ཞུ་ཡི་གདན་ས་དབང་ལྡན་ལྷུན་གྲུབ་སྒང་།

[ཟླ་ཚེས། 2021-12-05 12:42:03][རྩོམ་པ་པོ། ཚུལ་ཁྲིམས་དབང་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


ཞུ་ཡི་གདན་ས་དབང་ལྡན་ལྷུན་གྲུབ་སྒང་བྱུང་རབས་ལོ་རྒྱུས་མདོར་བསྡུས།

  བོན་བསྟན་ཕྱི་དར་གྱི་དུས་འགོར་མིང་དུ་གྲགས་པའི་བོན་གྱི་གྲྭ་ས་ཡ་བཞི་ནང་ཚན་ཞུ་རི་ཞིང་དབང་ལྡན་ལྷུན་གྲུབ་སྒང་དགོན་གྱི་བྱུང་རབས་ནི། དེ་ཡང་དང་ཐོག་རིག་སྣང་འོད་ལྡན་ལས་གྲོལ་བའི་མིའུ་རུས་དྲུག་གི་ནང་ཚན་སྨུག་པོ་ལྡོང་གི་རིགས་ལས་སྟོད་ན་བ་ཚབ་དང་འབྲི་གཉིས་སུ་བྱུང་བ་དང་། ཞུ་འདི་འབྲི་གཡས་གདུང་ལས་ཆད། དེ་ནས་བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོ་ལོ་ངམ་རྟ་རྫིས་གྲི་རུ་ང་ཤུམ་པ་ལ། རྒྱལ་པོའི་སྲས་སྤུ་ལྡེ་གུང་རྒྱལ་གྱིས་ཡབ་ཀྱི་གྲི་འདུར་དུ་ཟ་འོག་གི་གུར་ཕུབ་ནས་བོན་གཤེན་རིག་འཛིན་མང་པོ་གདན་དྲངས། འདུལ་དང་འདྲེན་ཆོག་རྒྱ་ཆེན་པོ་བརྩོན་པས། ཀུན་གྱི་ནང་འདུར་དང་ལ་ཟླར་མཁས་པའི་བོན་པོ་ལྕགས་ཀྱི་བྱ་རུ་ཅན་སྲིད་པའི་གཏོ་རབས་མང་པོ་ཐུགས་ལ་རྫོགས། འདུལ་ལུགས་སུམ་བརྒྱ་དྲུག་ཅུ་ས་ལེར་གསལ་བ་ཞིག་ཡོད་པ་དེས། རྒྱལ་གྱི་གྲི་འདུར་དང་ཐུགས་རིག་དབྱིངས་སུ་སྤར་བས། རྒྱལ་སྲས་སྤུ་ལྡེ་གུང་རྒྱལ་རབ་ཏུ་དགྱེས་ཏེ་གསེར་དང་གཡུ་ཡི་སྡེར་མ་ཕུལ་ནས་མཆོད་གནས་སུ་བཀུར། འདི་ནས་དབང་ལྡན་ཞུ་གཡས་བཀའ་རྒྱུད་ཀྱི་གདུང་རབས་བོད་དུ་ཐོག་མར་དབུ་གཙུགས་པ་ཡིན། དེ་ནས་མི་རབས་ཁ་ཤས་སོང་ཙམ་དབལ་བོན་སྲིད་འཁོར་བྱ་བ་ཕ་ཝང་རྟ་ལ་ཆིབས་ནས་གཤེགས་པ་ཞིག་བྱུང་། དེའི་སྲས་སྲིད་རྒོད། དེའི་སྲས་སྨན་རྒོད། དེའི་སྲས་སྲིད་གཤེན་སྐལ་བ་བཟང་པོ། དེའི་སྲས་མེས་དཔལ་ཐར་བ་འདི་ཡང་འདུར་ལ་མཁས་པ་ཞིག་བྱུང་སྟེ་ཁོང་གི་གཙང་སྟོད་རི་ཞིང་ཤང་གི་ས་ཆ་ཞུ་ཡི་བ་མོ་ཟེར་བ་ཡི་ལུང་པ་ཞིག་ཏུ་གཞིས་ཆགས་པ་ནས་ཞུ་ཚང་ཞེས་བླ་དྭགས་ཆགས།

  དེ་ནས་དབང་ལྡན་ཞུ་ཡི་སྔགས་འཆང་རིམ་པར་བྱོན་པས་བོན་ཕྱི་དར་གྱི་ཐོག་མར་ཞུ་གཡས་བོན་པོ་བྱང་ཆུབ་དང་ཡུམ་སྨྲ་བཟའ་ལྷ་ལྕམ་བྱ་བ་གཉིས་ལ་སྤྱི་ལོ་༡༠༠༢བོད་རབ་བྱུང་མ་ཟིན་གོང་གི་ཆུ་སྟག་ལོར་སྔགས་འཆང་ཕུར་ཐོད་འཛིན་པ་དབང་ལྡན་ཞུ་གཡས་ལེགས་པོ་སྐུ་འཁྲུངས། ཁོང་རྗེས་སུ་བླ་མ་གཤེན་ཆེན་པོའི་བཀའ་བབ་ཀྱི་སློབ་མར་གྱུར་ནས་བླ་མས་ལུང་བསྟན་ལྟར་ཉང་སྟོད་གསས་མཁར་ཇོ་བོ་ཁྱུང་ལག་དང་སྐྱིད་མཁར་བྲག་ནག་སྔོ་ཕུག་ལ་སྒོམ་སྒྲུབ་མཛད། སྤྱི་ལོ་༡༠༡༦ལོར་སྐྱིད་མཁར་བྲག་གི་སྒྲུབ་གནས་གཙུགས་ནས་སྔགས་འཆང་ཕུར་ཐོད་འཛིན་པ་ལ་སྒྲུབ་སྡེ་རྒྱས་པར་སྤེལ། ཁོང་གི་སྲས་སྐྱིད་པོ་ཇོ་ཐོག སྐྱིད་པོ་ཇོ་ཐོག་ལ་སྲས་བཞི་ཡོད་པའི་ནང་ནས་ཆེ་བ་ཞུ་སྐྱེ་སེ་ཆེན་པོ་རབ་བྱུང་དང་པོའི་ཤིང་འབྲུག་ལོར་སྐུ་འཁྲུངས། ཁོང་ནི་སྔགས་སེམས་མཚན་ཉིད་ཀྱི་བང་མཛོད། སྐལ་ལྡན་བརྒྱ་ཕྲག་དུ་མའི་གཙུག་རྒྱན་མཉམ་མེད་སྨྲ་བའི་སེང་གེར་གྱུར་ཏེ་རྨེའུ་སྟོན་སྒོམ་རྣམ་གཉིས་དང་། གྲུབ་ཐོབ་ཉི་མ་སེང་གེ། བྲུ་རྗེ་བཙུན་སོགས་སྐྱེས་ཆེན་ཕལ་ཆེར་ཁོང་གི་ཞབས་ལ་གཏུགས། སྐྱེ་སེ་ཆེན་པོ་ལ་སྲས་བཞི་བྱོན་པའི་ཆེ་བ་སྒྲོལ་བ་གཤེན་རྒྱལ་འབྲེལ་ཚད་དོན་ལྡན་གྱི་གཤེན་པོ་ཡིན།

  སྤྱི་ལོ་༡༡༡༠ལོར་སྲས་སྒྲོལ་བ་གཤེན་རྒྱལ་དགུང་གྲངས་བཅུ་དྲུག་ལ་ཕེབས་སྐབས་ཡབ་སྐྱེ་སེ་ཆེན་པོ་དང་ལྷན་དུ་སྐྱིད་མཁར་རི་ཞིང་རྩ་ཕུ་བླ་བྲང་ཕྱག་བཏབ་ཡུལ་གྲུ་ཀུན་གྱི་དད་ལྡན་བོན་པོ་གནས་འདིར་འདུས་ཤིང་སེམས་ཕྱོགས་སྔགས་ཀྱི་སྐྱེ་སེ་ཆེན་པོར་སྲས་བཞིའི་གསུམ་པ་ཇོ་ཐོག་སྒྲུབ་སྡེ་ཆེན་པོ་ཞིག་ཏུ་གྱུར། སྐྱེས་སེ་ཆེན་པོར་སྲས་བཞིའི་གསུམ་པ་ཇོ་ཐོག་གི་སྲས་ཆེ་བ་ཁྲོ་རྒྱལ་འབར་ཏེ་ཆུང་ནས་དད་བརྩོན་ཤེས་རབ་ལྡན་པ་རྨེའུ་རི ཁྲོད་པ་དང་། རྗེ་བཙུན་ཡར་མེ་བ་གཉིས་ལ་འདུལ་བའི་སྡེ་སྣོད་གསན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། ཁོང་ལ་ཆུང་བཙུན་གྱི་དུས་སུ་ཞུ་བཙུན་དོན་ལྡན་ཟེར། བསྙེན་རྫོགས་དུས་སུ་ཡེ་ཤེས་རིན་ཆེན་ཟེར། གདན་སའི་དུས་སུ་སངས་རྒྱས་ཞུ་ཆེན་ཟེར།

  ཡུལ་སྐད་ལར་ཡང་ཞུ་མོ་ཆེ་ཟེར་ཁོང་གི་སྤྱི་ལོ་༡༡༥༦ལོར་ཞུ་ཡི་གདན་ས་གཙོ་བོ་དབང་ལྡན་ལྷུན་གྲུབ་སྒང་ཕྱག་བཏབ་ཏེ་རབ་བྱུང་འདུལ་བའི་སྡེ་གཙུགས་ནས་ད་བར་མི་ལོ་༨༥༩ཕྱིན་ཡོད། དེ་ནས་ཞུ་བླ་མ་རྟོགས་ལྡན་ཤེས་རབ་འབུམ་དང་། ཤར་ཆེན་རྒྱལ་མཚན་དར། སྐྱབས་མགོན་རིན་ཆེན་འོད་ཟེར་སོགས་བླ་རབས་རིམ་པར་གདན་ས་བསྐྱངས། སྐབས་དེ་དག་ཏུ་དབུས་གཙང་རུ་བཞི་དང་མདོ་ཁམས་སྒང་དྲུག་གི་དད་ལྡན་བོན་གྱི་ཞུ་ཡི་གདན་ས་ཆེན་མོའམ་དབང་ལྡན་ལྷུན་གྲུབ་སྒང་གི་གདན་ས་ཆེན་མོར་འདུས་ནས། དབང་ལྡན་ཞུ་ཡི་བླ་མ་རིམ་བྱོན་གྱི་དྲུང་ནས་བོན་ཕྱི་ནང་གསང་གསུམ་གྱི་དབང་ལུང་ཁྲིད་གསུམ་བུམ་པ་གང་བྱོའི་ཚུལ་དུ་མནོས། ཞུ་ཡི་མཁས་གྲུབ་བླ་མ་དང་སློབ་བུ་གྲངས་ལས་འདས་པ་འཕེལ་ནས་བོན་ཕྱི་དར་གྱི་དུས་འགོར་བོན་གྱི་གྲྭ་ས་བཞི་ཡི་ཡ་གྱལ་དབང་ལྡན་ཞུ་ཡི་གདན་ས་ཞེས་སུ་གྲགས་སོ། །

  འོན་ཀྱང་རྗེས་སུ་དུས་འགྱུར་སྐབས་ཁྱོན་ཡོངས་དང་འདྲ་བར་དགོན་པར་ཉམས་ཞིག་ཆེན་པོ་བྱུང་ཡང་སྤྱི་ལོ་༡༩༨༥ལོར་སླར་ཡང་གོང་རིམ་ནས་ཡང་དག་པའི་ཆོས་དད་རང་མོས་ཀྱི་སྲིད་ཇུས་འོག་ཉམས་གསོའི་ཆོག་མཆན་ཐོབ་པར་བརྒྱུད་ཞུ་བླ་མ་ཚེ་དབང་མི་འགྱུར་སྙིང་པོ་དང་གྲྭ་མང་དེ་བཞིན་ཡུལ་མི་སྦྱིན་བདག་ཚང་མས་ལྷག་བསམ་ཟོལ་མེད་རོགས་རམ་ལ་བརྟེན་དགོན་པ་ཉམས་གསོ་ཐུབ་པ་བྱུང་བ་དང་། སྔོན་བླ་མ་གཤེན་གྱིས་ཞུ་གཡས་ལེགས་པོར་རྟེན་སྐལ་དུ་གནང་བ་རྔ་སྟོང་རི་ཆེམ་པ་དང་གསས་མདའ་དུང་དབྱུག་སོགས་རིན་ཐང་བྲལ་བའི་རིགས་དངོས་གང་འཚམས་ལག་སོན་བྱུང་ནས་ད་ལྟ་རང་དགོན་དུ་དད་པའི་རྟེན་དུ་བཞུགས་ཡོད་ལ་དེ་མིན་ད་དུང་དགོན་པའི་ཕྱི་ནང་གི་རྟེན་སོགས་གསར་བཞེངས་ཉམས་གསོ་གང་འཚམས་གྲུབ་ཡོད་པ་མ་ཟད་སྔར་རྒྱུན་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ཀྱང་ཉམས་པ་སླར་གསོའི་ལག་ལེན་མཛད་བཞིན་ཡོད་པ་ལགས་སོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།