དཔལ་ལྡན་བཟང་རི་རྨེའུ་ཚང་ལྷུན་གྲུབ་མཐོང་སྨོན་གླིང་།

[ཟླ་ཚེས། 2021-12-02 12:47:09][རྩོམ་པ་པོ། རིག་འཛིན་བཟང་པོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


༄༅༎དཔལ་ལྡན་བཟང་རི་རྨེའུ་ཚང་ལྷུན་གྲུབ་མཐོང་སྨོན་གླིང་གི་ངོ་སྤྲོད་མདོར་བསྡུས།

  དཔལ་ལྡན་བཟང་རི་རྨེའུ་ཚང་དགོན་ནི་སྙེ་མོ་རྫོང་དར་གྲོང་གྲོང་བརྡལ་བཟང་རི་གྲོང་ཚོའི་ཉེ་འགྲམ་དུ་གནས་ཡོད། ཐོག་མར་གདུང་རབས་རྩ་བ་ལས། མཁས་པ་ཆེན་པོ་རྨེའུ་ཚང་ཞེས་གདུང་རབས་བྱུང་བའི་ཁུངས་སྨོས་པ། མི་རྒྱུད་ལྷ་ལས་ཡས་མར་ཆད། དེ་ཡང་སངས་པོ་ཡབ་ཀྱི་ཐུགས་སྦྲུལ་ལྷ་སྲས་འོད་ཀྱི་ཁྱེའུ་དཀར་པོ་ཞིག་འོད་གསལ་ལྷ་ལས་བབས་པར་སྨྲ་དང་རྨེའུ་གཉིས་བྱུང། རྨེའུ་ལས་ངམ་ལེན་མཆོག་གིས་ལྷ་རྒྱུད་མི་རབས་དབུས་བཟུང་ནས་ཐོས་བསམ་སྒོམ་པས་སྒྲུབ་པ་ཐོབ་པ་དང་། མེ་རྗེ་གཉའ་ཁྲི་བཙན་པོ་ཡིས། གདན་དྲངས་བླ་ཡི་མཆོད་གནས་བཀུར། རྨེའུ་ལས་ངམ་ལེན་སྐྱོལ་པོ་ཡིས་ལྷ་རྒྱུད་མི་རབས་དབུ་བཟུང་བ་དེ་ལོ་རྒྱུས་ཀྱི་ཁུངས་བརྟན་པ་དང། ཁྱད་པར་འཕགས་པ་བླ་རབས་བསྟན་སྤེལ་རིམ་བྱོན་གྱི་ཐོག་མ་ཕྱི་དར་བསྟན་པའི་གཙོ་བོ་རྒྱལ་རིགས་གཤེན་ཆེན་ཀླུ་དགའི་བཀའ་བབས་བསྟན་འཛིན་གྱི་སྐྱེས་བུ་རྨེའུ་སྟོན་ལྷ་རི་གཉན་པོ༡༠༢༤ལོར་སྐུ་འཁྲུངས་པ་དང་། སྤྱི་ལོ་༡༠༤༨ལོར་ཁོང་གིས་དཔལ་ལྡན་བཟང་པོ་རིར་ཕོ་བྲང་གསར་བཞེངས་མཛད་སྐབས། ས་འདི་བྱིན་གྱིས་བརླབས་པའི་ས་ཞེས་གསུངས་པ་ལྟར། བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་འདི་ཉིད་ཞབས་ཀྱིས་བཅགས་པའི་གནས་ཡིན་པ་དང་དངོས་དཔང་དུ་ད་ལྟ་དགོན་པའི་བྲག་ངོས་སྟེང་སྟོན་པའི་ཞབས་རྗེས་ཁྲུ་གང་མཇལ་རྒྱུ་ཡོད། གནམ་ནི་འཁོར་ལོ་རྩིབས་བརྒྱད་འདྲ། ས་ནི་པདྨ་འདབ་བརྒྱད་འདྲ། རྒྱབ་རི་ལྷ་རི་སྤོ་མཐོ་རི། རྒྱལ་པོ་གདན་ལ་བཞུགས་པ་འདྲ། མདུན་ན་བཀྲ་ཤིས་ས་ཡི་གནས། འབྲུ་བཅུད་སྣ་ཚོགས་སྨིན་པའི་ས། གཡོན་གྱི་རི་ནི་གཡུ་འབྲུག་སྔོན་པོ་ཐུར་ལ་དཀྱུས་པ་འདྲ། གཡས་ཀྱི་རི་ནི་དར་དཀར་ཡོལ་བ་འཐེན་པ་འདྲ། ཕུན་སུམ་ཚོགས་པ་བར་པོ་སོ་བརྒྱད་འདྲ་བའི་ས་འདིར་གཤེན་གྱི་ཕོ་བྲང་ངོ་མཚར་ཆེ་གསུངས་ནས། དཔལ་ལྡན་བཟང་པོ་རིར་བླ་བྲང་ལྷུན་གྲུབ་མཐོང་སྨོན་གླིང་ཞེས་བྱ་བ་བཞེངས་སོ། །

  དེ་ནས་རིམ་བཞིན་ལྷ་རི་གཉེན་པོ་དང། མཁས་དབང་ཚུལ་ཁྲིམས་དཔལ་ཆེན། དགོངས་མཛོད་རི་ཁྲོད་ཆེན་པོ་གསུམ་གྱིས་ཞལ་བཀོད་གནང་སྟེ་སྙེ་མོ་དཔལ་ལྡན་བཟང་རི་དགོན་དུ་ནང་རྟེན་གསེར་སྐུ་རིགས་ལྔ་ཐབས་དང་རྫུ་འཕྲུལ་གྱི་སྒོ་ནས། ཤར་ལི། ནུབ་ལི་སོགས་གདན་དྲངས་བཞུགས་གསོལ་མཛད་པ་དང་། གསེར་བྲིས་བཀའ་བརྟེན་དུ་མ་བཞེངས་ནས་རབ་གནས་མཛད་སྐབས་སྐུ་བརྙན་མདོ་རྒྱུད་རྣམས་ནས་འོད་གསལ་ཤར་བ་སོགས་ཡ་མཚན་ཁྱད་འཕགས་ཀྱི་རྟགས་མཚན་བྱུང་བ་དང་། ཨ་སྙན་རྫོགས་གསུམ་གྱི་ཤིང་རྟའི་སྲོལ་གཏོད་ཅིང་བཤད་སྒྲུབ་གཉིས་ལྡན་གྱི་གྲྭ་ས་ཆེན་མོར་གྱུར། སླར་ཡང་སྤྱི་ལོ༡༡༥༨ལོར་འགྲོ་མགོན་སུམ་སྟོན་ལྷ་འབུམ་གྱིས་བཟང་རི་སུམ་སྟོང་དགོན་ཆེན་བསྐྲུན་ཏེ་གླིང་བཞི་ལ་གྲྭ་པ་སུམ་སྟོང་འཕེལ། གླིང་བཞི་ནི་གླིང་སྟོད་དང་། གླིང་སྨད། གླིང་དཀྱིལ། གླིང་ཟུར་བཅས་ཡིན། སྐབས་དེ་དུས་སྙེ་མོ་སུམ་སྟོང་དགོན་ཆེན་ཞེས་འབོད་སྲོལ་བྱུང་ཡོད།

  དགོན་པའི་རྟེན་གཙོ་ནི་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཤེན་གཏེར་ཁྲོ་བོ་གཙོ་མཆོག་དང་། ཤར་ལི། ནུབ་ལི། ཛྷེེཀྵི་ལ་སོགས་ཐོག་བརྩེགས་གཉིས་དང་ལྡན་པའི་སངས་རྒྱས་ཀྱི་སྐུ། དེ་བཞིན་ལི་ཡི་མཆོད་རྟེན་ཆ་བརྒྱད་ཐོག་བརྩེགས་གཉིས་ལྡན། འགྲོ་མགོན་སུམ་སྟོང་ལྷ་འབུམ་གྱི་སྐུ་དམར་གདུང་དང་། རིན་ཆེན་སྣ་བདུན་ལས་གྲུབ་པའི་བཀའ་བརྟེན་དང་སྨྲ་སེང་བླ་མ་རིམ་བྱོན་གྱི་དཔེ་མཛོད་ཁང་བཅས་འགྲོ་བ་གང་ཟག་ཀུན་ལ་བལྟ་བས་མི་ངོམས་པའི་ལོ་རྒྱུས་རང་བཞིན་ལྡན་པ་མཇལ་རྒྱུ་ཡོད་རུང༡༩༥༩ལོར་གཏོར་སྐྱོན་དུ་ཤོར། ད་ལྟའི་ཆར་དགོན་པའི་རྟེན་གཙོ་ཁྲོ་བོའི་སྐུ་དང་སྨྲ་སེང་བླ་མ་བཅུ་གསུམ་གྱི་སྐུ་དང་སྐུ་གདུང་། དེ་བཞིན་གསེར་ཟངས་ལས་གྲུབ་པའི་སྟོན་པ་ཁྲི་གཙུག་རྒྱལ་བ། རྣམ་པར་རྒྱལ་བ། ཤེས་རབ་སྨྲ་སེང་། བྱམས་མ། ཀུན་བཟང་རྒྱལ་བ་རྒྱ་མཚོ། བཀའ་བརྟེན་སོགས་མང་པོ་མཇལ་རྒྱུ་ཡོད།

  མདོར་ན་བླ་གྲྭ་ཉི་ཤུའི་གཡས་གཡོན་གྱིས་ལོ་ལྟར་སྔར་གྱི་ལུགས་ལྟར། དུས་མཆོད་ནི་བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ནས་བཟུང་ཁྲོ་ཀློང་རྣམ་གསུམ་གྱི་སྒྲུབ་པ་ཉིན་བཅུ་ཡི་དགུ་གཏོར་ཆེན་མོ་འཚོགས་པ་དང་དེ་བཞིན་དུས་མཆོད་ཁག་ཆག་མེད་མཛད་བཞིན་ཡོད། སྤྱིའི་ཆ་ནས་དགོན་པའི་དབུ་རྩེ་དང་འཁོར་ཡུག་ཕྱི་ནང་གི་རྟེན་ཚང་མ་ལེགས་འགྲུབ་བྱུང་ཡོད། ལྷག་པར་དུ་བླ་རབས་བཞི་བཅུ་ལྷག་དང་དགོན་འདི་རྨེའུ་སྟོན་ལྷ་རི་གཉེན་པོ་རིན་པོ་ཆེ་དཔལ་བཟང་པོ་མཆོག་གིས་སྤྱི་ལོ༡༠༤༨ལོར་ཕྱག་བཏབ་ནས༢༠༢༡བར་ལོ་ངོ༩༧༣ཙམ་སོང་བའི་ལོ་རྒྱུས་རང་བཞིན་ལྡན་པའི་གྲགས་ཅན་གྱི་གཡུང་དྲུང་བོན་དགོན་སྡེ་ཞིག་ཡིན། རྨེའུ་ཚང་དགོན་ནི་སྙེ་མོ་རྫོང་ནས་ཤར་ཕྱོགས་སུ་ལེ་བར་གསུམ་ཙམ་གྱི་བཟང་རི་གྲོང་ཚོའི་ནང་དུ་གནས་ཡོད།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།