དབལ་ཁྱུང་དགོན་གྱི་ལོ་རྒྱུས་རགས་བསྡུས་གསེར་གཤོག་མ།

[ཟླ་ཚེས། 2022-04-06 10:27:48][རྩོམ་པ་པོ། གར་དབང་ནམ་མཁའ་གཡུང་དྲུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཨི༔ དབལ་ཁྱུང་དགོན་གྱི་གནས་ས་དང་མཆེད་ཁུངས་ལོ་རྒྱུས་རགས་བསྡུས།
དབལ་ཁྱུང་དགོན་གཡུང་དྲུང་མཐོང་སྨོན་གླིང་ནི། དཀར་མཛེས་ཁུལ་ཉག་རོང(新龙)རྫོང་གི་ནུབ་རྒྱུད་དེ་སའི་གོ་ལའི་འཕྲེད་ཐིག་བྱང་མ༣༡.༡དང་གཞུང་ཐིག་ཤར་མ༡༠༠.༡༡མཚམས་སུ། རྒྱ་མཚོ་ནས་བརྩིས་པའི་མཐོ་ཚད་སྨི༤༢༢༢ཙམ་གྱི་རི་མགོར། སྔོན་གཤེན་པོ་ནམ་མཁའ་སྣང་བ་མདོག་ཅན་སོགས་ཀྱིས་བྱིན་གྱིས་བརླབས་ཤིང་། མེ་ཉག་ལྕེ་ཚ་མཁར་བུ(སྤྱི་ལོའི་དུས་རབས༧པའི་སྨད་ཙམ་དུ་བྱོན)དང་འཆི་མེད་དྲན་པ་ཡབ་སྲས། སྟོང་རྒྱུང་། བཱཻ་རོ་རྣམས་ཀྱི་ཟབ་གཏེར་སྦས་གནས། ལྷང་བྲག་ནོར་བུ་རྩེ་ཡི་ཞོལ་དུ་ཆགས་ཡོད། རྫོང་ནས་སྤྱི་ལེ༣༧བར་འགྲོ་དགོས།
དེ་ཡང་དབལ་ཁྱུང་གི་རུས་རིགས་ནི། བོན་གྱི་གདུང་རྒྱུད་རྒྱལ་པོ་དྲུག་གི་ནང་ཚན། དམ་པ་ཁྱུང་ལས་ཐ་སྟག་ཁྱུང་འཕགས་ཁྲ་བོ་སྟེ། ཐོག་མར་གནའ་བོའི་ཞང་ཞུང(象雄)གི་ཡུལ། ཁ་ཡུག་མེ་ཏོག་མཛེས་པའི་ཚལ་དུ་གྲོལ་ཏེ། རིམ་གྱིས་སུམ་པ(苏毗)གླང་གི་གྱིམ་ཤོད། སྤོ་འབོར་སྒང་། མཐར་རྒྱལ་མོ་ཚ་བ་རོང་དུ་ཕེབས་ནས་ལྷ་མོ་མདངས་ལྡན་མ་ཁབ་ཏུ་བཞེས། དེ་ནས་དབལ་ཁྱུང་གི་གདུང་རབས་རྒྱལ་ཁྱུང་རྩ་བའི་རྒྱུད་པ་རྣམས་གྱེས་རབས་ཡོད། དེ་ཡང་ཁྱུང་རིགས་འདི་ལ་དམུ་ཚ་སྒ་ཡི་གདུང་ལས་ཆད་ཚུལ། རྨ་ཁོག་སྟོད་སྨད་སོགས་སུ་རྒྱུད་པ་དང་གདན་ས་ཆགས་ཚུལ། དབལ་ཟླ་སྤྱང་གསུམ་གྲོལ་ཚུལ་རྣམས་ལོ་རྒྱུས་རྒྱས་པ་ཡོད། དེ་ལསཟླ་ཁྱུང་འཛིང་ཡུལ་དང་། སྤྱང་ཁྱུང་ཨ་མདོའི་ཡུལ། དབལ་ཁྱུང་ཉག་ཤོད་ཡུལ་དུ་ཆགས”གསུངས་པ་བཞིན། རབ་བྱུང་བཞི་པ(༡༢༠༧-༡༢༦༦)ནང་། དབལ་ཁྱུང་བླ་མ་ཁྱུང་སྤྲུལ་གཡུང་དྲུང་ཕུན་ཚོགས། དེའི་སྲས་རིག་འཛིན་རྣམ་རྒྱལ། དེའི་སྲས་གཡུང་དྲུང་ཐོག་མེད་ཀྱི་རིང་ལ། ཉག་རོང་ཁྱུང་ཡེ་ཞེས་པའི་ས་ཆ་དེར་ཆགས་ནས་དགོན་གནས་རྒྱ་ཆེན་བཏབ་པར་གྲགས།

ཨུ༔ དབལ་ཁྱུང་དགོན་གྱི་གདན་ས་གོང་འོག་དངབླ་རབས་བཅུ་གསུམ”སོགས་ཀྱི་བྱུང་ཚུལ་རགས་བསྡུས།
སྐབས་ཤིག་ཏུ། ཉག་རོང་སྟོད་སྨད་ལ་རྒྱལ་མཚན་ཐོབ་པའི་བན་བོན་གྱི་གྲུབ་ཐོབ་བརྒྱད་བྱོན། དེའི་ནང་ཚན་བོན་ལུགས་སུ་བཞི་ཡོད་དེ། བྲག་དབེན་བཀྲ་ཤིས་རྒྱལ་མཚན། དབལ་ཁྱུང་སྨོན་ལམ་རྒྱལ་མཚན། རྩིབ་འཛིད་ཉི་མ་རྒྱལ་མཚན། དར་རི་སྦྱིན་པ་རྒྱལ་མཚན་བཞིས་གདན་ས་སོ་སོ་བསྐྱངས། དབལ་ཁྱུང་སྨོན་ལམ་རྒྱལ་མཚན་ཞུ་བ་དེས། རབ་བྱུང་བརྒྱད་པའི(༡༤༤༧-༡༥༠༦)ནང་དུ། ཤང་ལོང་བྲག་དཀར་རམ་ལྷང་བྲག་གི་རི་འདབས་རྫོང་འགོ་ཟེར་ས་དེར་དགོན་པ་ཕྱག་བཏབ། རྒྱ་ཕིབས་དང་གསེར་འཕྲུ་བརྩེགས། དེ་ནས་ཉག་རོང་ཁྱུང་ཡེ་ནས་འཁྲུངས་པའི། ཨ་ཁྲིད་བླ་བརྒྱུད་ནང་གི་དམ་པ་བློ་གྲོས་རྒྱལ་མཚན་དང་། ཆེ་བའི་ཡོན་ཏན་གྱིས་ཕྱུག་ཅིང་། རྒྱ་བོད་ཀྱི་བཀའ་ཤོག་དང་ཐེལ་སེ་འབྲུག་དམར་ནག་ཅན་སོགས་ཡོད་པའི་བླ་མ་ནམ་མཁའ་གྲགས་པ་གཉིས་སྔ་གཞུག་ཏུ་བྱོན། བླ་མ”ཁོང་གི་རིང་ལ་བན་བོན་གྲུབ་མཐའི་དབང་གིས་རེ་ཞིག་གདན་ས་དང་གྱེས་ཏེ་བྲག་དབེན་ཟང་མཛོད་གླིང་དུ་རི་ཁྲོད་བཟུང་། དམ་པ”ཉིད་ཀྱི་སྐུ་ཚེའི་སྨད་དུ་དབལ་ཁྱུང་གདན་ས་རུ་མེ་སྐྱོན་ཚབས་ཆེན་ཞིག་ཐེབས། ཤུལ་དུ་ལུས་པའི་རྫ་ཆག་དང་རྩིག་ར་སོགས་ད་ལྟར་ཡང་མཐོང་རྒྱུ་ཡོད། སྐབས་དེརདམ་པ”ཉིད་ཀྱང་ཀོང་ཡུལ་བསེན་མོ་འཐབ་ས་རུ་བྱོན་ནས་དགོན་གནས་བཏབ་པར་ཨ་ཁྲིད་བླ་རྒྱུད་རྣམ་ཐར་དུ་གསལ། དབལ་ཁྱུང་གི་རྟེན་གསུམ་མང་པོ་ད་ལྟ་དེ་རུ་ཡོད་སྐད།
 
དེ་ནས་གོང་གི་བླ་རབས་མ་ཆད་པ་དབལ་ཁྱུང་ཚུལ་ཁྲིམས་བསྟན་རྒྱལ་གྱི་སྐུ་རིང་སྟེ། ཕྱི་ལོ༡༧༣༣ལོར་གཏེར་སྟོན་སངས་རྒྱས་གླིང་པ་མཆོག(༡༧༠༥-༡༧༣༥)སྦས་ཡུལ་ལ་འགྲོ་དོན་དུ་བྱོན་སྐབས་ཤང་ལོང་བྲག་དཀར་གྱི་གནས་སྒོ་ཕྱེས་ཤིང་དཀར་ཆག་མཛད། བྲག་ལ་ཕྱག་ཞབས་ཀྱི་རྗེས་བཞག །དབལ་ཁྱུང་དགོན་གྱི་རི་ཁྲོད་པདྨ་གསང་གླིང་དུ་མཛད་པ་སོགས་སྤེལ། ཁོང་གི་བཞུགས་ཁྲིར་འབོད་པའི་རྡོ་སྟེགས་ཤིག་ད་ལྟར་མཇལ་རྒྱུ་ཡོད། སྐབས་དེར་གཏེར་སྟོན་ཉིད་དགོན་པ་རུ་གདན་དྲངས། ཁོང་གིསཤུལ་འདིར་རྒུད་པ་ཆེ་བས། ས་གནས་གོང་མར་སྤོས་ན་བསྟན་པ་རྒྱས་ཤིང་སྐྱེས་བུ་དམ་པ་མང་པོ་འབྱོན།”ཞེས་ལུང་བསྟན་ཏེ། ས་གནས་གོང་མ་རྫི་ཁྲི་ཐོག་ཞེས་པ་དེར། རབ་གནས་དང་ཤིས་བརྗོད་མཛད་ནས་གདན་ས་གཉིས་པ་ཆགས། རྫི་ཁྲི”ཞེས་པ་ནི་མི་ཉག་སྐད་དུ་ཤུག་པ་ལ་ཟེར་ཞིང་། གནས་དེ་ཤུག་པའི་ཚལ་དུ་ཆགས་ཡོད། དེ་ནས་བཟུང་བླ་རབས་ནི། དགུང་ལོ༡༡༣ལ་བསྟན་འགྲོའི་དོན་དུ་བཞུགས་པའི་བསོད་ནམས་དབང་རྒྱལ་དང་། དབོན་པོ་ཨ་ཀླུ། ལྷུན་གྲུབ་ཚུལ་ཁྲིམས། བསྟན་འཛིན་རྒྱ་མཚོ། ཚུལ་ཁྲིམས་བསྟན་འཛིན། ཨོ་རྒྱན་རྣམ་གྲོལ། བླ་མ་བློ་བཟང་། ཀརྨ་ཡེ་ཤེས། བསྟན་པ་རྒྱལ་མཚན་བཅསབླ་རབས་བཅུ་གསུམ”སོགས་རིམ་པར་བྱོན། སྤྱིར་གཡུང་དྲུང་བོན་དང་སྒོས་དབལ་ཁྱུང་དགོན་གྱི་བསྟན་དོན་རྒྱ་ཆེན་མཛད། དེ་བཞིན་དུ་ཉག་བླ་པདྨ་བདུད་འདུལ(༡༨༡༦-༡༨༧༢)གྱི་ཞལ་གསུང་ལས། དབལ་ཁྱུང་བླ་སྤྲུལ་གསུམ་རེའི་འགྲོ་དོན་ཆད་མེད་འབྱུང”ཞེས་པ་ལྟར། མཆོག་སྤྲུལ་གཡུང་དྲུང་ཚུལ་ཁྲིམས་བསྟན་དབང་དང་། གཡུང་དྲུང་བསྟན་འཛིན། ཉི་མ་རྒྱལ་མཚན་གསུམ་གྱིས་དུས་གཅིག་ཏུ་གདན་ས་བསྐྱངས། དེའི་རིང་ལ་སྟོན་པ་འཆི་མེད་གཙུག་ཕུད་དང་གཤེན་རབ་རྣམ་རྒྱལ་གྱི་སྐུ་རྟེན་སོགས་ཆེ་ཆུང༡༡༠ལྷག་བཞེངས་ཤིང་། བོན་སྒོ་ཕྱི་ནང་གསང་གསུམ་གྱི་བཀའ་གཏེར་གསར་རྙིང་སོགས་པོད༡༠༠༠ལྷག་མཆིས། ད་དུང་ཐོས་བསམ་དང་སྒོམ་སྒྲུབ། འདོན་མཆོད་སོགས་ཀྱི་མཛད་འཕྲིན་ཡང་དེ་བཞིན་སྤེལ།
ཨེ༔ དབལ་ཁྱུང་གི་གཏེར་སྟོན་རིམ་བྱོན་དང་བཀའ་འགྱུར་སོགས་ཀྱི་མཛད་རྗེས་སྐོར་ངོ་སྤྲོད་རགས་བསྡུས།
རབ་བྱུང་བཅུ་བཞི་པའི་ཤིང་བྱི་ལོར་སྦས་གནས་ལྷང་བྲག་གི་ཞོལ་དུ། རིག་འཛིན་གཏེར་སྟོན་ཆེན་མོ༧གསང་སྔགས་གླིང་པ་ཉིད(༡༨༦༤-༡༩༣༤)དམ་པ་ཁྱུང་གི་གདུང་དུ། ཡབ་ཚེ་རིང་བཀྲ་ཤིས་དང་། ཡུམ་པདྨ་སྐྱིད་གཉིས་ཀྱི་སྲས་སུ་བལྟམས། གཡུང་དྲུང་བོན་གྱི་བསྟན་འཛིན་སྐྱེས་ཆེན་ཁོང་ནི། དགུང་ལོ༡༦ནས་གཏེར་གྱི་ལས་འཕྲོ་སད་པས་གཏེར་བཞེས་འགོ་བརྩམས། དགུང་ལོ༡༨ཐོག་དབལ་ཁྱུང་དགོན་གྱི་བསྟན་པའི་བདག་པོ་གྱུར། དགུང་ལོ༢༩ཐོག་གཏེར་གྲོགས་དབང་གི་སྒྲོན་མའམ་མཁའ་འགྲོ་བདེ་ཆེན་དབང་མོ(༡༨༦༨-༡༩༣༥)བསྟེན། གཞན་ཡང་ཁོང་གི་ཞལ་གསུང་དང་ཟབ་གཏེར་དུ་བཞེས་པའི་མདོ་སྔགས་སེམས་གསུམ་གྱི་རྒྱུད་དང་ཁྲིད། ཆོ་ག་རྣམ་ཐར་སྒྲུབ་སྐོར་སོགས་པོད་བཞི་བཅུ་ཙམ་མཆིས་ཤིང་། བོན་གསར་རྙིང་གཉིས་ཀྱིས་ཐོས་བསམ་དང་ཉམས་ལེན་བྱེད་ཀྱི་ཡོད། ལྷག་ཏུ་ཁོང་གི་གསུངས《ཚེ་དབང་རྣམ་ཐར།》(པོད༤)དང《དྲན་པའི་རྣམ་ཐར།》(པོད༨)རྣམས་རྒྱ་ཕྱི་ནང་གི་མཁས་པ་ཚོས་རྩ་ཆེན་དུ་འཛིན་གྱི་ཡོད། མཁའ་འགྲོ་དབང་མོ་ཁོང་ལའང་གཏེར་ཆོས་པོད་ཆེ་ཆུང(༡༠)ལྷག་བཞུགས། ད་དུང་ཧ་ཅང་གལ་ཆེ་བ་ཞིག་ནི། གསང་གླིང་ཁོང་གིས་ཧོར་ཡུལ(那曲)ནས་ག་རྒྱ་བསྟན་དར་གྱིས་ཕུལ་བའི《གཡུང་དྲུང་བོན་གྱི་བཀའ་འགྱུར་ལག་བྲིས་མ་ཆ་ཚང་།》(པོད༡༧༨)ཉག་ཁོག་ཏུ་གདན་དྲངས་ཤིང་། ལུང་རྒྱུན་ལན་གསུམ་སྤེལ་གནང་བ་དག་གོ། དེ་ལྟར་ཁོང་གིས་ཟབ་གཏེར་བཞེས་ཚུལ། གནས་སྒོ་འབྱེད་ཚུལ། རྒྱལ་བའི་བཀའ་རིན་པོ་ཆེའི་ལུང་རྒྱུན་སྐྱོང་ཚུལ་སོགས་ཞིབ་པར་སུ་ལའི་དཀར་ཆག་དང་གསང་གླིང་རྣམ་ཐར་ཁག་ཏུ་གཟིགས་པར་འཚལ།
 
དེ་རྗེས་གསང་གླིང་ཡང་སྲིད་འཆི་མེད་རིག་འཛིན(༡༩༣༦-༡༩༥༨)དང་། ཁོང་གི་ལྷ་ལྕམ་མཁའ་སྤྱོད་དབང་མོ(༡༩༣༦-༡༩༨༧)གཉིས་བྱོན། དེ་ཡང་མཁའ་སྤྱོད་དབང་མོ་ནི་གཏེར་སྟོན་གྲགས་ཅན་ཞིག་ཡིན། ཁོང་གི་ངོ་མཚར་གྱི་གཏེར་འདོན་ལོ་རྒྱུས་མང་པོ་ལས། ཀོང་པོ་བོན་རི་ནས་གཏེར་བཞེས་སྐབས་ནུབ་ཕྱོགས་ཀྱི་མཁས་པ་སི་ཕེན་ཧན་ནཱས(斯潘·翰娜Span Hanna)དངོས་སུ་མཇལ་ཞིང་ཆེད་དུའང་གླེང་ཡོད། ཁོང་ཡབ་ཡུམ་གཉིས་ཀྱི་རིང་ལ། ལྷང་བྲག་གི་ཞོལ་དུ་པད་མའི་ཚལ་ཞེས་པའི་ས་དེར་ལྷ་ཁང་བཞེངས་ཏེ་དགོན་པ་གསར་རྙིང་གཉིས་ཡོད་ཅིང་། བླ་གྲྭ་བརྒྱ་ལྷག་གིས་སྔར་སྲོལ་བཞིན་སྒྲུབ་མཆོད་དང་དཀའ་ཐུབ་སོགས་ལོ་ལྟར་མ་ཆད་པར་བསྐྱངས་ཡོད། དུས་ཀྱི་འཕོ་འགྱུར་སྐབས། དགོན་འདིའི་བླ་གྲྭ་རྣམས་ཀྱིས་དབལ་ཁྱུང་བླ་བྲང་གི་རྩ་ཆེ་བའི་རྟེན་སྐུ་མཆོད་ཆས་སོགས་བསྐྱུར་ཏེ། གོང་དུ་བཤད་པའི་རྒྱལ་བའི་བཀའ་འགྱུར་དེ་ཉིད་གཅིག་པུར་རང་སྲོག་བློས་བཏང་ནས། གདན་སའི་ནུབ་རྒྱུདདབལ་ལུང”སྟོད་སྨད་ཀྱི་ས་སྟོང་རི་སྟོང་། བྲག་གསེབ་ནགས་ཀླུང་སོགས་སུ་ལོ་ངོ་ཉི་ཤུ་ཙམ་གྱི་རིང་ལ། ཆར་ལྷགས་གང་དུའང་མ་འཛེམ་པར་གཏེར་སྦས་དང་གཅེས་སྲུང་མཛད། དེའི་དོན་དུ་བོན་གཤེན་ལྔ་ཙམ་ཡང་འདས་གྲོངས་སུ་ཕྱིན་ཤོར་ཡོད། དེ་ཚོ་ནི་ཁོང་རྣམས་པ་སྒེར་གྱི་ཁེ་ཕན་སོགས་ཀྱི་སླད་དུ་མིན་པར། བོད་ཁ་བ་ཅན་དང་གཡུང་དྲུང་བོན་སྤྱི་ཡི་རིག་གནས་ལ་ཞབས་འདེགས་དང་ལྷག་བསམ་ཡིན་ཞིང་། ད་ལྟར་ང་ཚོས་གང་ས་ཅི་ཐད་ནས་བཀའ་འགྱུར་འདིར་ལོངས་སུ་སྤྱོད་ཀྱིན་པ་ནི། ཁོང་རྣམས་པའི་དཀའ་སྡུག་དང་རྔུལ་ཁྲག་ལས་བྱུང་བར་སྨོས་མ་དགོས་པ་ལགས། སྔོན་ཆད་བོན་གྱི་དགོན་སྡེ་ཁག་ཏུ་བཀའ་འགྱུར་མང་པོ་ཡོད་ཅིང་། རིག་གསར་རྗེས་སུ་བོན་གྱི་བཀའ་འགྱུར་ཆ་ཚང་བཞུགས་ཡོད་པ་ནི། ཡོངས་འཛིན་ཆེན་མོའི་ཞལ་གསུངས་ལྟར་དབལ་ཁྱུང་དགོན་འདི་གཅིག་པུ་ཡིན། དེའི་ལོ་རྒྱུས་དང་བཀའ་འགྱུར་ཉར་མཁན་གྱི་བོན་གཤེན་གཙོ་བོ་བཅུ་ལྷག་གི་མཚན་ཐོ་སོགས་ཞིབ་པབཀའ་འགྱུར་ཉར་ཚགས”ཀྱི་ཡིག་ཆ་ཁག་ཏུ་གཟིགས་མཛོད།
 
ཨོ༔ དབལ་ཁྱུང་གི་ད་ལྟའི་གདན་ས་དང་གནས་བབ་ཙམ་ངོ་སྤྲད་དེ་མཇུག་བསྡུ་བ།
དེ་ནས་དུས་ཀྱི་འཕོ་འགྱུར་རྗེས། གཏེར་སྟོན་མཁའ་སྤྱོད་དབང་མོ་དང་། སྐྱ་སེར་ཕོ་མོ་ཡོངས་ཀྱིས། ཕྱི་ལོ༡༩༨༢ལོར་ད་ལྟའི་གདན་ས་ཤེལ་གདན་མགོ་རུ་ཚོགས་ཁང་གསར་བཞེངས་མཛད། ད་བར་བླ་བྲང་དང་། སྤྱི་ཁང་། སྒྲུབ་གྲྭ་ཁང་། གྲྭ་ཤག་བཞི་བཅུ་ལྷག །འཁོར་ཕྲེང་ལྕགས་རི། མཆོད་རྟེན་ཆ་བརྒྱད་སོགས་བཀོད་པ་ཕུན་སུམ་ཚོགས། ལྷག་ཏུ་ཆབ་སྲིད་ཀྱི་དུས་འགྱུར་ཐམས་ཅད་ལས་ཐར་བའི་གཡུང་དྲུང་བོན་གྱི་བཀའ་རིན་པོ་ཆེ་དེ་ཉིད་དང་། སྲིད་རྒྱལ་དྲེལ་ནག་གི་སྨན་སྐུ་བྱིན་ཅན་སོགས་རྟེན་གཙོ་མང་པོ་ཡུལ་སྐོར་དང་དད་ལྡན་རྣམས་ལ་མཇལ་ཁ་ཕྱེས་ཡོད་པ་ལགས། དེ་བཞིན་ད་ལྟའི་དབལ་ཁྱུང་དགོན་གྱི་དབུ་བླ། གསང་སྔགས་གླིང་པའི་ཡང་སྤྲུལ༧ཀུན་གྲོལ་འཆི་མེད་གླིང་པ་ཉིད་ཀྱི་བར། བླ་རབས་བཅུ་བདུན་ཙམ་བྱོན་ཡོད། ད་ལྟར་ཁོང་གི་སྐབས་ལའང་སྒོམ་སྒྲུབ་ཀྱི་བསྟན་པ་རྒྱས་དང་རྒྱས་བཞིན་པ་ལགས། ད་དུང་དབལ་དགོན་གྱི་སྐྱེས་ཆེན་དམ་པ། རྒྱལ་བའི་བཀའ་འགྱུར་ཉར་ཚགས་ཐད་དུ་དྲིན་ཆེ་ཞིང་། སྐུ་ཚེ་ཕྱེད་ཀ་དབལ་དགོན་པདྨ་གསང་གླིང་གི་རི་ཁྲོད་དུ་མཚམས་དམ་པོ་བཞུགས་པའི། བྱ་བྲལ་བ་གཡུང་དྲུང་དོན་གྲུབ(༡༩༤༥-༢༠༡༨)མཆོག་དང་། གསང་སྔགས་གླིང་པའི་ཆོས་བདག་གི་ཡང་སྤྲུལ་ཚུལ་ཁྲིམས་གཡུང་དྲུང་(༡༩༤༤-༢༠༡༡)མཆོག ཁྱུང་གཏེར་ཐུགས་རྗེ་གླིང་པའི་གདུང་སྲས༧བྱ་བཏང་ཉི་མ་ཀུན་གསལ(༡༩༦༣-༢༠༡༩)རྣམ་གསུམ་དབལ་ཁྱུང་དགོན་སྡེ་གཉིས་ལ་བཀའ་དྲིན་ཟབ་ཅིང་། ཉེ་བའི་ལོ་ལ་རིམ་གྱིས་དགོངས་པ་བོན་དབྱིངས་སུ་བསྡུས་ཏེ་འགྲོ་དོན་གཞན་དུ་བྱོན་ནོ།།
 
གཞན་ཡང་དབལ་ཁྱུང་དགོན་གྱི་སྔ་སྲོལ་ཚོགས་སྒྲུབ་མཆོད་སོགས་ཀྱང་མ་ཉམས་པར་སྐྱོང་བཞིན་ཡོད་དེ། ལོ་ལྟར་དགུན་མཆོད་ལ་བོད་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཙམ་ནས། གཤེན་སྟག་ལ་མེ་འབར་དང་དབལ་ཕུར་ནག་པོའི་སྒྲུབ་མཆོད་དགུ་གཏོར་ཆེན་མོ་འཚོགས་ལ། སྐབས་དེར་དམིགས་བསལ་རྒྱན་ཐུན་དང་། གཏོར་རྒྱག །མེ་ཞགས། སྲི་མནན་སོགས་མཇལ་རྒྱུ་ཡོད། དེ་ནས་དབལ་དགོན་གྱི་སྔོན་བྱོན་བླ་མ་ཁག་གི་གདུང་མཆོད་དང་། ཨ་དཀར་བུམ་སྒྲུབ་སོགས་འཚོག་རྒྱུ་ཡོད། དབྱར་མཆོད་ལ་བོད་ཟླ་དྲུག་པའི་ཚེས་གཅིག་ནས། གཤེན་རིག་འཛིན་འདུས་པའི་ཚེས་བཅུ་སྒྲུབ་མཆོད་འཚོགས་ལ། སྐབས་དེར་དམིགས་བསལ་རྡུལ་ཚོན་རི་མོ་དང་། དཀྱིལ་འཁོར་རྒྱས་བཀོད། མེ་སྤར་སྦྱིན་སྲེག །དམར་འཆམ་དང་འབག་འཆམ་བཅས། སེམས་ཀྱི་དད་ཞིང་དང་མིག་གི་དགའ་སྟོན་ཕུན་སུམ་ཚོགས་པ་ཡོད། དེ་ནས་ཞག་བརྒྱ་འདུས་རྒྱུ་དང་ལྷ་གསོལ་རི་བསྟོད་ཀྱི་དུས་སོགས་ཀྱང་དེ་བཞིན་ཡོད་པ་ལགས། ཞེས་དབལ་ཁྱུང་དགོན་གྱི་སྤྲུལ་མིང་འཛིན་པ་ཙམ༧གར་དབང་ནམ་མཁའ་གཡུང་དྲུང་འབོད་པ་དེས། རབ་བྱུང་བཅུ་བདུན་པའི་ལྕགས་གླང་ལོར་ས་ག་ཟླ་བའི་ཚེས་བདུན(2021/5/19)ཉིན་བྲིས་སོ།། འབྱུང་གྱུར་གྱི་དུས་སུའང་། སྐྱེ་དགུ་བདེ་སྐྱིད་ཕུན་སུམ་ཚོགས་ཤིང་། གཤེན་བསྟན་ཡར་ངོ་ཟླ་ལྟར་རྒྱས་པར་ཤོག །ཐ་ཚན་མུ་ཙུག་སྨར་རོ།།
 
དཔྱད་གཞི་ཡིག་ཆ།
《དབལ་ཁྱུང་དགོན་པའི་ལོ་རྒྱུས།》ལག་བྲིས་མ། བྱ་བྲལ་གཡུང་དྲུང་དོན་གྲུབ།
《ཁྱུང་གཏེར་ཐུགས་རྗེ་གླིང་པའི་རྣམ་ཐར།》ཁྱུང་པོ་བསྟན་འཛིན་ཉི་མ།
《ཉག་རོང་གི་གནས་ཡིག་དཀར་ཆག་སྐོར།》ལག་བྲིས་མ།
《བླ་བསྟོད་གཤེན་བསྟན་གསལ་བའི་བོན་གྱི་དགའ་སྟོན།》2009ལོ།
《ཡོངས་འཛིན་བསྟན་རྣམ་པའི་གསུང་འབུམ།》2005ལོ། པོད་བཞི་པ།
《སློབ་དཔོན་ཚངས་པ་བསྟན་འཛིན་གྱི་གསུང་འབུམ།》2018 པོད་གཉིས་པ།
《苯教史纲要》才让太、顿珠拉杰 2012
 
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།