲུང་བཀའ་རྟགས་ལྷ་སྐུ་རུ། རྔམ་པ་རྗེས་བཟང་མཁས་བཞི་ཁོད་སྤུང་རྗེས། ཤིན་ཏུ་བཀའ་གཉན་ཟབ་གཏེར་དུ་མ་སྦས། ཞེས་སོགས་གསུང་པ་དང་། མ་ཚད་སྔོན་བྱོན་རིག་འཛིན་གྲུབ་ཐོབ་གོང་མ་རྣམས་ཀྱི་ཞལ་རྒྱུན་ལས། ཁམ་ཆེན་བྲག་ཞེས་པ་བྲག་བཀའ་སྒྲོམ་གྱི་དབྱིབས་འདྲ་བ་ལ་ནང་དུ་ཁམས་ཆེན་པོ་བརྒྱད་ཀྱི་འབུམ་མཁའ་འགྲོའི་བརྡ་ཐབས་དཀྲོལ་ནས་བོད་ཡིག་གི་གཟུགས་སུ་ཕབ་པ་ཞིག་ཡོད་པའི་གསུངས་རྒྱུན་འདུག་ལ། ད་དུང་སངས་རྒྱས་སྨན་བླའི་དམ་རྫས་འཆི་མེད་ཚེ་ཡི་སྒྲུབ་ཆུ། ནད་མེད་སྨན་གྱི་རིལ་བུ། གཡུ་ཡི་མཚོད་རྟེན་རང་བྱོན། དུང་དཀར་གཡས་འཁྱིལ་རང་བྱོན། སྲིད་རྒྱལ་དཀར་སྨུག་ནག་གསུམ་གྱི་སྐུ་རྟེན་དམ་རྫས་དང་། ལྷ་འབྲི་དཀར་མོའི་ནུ་མ་སོགས་གཏེར་ཁ་གྲངས་མེད་པར་ཡོད་པ་ནི་སྔོན་བྱོན་སྐྱེས་ཆེན་དམ་པའི་གསུང་རྒྱུན་དང་། ཡབ་མེས་བློ་གྲོས་ལྡན་པ་རྣམས་ཀྱི་ངག་རྒྱུན་ཟམ་མ་ཆད་པར་གནས་འདུག ད་དུང་གཏེར་ཕུར་སོགས་ཟབ་གཏེར་མང་པོ་བཞེས་པའི་ཤོད་རྒྱུན་འདུག་ཀྱང་ལོ་ཚིགས་དང་བླ་མ་འདི་པས་གཏེར་འདི་སྟོན་ཞེས་ཁ་ཚོན་གཅོད་མ་ནུས་ཀྱང་། གནས་འདིར་ཕེབས་མྱོང་བ་ནི་རིག་འཛིན་གཏེར་སྟོན་རྣམས་བཞི་དང་སྤ་ཚང་གཏེར་ཆེན། གཤེན་སྤྲུལ་ཐུགས་རྗེ་ཉི་མ་སོགས་ཡིན་པས་རྗེས་སུ་དཔྱད་གཞིའི་གནས་སོ། ད་དུང་གཏེར་བཞེས་པའི་ཤོད་རྒྱུན་ནང་དུ་གཏེར་དྲང་པ་དང་སྐབས་དེར་སྨན་གྱི་དྲི་ངད་ཕྱོགས་མཚམས་ཁྱབ་པ་དང་གཏེར་དྲང་པའི་ཤུལ་སོགས་མཇལ་མྱོང་བའི་བགྲེས་སོང་དག་གིས་དངོས་གསུམ་མཇལ་ཡུལ་དུ་གྱུར་བའི་ཤོད་རྒྱུན་འདུག མ་ཚད་བོན་སྟོད་ཡུལ་ལྷ་ཤམ་པོ་མཆེད་གསུམ་ནས་ཚོགས་ཟངས་གཏེར་དུ་བཞེས་པ་རེད་ཞེས་ཤོད་རྒྱུན་འདུག གཤེན་སྤྲུལ་ཐུགས་རྗེ་ཉི་མའི་གསང་ཡུམ་སྒར་རྫོང་དཔོན་གྱི་སྲས་མོ་ཁྱུང་ཟ་སྐལ་བཟང་ལྷ་མོ་ནས་སྨན་རག་མཆོ་ཆེན་ནང་ནས་གཏེར་དུ་བཞེས་པའི་རིན་པོ་ཆེ་གཟི་གཅིག་ཡོད་པ་ནི་ད་ཆར་སྦྲ་ཆེན་ཁོངས་ལ་ཡོད་པའི་ཤོད་རྒྱུན་ཡོད་པ་སོགས་གནས་མཆོག་འདི་ལ་ཟབ་མོ་བོན་གྱི་གཏེར་ཁ་དང་བཀའ་རྟགས་ཡིག་འབྲུ་སོགས་ཀྱི་སྐོར་རོབ་ཙམ་བཀོད་པའོ། །
རིག་འཛིན་གོང་མའི་རྣམ་སྤྲུལ་བྱང་སེམས་ཀྱི། །
སྐུ་རབས་ཕྲེང་བའི་རྨད་བྱུང་ཐུགས་བསྐྱེད་བཅས། །
ཟབ་གསང་གཏེར་གྱི་སྒོ་འཕར་འབྱེད་པའི་གནས། །
འདི་ཡི་བྱིན་རླབས་བརྗོད་པའི་ཡུལ་ལས་འདས། །
སྐུ་རབས་ཕྲེང་བའི་རྨད་བྱུང་ཐུགས་བསྐྱེད་བཅས། །
ཟབ་གསང་གཏེར་གྱི་སྒོ་འཕར་འབྱེད་པའི་གནས། །
འདི་ཡི་བྱིན་རླབས་བརྗོད་པའི་ཡུལ་ལས་འདས། །
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
བདུན་པ། གནས་འདིར་ཕྱག་སྐོར་དང་ཁྲུས་བྱས་པའི་བྱིན་རླབས་དང་ཕན་ཡོན།
གནས་དེར་ཡོད་པའི་སྲིད་རྒྱལ་དཀར་སྨུག་ནག་གསུམ་གྱི་བླ་མཚོ་དང་སྨན་དང་རགྟའི་མཚོ་མོ་སོགས་མཚོ་དང་མཚེའུ་ཆུ་མིག་སོགས་ལ་ཁྲུས་བྱས་ནས་གྲིབ་གདོན་དང་མཛེ་ནད་སོགས་ནད་རིགས་ཀུན་ལ་ཕན་པ་ཡིན་ཏེ། མཆོད་བསྟོད་ལས། གཏེར་བདག་རྒྱལ་མོ་གསུམ་གྱི་བླ་མཚོ་ལ། ཁྲུས་བྱས་གྲིབ་དག་ནད་སེལ་རྐྱེན་རྣམས་ཞི། ཞེས་དང་ཡང་། གནས་ལ་ཕྱག་དང་བསྐོར་བ་འཛབ་བཟླས་བརྗོད་སོགས་ལ་དགེ་བ་འགྱུར་ཤིན་ཏུ་ཆེ་བ་ཡིན་ཏེ། མཆོད་བསྟོད་ལས། རྣམ་དག་བློ་ཡི་འཛབ་ཀྱི་ཟླས་བསྐོར་བྱས། གང་ཟླས་དུང་འགྱུར་བྱིན་རླབས་ཡོན་ཏན་ཐོབ། ཞེས་དང་། སྒོ་སྟོན་ཁྲོ་བོ་རྒྱལ་མཚན་གྱི་མཛད་པའི་གནས་ཀྱི་བསང་རྔན་ལས། སྨན་མཆོག་བྲག་དཀར་ལོག་རྣམས་དང་། ། གནས་ཕུག་གཞལ་ཡས་ཐམས་ཅད་ལ། ། རང་བྱོན་སྐུ་གཟུགས་དུ་མ་དང་། ། ཟབ་མོའི་གཏེར་ཁ་སྣ་ཚོགས་དང་། ། བཀའ་རྟགས་ཡིག་འབྲུ་གྲངས་མེད་རྣམས། ། མི་མངོན་སྦལ་ཚུལ་མང་དུ་བཞུགས། ། ཕྱག་བསྐོར་གང་བྱས་འདྲེན་པར་ནུས། ། ཞེས་སོགས་གསུངས་པ་ལྟར་ནས་གནས་འདིར་སྒོམ་སྒྲུབ་ཉམས་ལེན་དང་ཕྱག་སྐོར་མཆོད་འབུལ་བྱས་ན་ཤིན་ཏུ་བྱིན་རླབས་དང་ཡོན་ཏན་ཅན་ཆེ་བ་ཞིག་ཡིན་ལ། ད་དུང་གནས་ཀྱི་མཚོ་ཆུ་དང་ཆུ་མིག་ལ་ཁྲུས་བྱས་ནས་གྲིབ་ནད་སོགས་མི་གཙང་བའི་ནད་རིགས་ཀུན་ལ་མཆོག་ཏུ་མངགས་པ་ཡིན་པ་ནི་སྐྱེས་ཆེན་དམ་པའི་ཞལ་གསུངས་ཡོད་པ་མ་ཟད། གནའ་ནས་ད་བར་ཡུལ་མི་ཀུན་གྱི་མཐོང་ཐོས་མྱོང་གསུམ་དུ་གྱུར་ཡོད་པ་བཅས་གནས་འདིར་ཕྱག་སྐོར་དང་ཁྲུས་བྱས་པའི་བྱིན་རླབས་དང་ཕན་ཡོན་ཅུང་ཟད་ཙམ་བསྟན་པའོ། །
དེ་ལྟར་ངོ་མཚར་ཡོན་ཏན་འབུམ་ལྡན་པའི། །
གནས་འདིར་ཕྱག་སྐོར་མཆོད་པའི་འབྲེལ་ཐོཌ་པ། །
བསོད་ནམས་དངོས་པོ་ཁྱད་དུ་འཕགས་སོ་ཞེས། །
རིག་འཛིན་བླ་མ་གྲུབ་ཐོབ་དུ་མས་བསྔགས། །
གནས་འདིར་ཕྱག་སྐོར་མཆོད་པའི་འབྲེལ་ཐོཌ་པ། །
བསོད་ནམས་དངོས་པོ་ཁྱད་དུ་འཕགས་སོ་ཞེས། །
རིག་འཛིན་བླ་མ་གྲུབ་ཐོབ་དུ་མས་བསྔགས། །
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
བརྒྱད་པ། གཏེར་སྲུང་གནས་བདག་གི་སྐོར་བཤད་པ།
གནས་བདག་གམ་གཏེར་སྲུང་ནི་ཀུན་བཟང་ཐུགས་སྤྲུལ་རྨ་རྒྱལ་པོམ་ར་སོགས་བོན་སྐྱོང་གཏེར་སྲུང་རྣམས་གནས་མགྲོན་གྱི་ཚུལ་དུ་རྒྱུན་དུ་གནས་ཤིང་བརྒྱུ་བ་ཡིན་ཏེ། སྒོ་སྟོན་ཁྲོ་བོ་རྒྱལ་མཚན་གྱིས་མཛད་པའི་བསང་བརྔན་ལས། གཏེར་སྲུང་གནས་མགྲོན་ཚུལ་མཛད་པའི། ། ལྷ་སྲས་རྨ་རྒྱལ་པོམ་ར་དང་། ། གིང་མཆོག་སྐྱེས་བུ་ཆེན་པོ་དང་། །ཤེལ་འགྱིང་རྒྱལ་པོ་འོད་དཀར་གསུམ། ། མི་དཀར་རྟ་དཀར་དར་མདུང་ཕྱར། ། སངས་རྒྱས་བསྟན་སྐྱོང་སེམས་ཅན་ལ། ། བདེ་སྐྱིད་སྤེལ་བའི་ལྷ་སྲུང་ཡིན། ། ཞེས་དང་། མཆོད་བསྟོད་ལས། པོམ་ར་གིང་རྒྱལ་ཀླུ་བཙན་ཕོ་ཉ་འགྱེད། ། ཉེས་ལེགས་སྟངས་འཛིན་བོན་གྱི་སྡོང་གྲོགས་མཛོད། ། བོན་ལ་སྐྱོང་བའི་བོན་གཞུང་ཡུལ་ལྷའི་ཚོགས། ། ཞེས་གསུངས་ཡོད། ད་དུང་ཞུ་སྟོན་བཀྲ་ཤིས་བྱམས་མའི་གཟིགས་སྣང་ལས། སྨན་རག་གཡུ་མཚོ་ཞེས་ཀྱང་བྱ། འོད་ལྡན་འབར་མའི་ཐུགས་སྤྲུལ་ནི། གནས་ཆེན་གཏེར་གྱི་བདག་མོ་བསང་། ངོ་མཚར་ཆེ་བའི་མི་མོ་གཅིག ། རིན་ཆེན་རྒྱན་ཆ་སྐུ་ལ་གསོལ། ། ཕྱག་ནས་ཡིད་བཞིན་ནོར་བུ་རྣམས། ། གསེར་གཡུ་མཛེས་པའི་དོ་ཤལ་ཅན། ། ཆིབས་སུ་དངུལ་གྱི་ཉ་མོ་བཅིབས། ། ཞེས་གནས་བདག་མཁའ་འགྲོ་འོད་ལྡན་འབར་མའི་ཐུགས་སྤྲུལ་ཡིན་པ་ཡང་བསྟན་འདུག ། བཀའ་འཁོར་ནི། གཙོ་བོ་ཞི་རྒྱས་དབང་དྲག་གི་ཚུལ་དུ་གནས་ཤིང་། ཞི་བའི་ལས་སུ་གནས་མཆོག་གཏེར་བདག་རྒྱལ་པོ་ཤེལ་ཁོལ་མི་དཀར་རྟ་དཀར་དུང་མདོག་དར་དཀར་ན་བཟའ་གསོལ་ཞིང་། ཤེལ་འོད་འབར་བའི་ནོར་བུ་དང་མདུང་བཟང་བསྣམས་པ། རྒྱས་པའི་ལས་སུ་ཡུལ་དཔོན་ཚུལ་འཛིན་སྒྲ་བླ་དོམ་མགོ་གླང་སྙིང་གི་སྤྲུལ་པ་ཝེར་ཝེར་རྫ་སྐྱ་སྒྲ་བླའི་ཆས་ལྡན་གོས་བཟང་ཆས་གོས་རྒྱན་པ་གསོལ་ཞིང་། མདུང་དར་ཕྱར་ཞིང་བྲ་ནག་རྟིང་དཀར་དང་སྐབས་རེར་གྲོ་སྐྱ་ཞོན་པ། དབང་གི་ལས་སུ་ལྷ་བློན་ཚུལ་འཛིན་མདའ་བརྒྱང་བྲག་དཀར་ནི། མི་དཀར་རྫུ་འཕྲུལ་མདའ་གཞུ་འགེངས་ཤིང་དུང་རྟ་ཞོན་པ། དྲག་པོ་ལས་སུ་སྨན་མོའི་ཚུལ་འཛིན་མེ་མོ་གནས་བྲག་དཀར་དམར་མདངས་ལྡན་མེ་ལོང་བསྣམས་པ་སེང་གེ་བཅིབས་ཤིང་དགེ་འཁོར་སྐྱོང་བ། གཞན་ཡང་ལྷོ་ཕྱོགས་སུ་བརྟན་མ་བཅུ་གཉིས་ཀྱི་གནས་ཚབ་དང་། བོན་གཞུང་ལུང་བཟང་གི་ཕུ་མདོ་ཉིན་སྲིབ་སྟོད་སྨད་བར་གསུམ་ཕྱོགས་མཚམས་ཀྱི་རི་བྲག་རྫ་སྤང་ཆུ་མིག་སོགས་ལ་གནས་པའི་མ་སངས་ཡུལ་ལྷ་དང་། ལྷ་སྲིན་སྡེ་བརྒྱད་ཡུལ་ས་ཡུལ་སྨན་ཐམས་ཅད་གཙོ་དང་སྤྲུལ་པ་འཁོར་བཅས་པའི་ཚུལ་དུ་ཡོད་པ་བཅས་གནས་ཀྱི་གཏེར་སྲུང་དང་གནས་བདག་གི་སྐོར་ཅུང་ཟད་བཤད་པའོ། །
དགུ་པ། གནས་དེར་དགོན་སྡེ་ཆག་བཏབས་པའི་ཚུལ་བཤད་པ།
སྤྱིར་གནའ་མིའི་ངག་རྒྱུན་དུ་གནའ་དུས་སུ་བོན་གཞུང་སྟོད་སྨད་བར་གསུམ་དུ་སྔ་རྗེས་སུ་དགོན་སྡེ་དང་རི་ཁྲོད་ལྔ་ཙམ་དང་མཆོད་རྟེན་ཆེན་པོ་བཞི་སོགས་ཡོད་པའི་ཤོད་རྒྱུན་འདུག ཆེས་ཆེ་ཤོས་ནི་བོན་ཐའི་གླང་མ་ལུང་ཞེས་པར་སྔོན་དགོན་སྡེ་ཧ་ཅང་ཆེ་བ་ཞིག་ཡོད་པ་དེ་བར་དུ་འཇུན་གར་དམག་གིས་གཏོར་བ་དང་། ད་ལྟའི་ཆར་དགོན་ཤུལ་ཤིན་ཏུ་ཆེ་བ་ཡོད། དགོན་པ་དེ་ནི་སོག་གཡུང་དྲུང་གླིང་དང་དུས་མཉམ་དུ་གཏོར་སོང་བའི་ཤོད་རྒྱུན་ཡང་འདུག ལུང་ཡག་ཕུའི་དགེ་གྲོང་དགོན་ཤུལ་དེ་ཡང་སོག་དམག་གིས་གཏོར་བའི་ཤོད་རྒྱུན་འདུག་ལ་ད་ཆར་དགོན་ཤུལ་སོགས་དངོས་སུ་ཡོད། ད་ལྟའི་ཆར་སྨན་རག་གཡུ་མཚོ་དགོན་པ་དང་རྒྱལ་པོ་ཤེལ་ཁོལ་དགོན་པ། མེ་མོ་ཡང་དབེན་སྨིན་གྲོལ་གླིང་། གཡང་ར་གང་མའི་སྤྱང་འཕགས་གེ་ཁོད་ལྷ་ཁང་དབང་དྲག་མེ་རིའི་ཕོ་བྲང་སོགས་ད་ལྟའི་ཆར་རྟེན་དང་བརྟེན་པའི་བྱ་བ་དར་ཞིང་རྒྱས་པར་གནས་ཡོད། དེའི་ནང་སྨན་བྲག་གཡུ་མཚོ་དགོན་ཞེས་པ་འདི་ནི་གནས་ཆེན་སྨན་བྲག་གི་རི་ཞོལ་དུ་གནས་པ་དང་ས་གནས་འདིར་ཆེས་སྔ་བའི་དུ་སུ་མཚམས་གྲྭ་མང་པོ་བར་མེད་དུ་བཞུགས་པའི་ཤོད་རྒྱུན་འདུག་ཀྱང་། དགོན་སྡེ་ཕྱག་བཏབ་པའི་ལོ་རྒྱུས་ནི་བླ་མ་གཡུང་དྲུང་ཐོག་མེད་རྩལ་ཞེས་འབོད་པས་དུས་རབས་བཅུ་བརྒྱད་པའི་ནང་དུ་སྨན་རག་གཡུ་ལུང་དགོན་ཞེས་ཕྱག་བཏབ་ཅིང་རྟེན་དང་བརྟེན་པའི་ཆ་རྐྱེན་མི་དམན་ཙམ་དུ་བྱུང་བ་དང་། དེ་ནས་རིམ་བཞིན་བླ་མ་སྐྱེས་ཆེན་དམ་པ་དུ་མ་དང་ཡུལ་གྱི་སྡེ་དཔོན་དང་མི་ཆེན་མང་པོའི་གཞོགས་འདེགས་ལས་དགོན་པའི་ཕྱི་རྟེན་ལྷ་ཁང་འདུ་ཁང་དང་ནང་རྟེན་སྐུ་གདུང་མཆོད་རྟེན་མང་པོ་སྔ་རྗེས་སུ་གསར་བཞེངས་གནང་། བླ་རབས་གཉིས་པ་བྲུ་བཙུན་ནམ་མཁའ་ཚུལ་ཁྲིམས་ཡིན་ཏེ། ཁོང་ནི་སྔགས་སེམས་ཀྱི་བོན་ལ་ཐུགས་འབྱོན་ཞིང་བསྟན་དགོན་རྒྱ་ཆེར་བསྐྲུན་ནས་སྐབས་དེར་དགོན་གྱི་འདུས་གྲྭ་སུམ་ཅུ་ཙམ་ཡོད་སྐད། དེ་རྗེས་བླ་རབས་གསུམ་པ་ཧོར་བཙུན་སྨོན་ལམ་གཙུག་ཕུད། དེ་རྗེས་བླ་རབས་བཞི་པ་བྲུ་བཙུན་ཕུན་ཚོགས་དབང་རྒྱལ། དེ་རྗེས་བླ་རབས་ལྔ་པ་བྲུ་བཙུན་ནམ་མཁའ་བསོད་ནམས། དེ་རྗེས་བླ་རབས་དྲུག་པ་ཧོར་བཙུན་རྒྱལ་བ་ཚུལ་ཁྲིམས། དེ་རྗེས་བླ་རབས་བདུན་པ་གྲུབ་ཆེན་ཀུན་བཟང་ཡེ་ཤེས་ཡིན་ཏེ་སྐབས་དེ་དུས་གཤེན་འཛམ་གླིང་རིན་པོ་ཆེ་དང་འགྲུ་སྒོམ་ཚུལ་ཁྲིམས་རྒྱལ་མཚན་སོགས་སྐྱེས་ཆེན་དུ་མ་ཞིག་གིས་སྔ་རྗེས་སུ་བསྙེན་གྲུབ་དང་བོན་འཁོར་རྒྱ་ཆེར་བསྐོར་བར་གསུངས་འདུག དེ་རྗེས་བླ་རབས་བརྒྱད་པ་དྲང་སྲོང་འདུལ་བ་རྒྱལ་མཚན། དེ་རྗེས་བླ་རབས་དགུ་པ་སྤྱང་ཚང་ཀུན་ཏུ་རིན་པོ་ཆེ་ཡིན་ཏེ་ཁོང་གིས་ཤེལ་རི་དགོན་དང་སྨན་རག་དགོན་གཉིས་ཀྱི་བླ་མའི་འགན་བཞེས། སྨན་རིའི་མཁན་ཆེན་ཉི་མ་དབང་རྒྱལ་དང་ཞུ་སྟོན་བཀྲ་ཤིས་བྱམས་མ་སོགས་ཀྱིས་ལོ་མང་རིང་འགྲོ་ལ་དབང་ལུང་མན་ངག་གི་བོན་གྱི་འཁོར་ལོ་ཡོངས་སུ་བསྐོར། དེ་རྗེས་བླ་རབས་བཅུ་པ་མཚམས་པ་དཀར་པོ་ཡིན། དེ་ནས་དུས་ཀྱི་འཕོ་འགྱུར་སྐབས་དགོན་པ་ཉམས་ཆག་ཏུ་སོང་བ་དང་། རྗེས་སུ་ཏང་གི་ཆོས་དད་རང་མོས་སྲིད་ཇུས་བཟང་པོ་དོན་འཁྱོལ་མཛད་ཐོག སྤྱི་ལོ ༡༩༨༥ ལོར་དགོན་པ་ཉམས་བཟོ་མཛད་པའི་ཐུན་མོང་ཐོག་ཁྱུང་པོ་རྟོག་ལྡན་མཆོག་ཐུན་རྒྱ་མཚོ་ཡིས་གཙོ་འགན་བཞེས་ནས། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སོ་བརྒྱད་མཁན་པོ་གཡུང་དྲུང་རྒྱལ་བ་སོགས་ལ་བཀའ་སློབ་ལམ་སྟོན་ཞུས་མཐར་རིམ་པ་ཁག་གི་འབྲེལ་ཡོད་དབུ་ཁྲིད་མཆོག་ནས་དགོན་པ་བསྐྱར་གསོའི་ཆོག་མཆན་གནང་ཞིང་། སྔར་གྱི་ཁྱད་འཕགས་ཀྱི་དགོན་གསུམ་ཡོད་པའི་ནང་ཚན་ལུང་ཡག་ཕུ་དགེ་གྲོང་དགོན་ཞེས་བཙུན་མོའི་དགོན་པ་ཁྱད་དུ་འཕགས་པ་ཞིག་ཡོད་པ་དེ་སོག་པོ་ཇུན་གར་དམག་གིས་གཏོར་ཞིང་བསྐྱར་བཟོ་བྱེད་མ་ཐུབ་སྟབས། ད་ལྟའི་སྨན་རག་དགོན་འདི་བཙུན་མའི་དགོན་པ་གསར་བསྒྱུར་བྱས་པ་དང་། འདུ་ཁང་དང་སྒྲུབ་ཁང་དེ་བཞིན་བཙུན་མའི་ཤག་སོགས་བསྐྲུན། ནང་རྟེན་སྐུ་གདུང་གསུང་རབ་དང་། ལྷ་ཆས་མཆོད་ཆས་སོགས་ལ་རིམ་བཞིན་བཞེངས་བསྐྲུན་གནང་བ་དང་། ལོ་ཟླ་དུས་མཆོད་སོགས་ཆོས་ལུགས་བྱེད་སྒོ་ཁག་རིམ་བཞིན་འཛུགས་པ་རེད། སྤྱི་ལོ 2005 ལོར་འབྲེལ་ཡོད་རིམ་ཁག་ཚན་པའི་གཏན་འབེབས་གཞིར་བཟུང་ཆོས་ལུགས་དད་པའི་ས་ཁོངས་བཟོས་པ་དང་། སྤྱི་ལོ 2010 ལོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《 ཆོས་ལུགས་ལས་དོན་སྲོལ་ཡིག 》དང་རྒྱལ་ཁབ་ཆོས་དོན་ཅུད་ཀྱི་《 ཆོས་ལུགས་བྱེད་སྒོ་སྤེལ་གནས་འཛུགས་རྒྱུའི་ཞིབ་བཤེར་འཆན་འགོད་དང་ཐོ་འགོད་བྱ་ཐབས 》དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཞིབ་བཤེར་གཏན་འཁེལ་བྱས་པ་རྒྱུད་ཐོ་འགོད་ཆོག་མཆན་སྤྲད་པ་ཡིན་ཞེས་པའི་གཉན་རོང་རྫོང་མི་དམངས་སྲིད་གཞུང་མི་རིགས་ཆོས་དོན་ཅུད་ནས《 ཆོས་ལུགས་བྱེད་སྒོ་སྤེལ་གནས་ཀྱི་ཁྲིམས་མའི་ཐོ་འགོད་ལག་ཁྱེར་ལག་འཁྱེར 》སྤྲད་པ་དང་། སྤྱི་ལོ 2011 ལོར《 དམངས་སྲོལ་སྤྱི་འགྲོས 》དང་རྒྱལ་ཁབ་ཆོས་དོན་ཅུད་ཀྱིས《 ཆོས་ལུགས་བྱེད་སྒོ་སྤེལ་གནས་འཛུགས་རྒྱུའི་ཞིབ་བཤེར་འཆན་འགོད་དང་ཐོ་འགོད་བྱ་ཐབས 》ཀྱི་གཏན་འབེབས་གཞིར་བཟུང་ཞིབ་བཤེར་གཏན་འཁེལ་བྱས་པ་རྒྱུད་ཁྲིམས་མའི་ཐོ་འགོད་ཆོག་མཆན་སྤྲད་པ་ཡིན་ཞེས་པའི་གཉན་རོང་རྫོང་མི་དམངས་སྲིད་གཞུང་མི་རིགས་ཆོས་དོན་ཅུད་ཀྱིས《 ཆོས་ལུགས་བྱེད་སྒོ་སྤེལ་གནས་ཁྲིམས་མའི་ཐོ་འགོད་ལག་ཁྱེར 》སྤྲད་པ་དང་། སྤྱི་ལོ 2011 ལོར་རྫོང་ཆོད་དོན་ཅུད་ནས་གཞུང་ལམ་འགྲོ་གྲོན་སྒོར་ཁྲི་བཅུ་ཕྲག་ལྷག་གནང་ནས་གཞུང་ལམ་འཛུགས་སྐྲུན་གནང་བ་དང་། སྤྱི་ལོ 2013 ལོར་བཙུན་མའི་བཤག་གསར་རྒྱག་སོགས་ཀྱི་འགྲོ་གྲོན་ཐད་སྲིད་གཞུང་རོགས་སྐྱོར་གནང་བ་དང་། སྤྱི་ལོ 2021 འདུ་ཁང་རྒྱས་སྐྲུན་ཐད་སྲིད་གཞུང་ནས་རོགས་སྐྱོར་གནང་བ་སོགས་འབྲེལ་ཡོད་རིམ་ཁག་ཚན་པས་རྒྱབ་སྐྱོར་གནང་དང་གནང་མུན་ཡིན་པ་ནི་བཀའ་དྲིན་ཞུ་དགོས་བའི་གནས་ལགས་སོ། །
གནས་མཆོག་བྲག་དཀར་དེ་ཡི་ཞོལ་ངོས་སུ། །
རྫ་སྤང་མེ་ཏོག་པད་མ་བཀོད་འདྲའི་དཀྱིལ། །
བསླབ་གསུམ་འདུས་གནས་སྨན་བྲག་གཡུ་མཚོ་དགོན། །
གཤེན་བསྟན་མི་ནུབ་དར་རྒྱས་གླིང་དགོན་མཆོག ། ཞེས་བར་སྐར་གྱི་ཚིགས་སུ་བཅད་པའོ། །
རྫ་སྤང་མེ་ཏོག་པད་མ་བཀོད་འདྲའི་དཀྱིལ། །
བསླབ་གསུམ་འདུས་གནས་སྨན་བྲག་གཡུ་མཚོ་དགོན། །
གཤེན་བསྟན་མི་ནུབ་དར་རྒྱས་གླིང་དགོན་མཆོག ། ཞེས་བར་སྐར་གྱི་ཚིགས་སུ་བཅད་པའོ། །
བཅུ་པ། དགོན་པའི་ཕྱི་བསྟན་ལྷ་ཁང་དང་ནང་བསྟན་སྐུ་གསུང་ཐུགས་རྟེན་དང་ལྷ་ཆས་མཆོད་ཆས་སྐོར་བཤད་པ། །
ད་ཆར་དགོན་པའི་ཕྱི་བསྟན་ལྷ་ཁང་དང་ནང་བསྟན་སྐུ་གསུང་ཐུགས་རྟེན་དང་ལྷ་ཆས་མཆོད་ཆས་སྐོར་ལ། དང་པོ་ཕྱི་བསྟན་ད་ཆར་དགོན་པའི་ཕྱི་བསྟན་ལ་འདུ་ཁང་ཀ་བ་དྲུག་ལྡན་བར་ཁྱམས་བཅས་པ་དང་། སྒྲུབ་ཁང་མེ་རི་འབར་བ། སྐུ་གདུང་ལྷ་ཁང་བྱིན་རླབས་འཁྱིལ་བ། བཀའ་འགྱུར་ལྷ་ཁང་འོད་ཟེར་འབར་བ། དེ་བཞིན་དགོན་པའི་ཇ་ཆང་དང་། དཔེ་མཛོད་ཁང་། བཙུན་མའི་ཤག་ཉི་ཤུ་རྩ་གསུམ་ལྷག་ཙམ་སོགས་ཡོད། ཞིག་གསོ་མ་བྱུང་བ་ནི་གནའ་དུས་འདུ་ཁང་དམར་སྒོག་ཞེས་ཀ་བ་བཞི་བཅུའི་ཡོད་པ་དེ་དང་དགོན་པའི་མདུན་ཞོལ་བྱང་ཤར་མཚམས་སུ་སྟག་ལའི་མཆོད་རྟེན་གཡུང་དྲུང་བཀོད་ལེགས་མཐོ་ཚད་ལ་ལུས་ཚད་བརྒྱད་དང་མཐའ་འཁོར་འདོམ་པ་སོ་གསུམ་ཡོད་དེ་དང་། དེ་བཞིན་ཁང་ཕྲན་འགའ་ཞིག་ད་ཆར་ཞིག་གསོ་བྱེད་ཐུབ་མེད། ནང་བསྟན་ལྷ་སྐུ་དང་མཆོད་རྟེན་སྐོར། ནང་བསྟན་ལ་རྒྱུ་གསེར་ཟངས་ལས་གྲུབ་པའི་གཡུང་དྲུང་བཀོད་ལེགས་མཆོད་རྟེན་གཅིག་དང་རྒྱུ་གསེར་ཟངས་ལས་གྲུབ་པའི་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་སྐུ་བརྙན་གཅིག སྟག་ལའི་མཆོད་རྟེན་གཡུང་དྲུང་བཀོད་ལེགས་གཅིག གསེར་ཟངས་ལས་གྲུབ་པའི་ཚེ་དབང་རིག་འཛིན་གྱི་སྐུ་བརྙན་གཅིག གསེར་ཟངས་ལས་གྲུབ་པའི་བྱམས་མའི་སྐུ་བརྙན་གཅིག གསེར་ཟངས་ལས་གྲུབ་པའི་གཤེན་རབ་རྣམ་པར་རྒྱལ་བའི་སྐུ་བརྙན་གཅིག གསེར་ཟངས་ལས་གྲུབ་པའི་སྟོན་པ་ཁྲི་གཙུག་རྒྱལ་བའི་སྐུ་བརྙན་གཅིག ཤེས་རབ་སྨྲ་སེང་སྐུ་བརྙན་གཅིག གསེར་ཟངས་ལས་གྲུབ་པའི་མཆོད་རྟེན་ཆ་བརྒྱད་སྤུས་ལེགས་གཅིག དེ་བཞིན་སྐུ་བརྙན་ཆུང་གྲས་མང་པོ་ཡོད།ལྷ་ཆས་དང་མཆོད་ཆས་སྐོར། དང་པོ་ལྷ་ཆས་ལ་རྒྱལ་མཚན་འཕན་གདུགས་དར་ཕྲེང་་སོགས་དང་། མཆོད་ཆས་ལ་གསེར་གྱི་མཆོད་ཏིང་བདུན་ཚར་གཅིག་དང་གསེར་ཟངས་ལས་གྲུབ་པའི་མནྜལ་ཆེ་ཆུང་དང་། གསེར་ཟངས་ལས་གྲུབ་པའི་རྒྱ་གླིང་དང་དུང་ཆེན། གསེར་དངུལ་དང་ཟངས་གསེར་ལས་གྲུབ་པའི་ཀོང་བུ་དང་མཆོད་ཏིང་སོགས་དང་དེ་བཞིན་རྔ་དུང་རོལ་མོ་སིལ་སྙན་སོགས་མཆོད་པའི་ཡོ་ཆས་ཆ་ཚང་ཡོད། བཀའ་བསྟན་གསུང་རབ། གསུང་རབ་ལ། རྒྱལ་བའི་བཀའ་འགྱུར་ཆ་ཚང་གསུམ། བརྟན་འགྱུར་ཆ་ཚང་གཉིས་དེ་བཞིན་ཕྱི་ནང་གསང་གསུམ་གྱི་ཆོ་ག་ཕྱག་ལེན་དཔེ་ཕྲན་གང་དགོས་ཡོད། ད་ཡོད་དགོན་པའི་འགན་འཛིན་པ་དང་ལམ་སྣེ་པ། འཚམས་གྲྭ་དང་སློབ་གཉེར་བ་སོགས་བཙུན་མ་ཉི་ཤུ་ལྷག་ཙམ་ཡོད་པ་དང་། བཙུན་མའི་ཡོན་ཚད་ལ་བཤད་སྒྲུབ་ཐོན་པའི་དགེ་བཤེས་མ་དང་སྒྲུབ་ཐོན་དྲང་སྲོང་མ་སོགས་དང་། དེ་བཞིན་འདོན་ཆོག་ཕྱག་ལེན་དང་འབུད་རྡུང་དཀྲོལ་གསུམ་སོགས་གང་དགོས་ལག་ལེན་གནད་དུ་ཕིགས་པའི་བཙུན་མ་མང་པོ་ཡོད།
བཅུ་གཅིག །དགོན་པའི་ལོ་ཟླ་དུས་མཆོད་དང་བོན་ཕྱོགས་ཀྱི་བྱེད་སྒོའི་སྐོར་བཤད་པ། །
དགོན་པའི་ལོ་ཟླ་དུས་མཆོད་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཚུལ་སྐོར་ལ། གཡུང་དྲུང་བོན་ལུགས་འཛིན་པའི་དགོན་སྡེ་སྤྱི་ལྟར་བོད་ཟླ་དང་པོའི་ཚེས་ལྔ་ལ་རྒྱལ་བ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་དུས་ཆེན་ལ་མདོ་གཡུང་དྲུང་ཀློང་རྒྱས་མཆོད་འབུལ། ཟླ་བ་དེ་གའི་ཚེས་བཅོ་ལྔ་ལ་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་འཁྲུངས་མཆོད་ལ་མི་ནུབ་མཚན་མདོ་ཕྱག་མཆོད། བོད་ཟླ་བདུན་པའི་ཚེས་བཅུ་ནས་ཚེས་བཅུ་དྲུག་བར་དམིགས་བསལ་གྱི་གཤེན་གྱི་དཀའ་ཐུབ་བསྙན་བསྙུང་གསོ་སྦྱོང་བོན་འཚོགས་ཆེ་མོ་ནི་གནའ་དུས་སུ་གཤེན་འཛམ་གླིང་དབང་འདུས་ཀྱིས་དབུ་འཛུགས་གནང་ནས་རྒྱུན་སྐྱོང་གནང་བ་དང་། བྱེད་སྒོའི་རིང་བླ་མ་དག་གིས་བསྙེན་བསྙུང་དང་བོན་ཁྲིད་དབང་ཁ་བྱིན་རླབས་གནང་སྲོལ་ཡོད། རྗེས་སུ་དགོན་པ་ཉམས་གསོ་བྱུང་བ་དང་ཁྱུང་པོ་རྟོག་ལྡན་མཆོག་ཐུན་རྒྱ་མཚོ་མཆོག་ནས་ཐུགས་འགན་བཞེས་ཏེ་སླར་ཡང་གཤེན་གྱི་དཀའ་ཐུབ་བསྙེན་བསྙུང་བོན་ཚོགས་ཆེན་མོ་ཉམས་གསོ་གནང་བ་དང་། དུས་ཁྲིམས་ཉ་སྟོང་ཚེས་བརྒྱད་ལ་བསྙེན་གནས་བསྲུང་བ་དང་། བསྙུང་གནས་ལ་གནས་པ་སོགས་ཀྱི་བོན་ཁྲིད་གནང་བ་དང་། དེ་ནས་རིམ་བཞིན་སྐྱང་འཕགས་ཚེ་དབང་བདུད་འདུལ་སོགས་སྐྱེས་ཆེན་དམ་པ་དུ་མས་སྔ་རྗེས་སུ་དད་འབངས་མངས་ཚོགས་ལ་དབང་ཁ་བྱིན་རླབས་དང་བོན་ཁྲིད་གནང་བ་དང་། ད་ལྟའི་ཆར་ཡང་མུ་མཐུད་རྒྱུན་འཁྱོངས་གནང་བཞིན་ཡོད། བོད་ཟླ་དགུ་པའི་ནང་འབུམ་ཁམས་ཆེན་འུར་འདོན་དང་། བོད་ཟླ་བཅུ་པའི་ནང་དྲན་པ་གསང་སྒྲུབ་ཀྱི་སྒྲུབ་པ། བོད་ཟླ་བཅུ་གཅིག་དང་བཅུ་གཉིས་ཀྱི་མར་ངོར་དགུ་ཟློག་ཆེ་ཆུང་ལ་ཡི་དམ་གང་རུང་ཞིག་གི་སྲུང་ཟློག་དང་། ནམ་རྒྱུན་ཟླ་བ་གང་ཤར་གྱི་ཡར་ངོ་ལ་མཆོད་པ་དང་མར་ངོ་ལ་ཟློག་པ། ཟླ་བ་གང་ཤར་གྱི་ཉ་ལ་བསྙེན་བསྙུང་གསོ་སྦྱོང་དང་ཁ་འདོན་དགེ་སྦྱོར་གནང་བ་སོགས་དང་། ནམ་རྒྱུན་དུས་གང་རུང་ལ་ཆོ་ག་ཕྱག་ལེན་སོགས་རིག་པའི་གནས་གང་རུང་སྦྱང་བརྩོན་བྱེད་བཞིན་པ་བཅས་སོ། །
ྋ སླར་སྨྲས་པ། །
ངོ་མཚར་སྤྲུལ་བའི་ཞིང་འདིའི་གསང་གསུམ་དཔལ། །
བྱང་སེམས་མ་གཏོགས་བླུན་རྨོངས་བདག་ལྟའི་བློས། །
ཇི་བཞིན་བསམ་བརྗོད་ཡུལ་ལས་འདས་ན་ཡང༌། །
དད་པས་ཟུར་ཙམ་བརྗོད་ལ་བསྙོན་དུ་མེད། །
འདིར་འབད་ལྷག་བསམ་སྐྱ་རེངས་གསར་པ་ཡིས། །
དྲངས་པའི་རྣམ་དཀར་ཉི་གཞོན་འབར་བའི་གཟིས། །
ཕན་བདེའི་རྩ་ལག་རྒྱལ་བསྟན་པད་མོའི་ཚལ། །
མི་མཉམ་ཕྱོགས་མཐར་རྒྱས་པའི་རྒྱུ་རུ་ཤོག །
འདུན་པའི་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་ལ། །
གནས་ཤིང་ཐོས་དང་བསམ་དང་སྒོམ་པའི་དོན། །
ལེཌ་པར་བསླབས་ཤིང་རྟག་ཏུ་སྦྱང་པའི་མཐུས། །
རྟོགས་པའི་ཡོན་ཏན་འཕེལ་ཞིང་རྒྱས་པར་ཤོག །
དེ་ལས་བརྟན་ནས་ཡངས་པའི་ཁམས་ཀུན་ཏུ། །
མི་མཐུན་རྒུད་པའི་ཕྱོགས་ཀུན་ཞི་བ་དང་། །
མཐུན་ཕྱོགས་ལེགས་པའི་ཉི་མ་འབུམ་ཤར་ནས། །
འཇིག་རྟེན་དགའ་བདེའི་ངང་ལ་གནས་གྱུར་ཅིག །
རྒྱལ་བ་སྲས་དང་བཅས་པས་འགྲོ་བའི་དོན། །
དམིགས་མེད་སྨོན་ལམ་རྒྱ་ཆེན་བཏབ་པ་ལྟར། །
བདག་ཀྱང་ལྷག་བསམ་དག་པས་ཚུལ་བཞིན་དུ། །
སྨོན་ལམ་འདི་བཏབ་མྱུར་དུ་འགྲུབ་པར་ཤོག །
ྋ ཞེས་སྨོན་ལམ་གྱི་མཚམས་སྦྱར་ཏེ་གྲུབ་པར་བགྱིས་པའི《གནས་མཆོག་སྨན་བྲག་གཡུ་མཚོ་དགོན་གཤེན་བསྟན་མི་ནུབ་དར་རྒྱས་གླིང་གི་ལོ་རྒྱུས་གནད་བསྡུས་སྐལ་ལྡན་ཡིད་ལ་དགའ་སྟོན་འབྱེད་པའི་གནས་གསུམ་མཁའ་འགྲོ་དགྱེས་པའི་སྤྲོ་གླུ》ཞེས་བྱ་བ་འདི་ནི་ཨ་རུ་ཤེས་རབ་རྩལ་ལམ་ཚངས་སྲས་ཟླ་བའི་འཛུམ་ཟེར་དུ་འབོད་པ་དེས། རིག་འཛིན་གོང་མས་མཛད་པའི་གནས་ཀྱི་མཆོད་བསྟོད་དང་བསང་བརྔན་དེ་བཞིན་རྒན་རབས་དམ་པའི་ངག་རྒྱུན་སོགས་ལ་གཞི་བཅོལ་ནས་བསྟན་པ་ལ་ལྷག་བསམ་དང་ལོ་རྒྱུས་ལ་དོ་སྣང་གནང་མཁན་དག་གི་དགོས་མཁོར་དམིགས་ནས། ལྷ་ལྡན་གྲོང་དུ་ཟླ་ཚེས་བཟང་པོར་བྲིས་པ་དགེའོ། ། བཀྲ་ཤིས། ། ཞལ་དྲོ། །
ངོ་མཚར་སྤྲུལ་བའི་ཞིང་འདིའི་གསང་གསུམ་དཔལ། །
བྱང་སེམས་མ་གཏོགས་བླུན་རྨོངས་བདག་ལྟའི་བློས། །
ཇི་བཞིན་བསམ་བརྗོད་ཡུལ་ལས་འདས་ན་ཡང༌། །
དད་པས་ཟུར་ཙམ་བརྗོད་ལ་བསྙོན་དུ་མེད། །
འདིར་འབད་ལྷག་བསམ་སྐྱ་རེངས་གསར་པ་ཡིས། །
དྲངས་པའི་རྣམ་དཀར་ཉི་གཞོན་འབར་བའི་གཟིས། །
ཕན་བདེའི་རྩ་ལག་རྒྱལ་བསྟན་པད་མོའི་ཚལ། །
མི་མཉམ་ཕྱོགས་མཐར་རྒྱས་པའི་རྒྱུ་རུ་ཤོག །
འདུན་པའི་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་ལ། །
གནས་ཤིང་ཐོས་དང་བསམ་དང་སྒོམ་པའི་དོན། །
ལེཌ་པར་བསླབས་ཤིང་རྟག་ཏུ་སྦྱང་པའི་མཐུས། །
རྟོགས་པའི་ཡོན་ཏན་འཕེལ་ཞིང་རྒྱས་པར་ཤོག །
དེ་ལས་བརྟན་ནས་ཡངས་པའི་ཁམས་ཀུན་ཏུ། །
མི་མཐུན་རྒུད་པའི་ཕྱོགས་ཀུན་ཞི་བ་དང་། །
མཐུན་ཕྱོགས་ལེགས་པའི་ཉི་མ་འབུམ་ཤར་ནས། །
འཇིག་རྟེན་དགའ་བདེའི་ངང་ལ་གནས་གྱུར་ཅིག །
རྒྱལ་བ་སྲས་དང་བཅས་པས་འགྲོ་བའི་དོན། །
དམིགས་མེད་སྨོན་ལམ་རྒྱ་ཆེན་བཏབ་པ་ལྟར། །
བདག་ཀྱང་ལྷག་བསམ་དག་པས་ཚུལ་བཞིན་དུ། །
སྨོན་ལམ་འདི་བཏབ་མྱུར་དུ་འགྲུབ་པར་ཤོག །