དཔལ་གཤེན་བསྟན་ཚ་རོང་ཤུག་རྫོང་དགོན་བསམ་གཏན་སྨིན་གྲོལ་གླིང་།

[ཟླ་ཚེས། 2020-02-29 09:17:13][རྩོམ་པ་པོ། མཁན་པོ་ཤེས་རབ་ཚུལ་ཁྲིམས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༧དཔལ་གཤེན་བསྟན་ཤུག་རྫོང་དགོན་བསམ་གཏན་སྨིན་གྲོལ་གླིང་གི་ལོ་རྒྱུས་མེས་པོའི་ངག་རྒྱུན།

སྐྱེ་མེད་བདེ་ཆེན་བོན་སྐུ་འདུས་མ་བྱས།།

འགག་མེད་རོལ་རྩལ་ལོངས་སྐུ་གཤེན་ལྷ་འོད།།

གཉིས་མེད་སྤྲུལ་སྐུ་སྟོན་པ་འཆི་མེད་གཙུག།

སྐུ་གསུམ་དབྱེར་མེད་བླ་མར་ཕྱག་འཚལ་ལོ།།

  དེ་ཡང་མཆོད་བསྟོད་ཨུད་དཔལ་དཀར་པོས་མདུན་བསུས་ཏེ། སྐབས་འདིར་བཤད་པར་བྱ་བ་ལ་བདག་ཅག་འགྲོ་བ་ཡོངས་ཀྱི་སྐྱབས་གནས་མཆོག་གྱུར་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་ཁ་བ་གངས་ཅན་གྱི་ལྗོངས་འདིར་སྟོད་ན་མངའ་རིས་སྐོར་གསུམ་དང་། བར་ན་དབུས་གཙང་རུ་བཞི། སྨད་ན་མདོ་ཁམས་སྒང་དྲུག་དུ་ཡོད་པའི་ནང་ ཚན། མདོ་སྨད་རྒྱལ་མོ་ཚ་བ་རོང་ཞེས། རི་རྩེ་གངས་རིའི་མཆོད་རྟེན་བཤམ་འདྲ། རི་སྐེད་ལ་ཚང་ཚིང་ནགས་རླུང་དང་སྨན་སྤོས་དྲི་བཟང་གིས་ཁྱབ་པ། རི་མཐའ་ལ་འབྲུ་དྲུག་ཤིང་ཏོག་ལི་རྒུན་སོགས་དབྱར་མཚོ་རྒྱས་པ་ལྟར་ཡོད་པ། གཞན་རྫ་རི་དང་སྤང་རི་སོགས་རི་ཕྲན་རྣམས་ཀྱི་གཤམ་དུ་རྒྱལ་མོ་དངུལ་ཆུ་གཙོས་པའི་རྫ་ཆུ་དང་གངས་ཆུ་སོགས་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་རྣམས་ཕྱོགས་བཞིར་ལྷུང་ལྷུང་དུ་བབས་པ། ཇི་སྐད་དུ། གླིང་བཞིའི་དང་པོ་ལྷོ་རྒྱལ་འཛམ་བུ་གླིང་།། རོང་བཞི་དང་པོ་རྒྱལ་མོ་ཚ་བ་རོང་།། ཆུ་བཞི་དང་པོ་དངུལ་ཆུ་བསིལ་ལྡན་རྒྱུད།། གནས་བཞི་དང་པོ་སྦས་ཡུལ་པདྨ་འབུམ།། ཞེས་ལུང་ཟིན་གྱི་གནས་མཆོག་དེ་ནི། མཛོ་སྒང་རྫོང་ནས་ཧོར་རྫོང་བར་ཏེ་སྤྱི་ལེ་(115)མཚམས་སུ་སྦས་གནས་བཀྲ་ཤིས་སྤུངས་རི་ཞེས་སྟོན་པ་འཆི་མེད་གཙུག་ཕུད་དང་། དྲན་པ་ཡབ་སྲས། ལོ་ཆེན་བཻ་རོ་ཙ་ན་སོགས་ཀྱིས་ཐུགས་བསྐྱེད་བྱིན་བརླབས་ཀྱི་ཚན་ཁ་མ་ཉམས་པ་བཀའ་རྟགས་རང་བྱོན་སོགས་བཀྲ་ཤིས་པའི་དགེ་མཚན་བསམ་གྱིས་མི་ཁྱབ་པའི་གནས་རི་བྱིན་ཅན་ཞིག་ཡོད་ལ། རི་བོ་དེ་ཡི་གཤམ་དུ་སྙན་བརྒྱུད་ཨ་གསལ་འཕྲུལ་གྱི་སྒྲོན་མ་ལས། རྒྱལ་བའི་གདན་སར་ཐོས་བསམ་མཐའ་རུ་ཕྱིན། རིམ་གཉིས་དགོངས་པའི་ཕྲིན་ལས་ཕྱོགས་བཅུར་རྒྱས། མཁས་བཙུན་ནམ་རིན་སྐུ་ལ་གསོལ་བ་འདེབས། ཞེས་དང་། ཨ་ཁྲིད་བླ་མ་བརྒྱུད་པའི་གསོལ་འདེབས་ལས། ཡོངས་དབེན་རིན་ཆེན་སྤུངས་པའི་སྒྲུབ་གནས་སུ། མཁས་བཙུན་ནམ་མཁའ་རིན་ཆེན་ལ་གསོལ་བ་འདེབས། བསྙེན་སྒྲུབ་མཐའ་རུ་ཕྱིན་པ་རིན་པོ་ཆེ། འགྲོ་དོན་དཔག་མེད་ནུས་པར་བྱིན་གྱིས་རློབས། ཞེས་ལུང་གིས་བསྔགས་པའི་སྐྱེས་མཆོག་ཁྱད་པར་ཅན། གཡས་རུ་སྟོན་པ་བཅོ་བརྒྱད་ཀྱི་ནང་ཚན་མཁས་བཙུན་ནམ་མཁའ་རིན་ཆེན་ནམ་མཁས་གྲུབ་མི་ལ་རདྣས་གདན་ས་དཔལ་གཤེན་བསྟན་ཤུག་རྫོང་དགོན་བསམ་གཏན་སྨིན་གྲོལ་གླིང་ཞེས་པའི་དགོན་སྡེ་འདི་ཉིད་ཕྱག་བཏབ་གནང་བའོ།། དམ་པ་གོང་དེའི་རྣམ་ཐར་ལོ་རྒྱུས་རྒྱས་པ་ཞིག་སྔོན་ཆད་ཡོད་ཀྱང་ད་ལྟ་དངོས་སུ་མཇལ་ཡུལ་དུ་མ་གྱུར། འོན་ཀྱང་སངས་གླིང་རྣམ་ཐར་མ་འོངས་ལུང་བསྟན་ལས། དེ་ནས་གཡས་སུ་མཁས་གྲུབ་མུ་ལ་རདྣས་ཞལ་ནས། ཧོཿ སྐྱེ་འཆི་བྲལ་བ་སྙིང་པོ་སེམས། སེམས་ཉིད་མ་བཅོས་བཅོས་སླད་མེད། དེ་ཉིད་སྐུ་གསུམ་རང་ཆས་རྫོགས། གཞི་ལ་དམིགས་སུ་མེད་པ་དང་། ལམ་ལ་སྤངས་བླང་གཉིས་སུ་མེད། སྟོང་སྣང་ནམ་མཁའི་དཔྱད་གཟུགས་འདྲ། འདི་ལ་བྱ་བྱེད་གང་ཡང་མེད། མ་བཅོས་བཞག་ན་གཉུག་མའི་ཀློང་། སྤྲོས་དང་བྲལ་ན་འོད་གསལ་མཆོག། སྲོག་མེད་གྱུར་ན་ཀུན་ཏུ་བཟང་། བྱར་མེད་རྫོགས་ན་མྱང་འདས་ལམ། སྐྱེས་མཆོག་པདྨ་གཡུང་དྲུང་གསལ། ཉམས་ལེན་བཀའ་ཡི་བྲེལ་པ་ཞུ། བདག་གིས་བྱིན་རླབས་བསྒྲུབ་པའི་གནས། ལྷོ་ཡི་ཚ་བ་རོང་ཆེན་དེ། ཁོ་བོ་བདག་དང་ལས་འཕྲོ་མཐུན། བདག་སྐྱེས་སར་ལྷོ་རུའི་མཐིལ་དུ་རེད། འགྲིམ་པར་རྒྱལ་ཁམས་ཕྱོགས་མེད་ཡིན། ཐུགས་སར་དེ་གཙང་གི་གཡས་རུ་ཁར། ཟབ་དོན་བླ་མའི་དགོངས་པ་དེ། བསྒྲུབ་པར་གཤེན་ལྷའི་བྲག་དཀར་ཡིན། མངོན་གྱུར་ལྷ་ལོ་གོང་ཐང་ཡིན། གྲུབ་རྟགས་ཐག་བགད་ར་ཕྲོམ་གནས། སྨིན་གྲོལ་གཙང་ཆེན་བརྒྱུད་རིང་དར། འདའ་སར་གཡུང་དྲུང་སྤུངས་རི་ཡིན། དེ་དག་གནས་རི་ཐམས་ཅད་རྣམས། རྗེ་ཚེ་དབང་རིག་འཛིན་བྱིན་བརླབས་གནས། མ་འོངས་དུས་ཀྱི་སྙིགས་མ་ལ། བསྒོམ་དང་བསྙེན་བསྒྲུབ་སུས་བྱེད་ཀྱིས། མཆོག་ཐུན་ཚེ་འདིར་ཐོབ་པར་ངེས། སྐལ་ལྡན་ཁྱེད་ཀྱི་ཐུགས་ལ་ཞོག་ཅེས་དང་། འཛམ་གླིང་བླ་མ་སངས་རྒྱས་གླིང་པའི་ཞལ་ནས། ཨེ་མ་ཧོཿ སྐུ་གསུམ་སངས་རྒྱས་དགོངས་པ་སྤྲོས་དང་བྲལ། སྙིང་པོ་འགྱུར་མེད་གདོད་མའི་རང་འོད་གཟུགས། སྐྱེ་འཆི་བྲལ་བའི་རིག་འཛིན་རྒྱ་མཚོའི་གཙོར། འཆི་མེད་རིག་འཛིན་སྐྱབས་མཆོག་རདྣ་ལ།གསོལ་བ་འདེབས་སོ་ཐུགས་རྗེས་ལྕགས་ཀྱུའི་ཟུངས། ཉོན་མོངས་འཁྲུལ་པའི་བར་ཆད་ཀུན་ཞི་ནས། རང་རིག་ཡེ་ཤེས་རྟོགས་པར་མཛད་དུ་གསོལ། ཞེས་དང་། ཨེ་མ་ཧོ། རྒྱལ་བའི་དབང་པོ་སྤྲུལ་པའི་རྣམ་འབྱོར་མཆོག། སྟོང་ཉིད་མངོན་འབྱོན་འབྲས་བུ་ཟད་མེད་པ། སྐུ་གསུམ་ལྷུན་གྲུབ་མི་གཡོ་ཀུན་ཏུ་བཟང་། མཚུངས་མེད་མི་ལ་རདྣ་གསོལ་བ་འདེབས།། སྔོན་སྦྱོང་ཁྱུང་ཆེན་སྤུངས་ལ་ལེགས་འཁྲུངས་ཤིང་། ཕར་ཕྱིན་རབ་འབྱམས་རླབས་ཆེན་སྤྱི་རྒྱ་ཆོད། འབྱུང་ལྔ་དབང་བསྒྱུར་སྐྱེ་འཆི་རང་དབང་ཐོབས། མཚུངས་མེད་མུ་ལ་རདྣ་གསོལ་བ་འདེབས།། ཐོས་བསམ་ཤེས་རབ་རྒྱལ་མཚོའི་གཏིང་ཟབ་ལས། སྒོམ་པའི་ཡོན་ཏན་ནོར་བུ་ཀུན་འབྱུང་བའི། རང་གཞན་འགྲོ་བའི་དོན་ཆེན་ལྷུན་གྲུབ་འབྱུང་། མཚུངས་མེད་མུ་ལ་རདྣ་གསོལ་བ་འདེབས། ཐེག་ཆེན་རྫོགས་པའི་སངས་རྒྱས་དགོངས་པ་འཆང་། ཐེག་དམན་སྣ་ཚོགས་རབ་རིམ་བསལ་མཛད་ཕྱིར། མཆོག་ཐུན་གྲུབ་པ་བསྙེམས་པར་མཛད་པའི་མཆོག། མཚུངས་མེད་མུ་ལ་རདྣ་གསོལ་བ་འདེབས། ཚེ་དབང་མངོན་གྱུར་སྦས་པའི་སྐུར་བཞུགས་ཤིང་། མཐའ་འཁོབ་དགེ་བའི་ལོ་ཐོགས་སྨིན་མཛད་པ། ཚད་མེད་ཐུགས་རྗེའི་འོད་བརྒྱ་བླ་ན་འབར། མཚུངས་མེད་མུ་ལ་རདྣ་གསོལ་བ་འདེབས། རབ་འབྱམས་སེམས་དཔའ་དག་པའི་དབུས་ན་བཞུགས། རྟག་ཏུ་ཀུན་བཟང་རང་བཞིན་བདེ་བར་གནས། དག་པའི་སྣང་བ་མཐའ་ཡས་ཀློང་དུ་གྱུར། མཚུངས་མེད་མུ་ལ་རདྣ་གསོལ་བ་འདེབས།། མ་འོངས་ལྔ་བརྒྱའི་འགྲོ་ཀུན་ཉམས་ཐག་ཚེ། ཁྱེད་ཀྱི་རྣམ་ཐར་དྲན་ཚེ་གྲོལ་བར་གྱུར། ལྔ་བདོ་འགྲོ་བའི་མགོན་གྱུར་རིན་པོ་ཆེ། མཚུངས་མེད་མུ་ལ་རདྣ་གསོལ་བ་འདེབས། ཁྱེད་ལ་རྟག་ཏུ་མཆོད་ཅིང་གསོལ་བ་འདེབས། མི་བསླུ་ངེས་པའི་ཐུགས་རྗེས་མྱུར་གཟིགས་ལ། འགྱུར་མེད་དོན་དམ་བདེ་ཆེན་གཡུང་དྲུང་སྐུ། ནམ་ཡང་འབྲལ་མེད་ཐུགས་རྗེས་འཇུག་པར་གསོལ། བདག་སོགས་མ་གྱུར་མཁའ་མཉམ་འགྲོ་བ་རྣམས། རྗེ་བཙུན་དམ་པའི་རྗེས་སུ་འབྲང་ནས་ཀྱང་། ལམ་མཆོག་སྒྲུབ་ལ་བར་ཆད་མི་འབྱུང་ཞིང་། ཁྱེད་ཀྱི་ལྟ་དགོངས་ཁྱེད་པར་ཇི་ལྟ་བ། བདག་སོགས་ཡོངས་ཀྱིས་འགྲུབ་པར་མཛད་དུ་གསོལ།། ཞེས་གསོལ་བ་སྙིང་ནས་བཏབ་བོ།།


ཚ་རོང་ཤུག་རྫོང་དགོན་དུ་བཞུགས་པའི་༧མཁས་གྲུབ་རིན་ཆེན་བློ་གྲོས་རིན་པོ་ཆེའི་ཞབས་རྗེས།

  དེ་ནས་གཡས་རུ་མཁས་གྲུབ་ཆེན་པོ་ཁོང་ཐོག་མར་ཚ་བ་རོང་དུ་ཕེབས་སྐབས་བཀྲ་ཤིས་པའི་དགེ་མཚན་མང་པོ་བྱུང་བའི་ལོ་རྒྱུས་ཡོད། དེ་ཡང་དམ་པ་ཁོང་རྔུལ་ཆུ་རྒྱུད་ནས་མར་ཕེབས་སྐབས་ལམ་བར་དུ་མི་ཞིག་འཕྲད་པས། ཁོང་གིས་མི་དང་། རྟ། ས་གནས་སོགས་ཀྱི་མིང་རེ་རེ་བཞིན་དྲིས་གནང་བས། མི་དེས་ང་ཡི་མིང་ལ་བཀྲ་ཤིས་ཚེ་རིང་ཟེར། རྟ་ཡི་མིང་ལ་བཀྲ་ཤིས་ཝ་ལག། ས་ལ་བཀྲ་ཤིས་སྤོས་ཐང་། གནས་ལ་བཀྲ་ཤིས་སྤུངས་རི་ཟེར་ཞུས་པས། ཁོང་གི་ཞལ་ནས་བརྟེན་འབྲེལ་བཟང་གསུངས། མི་དེ་ཡི་ཁྱིམ་དུ་ཕྱིན་ནས་ཁྱེད་ཚང་གི་བུ་ཞིག་ང་ལ་སྟེར་དགོས་གསུངས་པས་ཁོས་དང་ལེན་ཞུས། ཕྱིན་སུ་ཁོང་གི་སློབ་མ་ཡར་རུས་དྲོང་སྲོང་ཟེར་བ་དེ་ཡིན་པར་གྲགས། མི་དེའི་ཁྱིམ་ཚང་ད་ལྟ་མཛོ་སྣ་ཚང་ཟེར་བ་དེ་ཡིན། ཁོང་གཉིས་དབེན་གནས་ཤུག་རྫོང་བསམ་གཏན་སྨིན་གྲོལ་གླིང་ངམ་ཧོར་རྫོང་དགོན་པ་དེ་ཉིད་ཕྱག་བཏབ་སྟེ་ཉམས་ལེན་ཆུ་བོའི་རྒྱུན་བཞིན་བསྐྱངས་ནས་མཐའ་འཁོབ་དགེ་ལ་ཆུད་པར་བྱས། དམ་པ་ཁོང་གྲུབ་རྩལ་ལ་ཐོགས་པ་མེད་ཅིང་ནམ་མཁའ་ལ་བྱ་བཞིན་འཕུར་བའི་ལོ་རྒྱུས་ཀྱང་ཡོད། ཧོར་རྫོང་ནས་ཐག་བགད་ར་ཁྲོམ་ཞེས་པའི་ས་གནས་བར་ཉིན་རེ་བཞིན་ཕར་འཕུར་ཚུར་འཕུར་བྱས་པས། ཉིན་ཞིག་འབྲུ་ཐང་ཞེས་པའི་ས་ཆ་དེར་མི་ཞིག་གིས་མཛོ་ལ་ཞིང་རྨོས་ནས་མཛོ་འདྲོག་པས་རྐྱེན་བྱས་མཛོ་ལ་གྲི་བཙུགས་ཏེ་རྒྱུ་མ་ཕྱིར་ཐོན་པས། མཁས་གྲུབ་ཡབ་སྲས་གསུམ་བར་སྣང་ཁམས་སུ་བཞུགས་ཏེ་ཞལ་ནས། སངས་རྒྱས་གནམ་ལ་འཕུར་ན་དད་པ་མེད། སེམས་ཅན་རྒྱུ་མ་ལུག་ན་སྙིང་རྗེ་མེད། ཅེས་པའི་གཏན་ཚིགས་ཀྱང་དེ་ནས་བྱུང་བར་གྲགས། དེར་མ་ཟད་དམ་པ་ཁོང་ཚེ་དབང་གི་རྣམ་སྤྲུལ་དང་། སྒྲུབ་གནས་རྣམས་རྗེ་ཚེ་དབང་གིས་བྱིན་གྱིས་བརླབས་པའི་གནས་ཡིན་པ་ལུང་གིས་བསྔགས་སོ།། གོང་གི་མུ་ལ་རདྣ་ཟེར་བ་དེ་མཁས་གྲུབ་རིན་ཆེན་བློ་གྲོས་ཀྱང་རེད་ཟེར་སྲོལ་འདུག་ཀྱང་དཔྱད་དགོས་སོ།། མ་ཟད་ཐུགས་ཀྱི་སློབ་མ་ཡར་རུས་དྲང་སྲོང་དང་ཁྱུང་པོ་མེ་འབར་སྒོམ་ཆེན་ཞེས་ཁོང་རྣམ་པ་གསུམ་ལ་མཁས་གྲུབ་ཡབ་སྲས་གསུམ་ཞེས་གྲགས། ཐུགས་སྲས་རྣམ་གཉིས་ཀྱི་ལོ་རྒྱུས་རྣམ་ཐར་ཁོ་བོའི་མཇལ་ཡུལ་དུ་མ་གྱུར། དེ་རྗེས་བླ་རབས་རིམ་བྱོན་གྱིས་བསྟན་པ་འཛིན་སྐྱོང་སྤེལ་ཚུལ་གྱི་ལོ་རྒྱུས་རྒྱས་པ་སྔོན་ཆད་ཡོད་མྱོང་ནའང་། ཕྱིས་རིག་གནས་གསར་བརྗེའི་སྐབས་སུ་ཉམ་ཞིག་ཏུ་སོང་བས་ད་ལྟ་བླ་རབས་མང་ཆེ་བ་ཞིག་གི་མཚན་གསལ་ཁ་མི་འདུག བར་སྐབས་ཤིག་ནས་དགོན་གནས་དེར་སངས་རྒྱས་གླིང་པ་ཕེབས་ནས་ལོ་གཅིག་གི་དུས་མཆོད་ཁག་དང་། གཤེན་གྱི་གར་འཆམ་བཅས་གཏན་འབེབས་བྱས་ཡོད་པ་དང་། དེ་རྗེས་དབལ་འབར་སྟག་སླག་གིས་ཞི་ཁྲོ་རྩ་གསུམ་ཀུན་འདུས་གཏེར་བླངས་ནས་སླར་མདངས་ལྡན་གཡུང་དྲུང་གླིང་ལ་ཕེབས་པའི་ལོ་རྒྱུས་ཀྱང་ཡོད་དེ། བདག་འདྲ་སྙིགས་མའི་སྔགས་འཆང་དབལ་འབར་སྟག་སླག་ཅན་ལ། གཏེར་བདག་ཡེ་ཤེས་དབལ་མོས་ལུང་བསྟན་ནས་ཆུ་བྱི་ཧོར་ཟླ་ལྔ་པའི་ཚེས་ཉེར་གསུམ་ལ་ལྷོ་རྒྱལ་མོ་ཚ་བ་རོང་ཆེན་ངོ་མཚར་ཕུན་ཚོགས་བཀོད་པའི་ཞིང་ཁམས་བདུད་འདུལ་མཁའ་འགྲོ་སྐུ་ཡི་བཀོད་པ་རྫོགས་པའི་ཐུགས་ཀའི་གཡས་ཕྱོགས༑ གནས་མཆོག་བཀྲིས་སྤུངས་པའི་རི་བོ། བྲག་རི་མཚོན་ཆ་བཤིབ་འདྲའི་གཡས་རྒྱབ། འབྱུང་བ་བྲག་གི་ཐེལ་བར། ལྷ་ཤིང་ལྗོང་པའི་རྩ་བ་ནས་གཏེར་ལས་སྤྱན་དྲངས་ཏེ། སླད་མར་ཤིང་ཕོ་སྟག་གི་ལོ་ཧོར་ཟླ་བཞི་པའི་ཡར་ཚེས་ལ་མདངས་ལྡན་གཡུང་དྲུང་་གླིང་དུ་ཤོག་སེར་བོད་ཡིག་དུ་བསྒྱུར་བ་དགེའོ།། ཞེས་པས་རྟོགས་ཐུབ་ལ། བླ་མ་དེ་དང་དུས་མཉམ་དུ་བྱོན་པའི་བླ་མ་བདེ་ཆེན་གླིང་པའི་རྣམ་ཐར་པདྨའི་དགའ་ཚལ་ལས། ཧོར་ཟླ་ལྔ་པའི་ནང་དུ་མཁས་གྲུབ་མུ་ལ་རདྣའི་གདན་ས་ཧོར་རྫོང་བཀྲ་ཤིས་གླིང་དུ་གྲྭ་ཚང་སོགས་ཡུལ་རིས་ཀྱི་ཅིས་ཀྱང་གདན་དྲངས་འཕྲལ་དུ་ཕེབས་ཐུབ་ཞུ་རྒྱུ་བྱུང་བས་ངེད་དཔོན་སློབ་བཅོ་ལྔ་ཙམ་ཆས་ནས། སྔོན་འཛམ་གླིང་སངས་རྒྱས་གླིང་པས་གནས་སྒོ་འབྱེད་པའི་གནས་མཆོག་བཀྲ་ཤིས་སྤུངས་རིའི་དྲུང་ཞོལ་གནས་ཆེན་མཁའ་འགྲོ་ཉེར་ལྔའི་སྐུ་ཤུག་གི་ར་བ་བྱས་པའི་དབུས་སུ་འཁོད་པ་བཀྲ་ཤིས་བདེ་ཆེན་རི་ཁྲོད་དུ་སོང་བས། དགོན་དེ་ཡི་བདག་པོ་རྣམས་ཀྱིས་སེར་ཕྲེང་དང་རོལ་མོ་ཡོ་བྱད་རྒྱ་ཆེན་པོའི་བསུ་བ་དང་། ཡུལ་རིས་དེ་ཡི་བདག་པོ་སྐྱ་སེར་མཆོག་དམན་ཀུན་འདུས་ནས་ཁྲོམ་ཚོགས་ལྟད་མོར་གཟེང་བ་རྣམས་ནས་གསོལ་བ་འདེབས་ཤིང་ཕྱག་འཚལ་བ་སོགས་བྱེད་དེ། རི་ཁྲོད་དེ་ཆུ་ཐག་ཤིན་ཏུ་རིང་བ་དང་། མ་ཟད་དེ་དུས་ཁྲོམ་ཚོགས་སོགས་མང་བས་ངེད་དཔོན་སློབ་བཅུ་ལྔ་ཙམ་ལའང་། ཆུ་ཉི་མ་ཉེར་ལྔ་ཙམ་བཞག་ཀྱང་བསླེབ་མི་ནུས་པས། དེ་ཚེ་ལྷ་ཁང་དེའི་ཐོག་ཁར་སོང་ནས་གསེར་སྐྱེམས་དང་བཀའ་བསྒོ་བྱས་པས་ཕྱིར་འགྲམ་ངོག་ལུང་ཆུང་ནས། ཆུ་ཆེ་ཆུང་ཟམ་ཙམ་ཞིག་ཤལ་འབབ་བྱུང་བས་ཀུན་གྱི་ངེས་ཤེས་དང་སྤྲོ་བ་བྱེད། དེ་ནས་གྲུབ་ཆེན་ཚོགས་འཁོར་མཁའ་གསང་རོལ་པའི་རྒྱ་མཚོ་ཆེན་པོའི་སྒོར་ཞུགས་ནས་སེང་འཆམ། གཤིན་རྗེའི་གར་ཆེན་རྩ་ལག་ཆ་ཚང་དང་། གཡུང་དྲུང་ལུ་གུ་རྒྱུད་ཀྱིས་འཁྱིལ་འགྲོས་དབང་དང་བོན་སྦྱིན་སོགས་མི་ཟད་རྒྱན་གྱི་འཁོར་ལོ་ཞག་གསུམ་བར་དུ་བགྱིས་ཤིང་། དེ་ཚེ་ཁྲོམ་ཚོགས་རྣམས་ཀྱིས་ཉིན་མཚན་གོ་འདའ་བར་དགའ་སྟོན་བྱེད་དེ། དེ་སྐབས་ནུབ་གཅིག་ལ། གནས་མཆོག་བཀྲ་ཤིས་སྤུངས་རིའི་སྐེད་པར་ཀེའུ་ཚང་ཞིག་གི་ནང་དུ་རྣལ་འབྱོར་ཞིག་འདུག་པར་ཁོ་བོས་ཕྱག་འཚལ་ཏེ་མདུན་དུ་ཉེ་ཙམ་ན་གར་སོང་མེད་པར་ཡལ་སོང་ངོ་། ཡང་ནམ་སྟོད་ཙམ་དུ་སྐྱེས་བུ་ཚད་དང་ལྡན་པ་གཉིས་བྱུང་བ་ལ་མཁས་གྲུབ་རིན་པོ་ཆེའི་སྐུ་གདུང་མདུན་མཆོད་པ་བྱེད་དེ་འདི་འདྲ་ཟེར་བ་ཐོས། དུས་གསུམ་སངས་རྒྱས་ཀུན་འདུས་གསང་བ་འདུས། ངེས་པར་སྐུ་ཡི་དཀྱིལ་འཁོར་ཚེ་དབང་འཛིན། སྒྱུ་འཕྲུལ་མི་ཡི་ཚུལ་བཟུང་མཁས་གྲུབ་ཆེ། མ་འོངས་འགྲོ་བའི་རྟེན་མཆོག་བྱིན་རླབས་པ། སྐུ་གདུང་མཐོང་བ་བྱིན་འབེས་ཕྱག་འཚལ་ལོ། སྐུ་གསུང་བྱིན་རླབས་འབེབས་ལ་ཕྱག་འཚལ་སྟོད། བཀྲ་ཤིས་སྤུངས་པའི་རི་བོའི་མགུལ་གྱི་ཁྱུད། གསེར་བྲག་གདེངས་ཁང་དབུབ་པའི་དཀྱིལ་འཁོར་ན། ཚེ་དབང་རིག་འཛིན་དུས་ཚོད་བཟང་པོར་བཞུགས། གནས་འདི་ཚེ་དབང་གནས་ཆེན་ངོ་མཚར་ཅན། ངེས་པར་ཡིན་པ་མཐོང་ཐོས་འགྲོ་བ་འདྲེན། དོན་ལྡན་གནས་ཆེན་ཉིད་ལ་ཕྱག་འཚལ་ལོ། ཞེས་ཟེར་བ་ཐོས་ནས་འགགས་སོ།། ཕྱི་ཉིན་མནོ་བསམ་བཏང་བས་མཁས་གྲུབ་མུ་ལ་རིན་ཆེན་དེ་ཚེ་དབང་གི་སྤྲུལ་པ་ཡིན་པར་གོ། གནས་མཆོག་དེ་ཚེ་དབང་གནས་མཆོག་ཡིན་པར་ངེས་སོ།། དེ་ནས་ཡུལ་དེར་ལོ་བདུན་བརྒྱད་ཚུན་རྒུན་དང་ཤིང་འབྲུ་རྣམས་བཙའ་ཡི་ཟིན་པས་དེ་སྔ་གྲུབ་མཐའ་རིས་མེད་བླ་སྤྲུལ་མང་པོས་ཅི་བྱས་ཀྱང་སྨིན་མ་ཐུབ་པས། དེ་ལ་ཕན་པའི་སྐུ་རིམ་སོགས་ཅི་དགོས་ན་ཐུགས་རྗེས་གཟིགས་པ་ཡང་ ཡང་ཞུས་པས། འོས་བབ་ཐང་དཀར་རྫོང་དུ་རིག་འཛིན་གསང་བ་མཐར་ཐུག་དཀྱིལ་འཁོར་ཞལ་ཕྱེས་པའི་ནུབ་གཅིག་ཏུ། མ་མཆོག་སྲིད་གསུམ་བདག་མོས་ཟབ་མོ་གསང་བའི་ལུང་བསྟན་གསེར་ལ་མཛུབ་གུ་བཙུགས་པ་ལྟ་བུའི་ཡིད་ཆེས་གཏིང་ནས་ཤར་བའི་རྒྱུ་མཐའ་ཡས་པ་ཐོབ་པ་ཨི་ཐི་ཨག་ཐམ་བརྡ་ཐིམ༒དེ་མཚམས་ཡུལ་གྱི་སྤྱི་རིམ་ཆེན་མོ་དེ་གྲུབ་ནས་དེ་ལོ་ནས་བཟུང་མཐའ་འཁོབ་མི་ཡི་བློ་ལ་ཡིད་ཆེས་སྐྱེས་པའི་ལེགས་ལམ་གྲུབ་བོ།། དེ་ནས་གོང་གི་ལུང་ལྟར་བཀྲ་ཤིས་བདེ་ཆེན་རི་ཁྲོད་དུ་བདེར་གཤེགས་དཔའ་བོ་བདུན་པའི་སྒྲུབ་པ་སོང་ནས་བསྡོམས་པའི་ཚེ་རྟགས་ངོ་མཚར་ཆེ་བ་མང་དུ་དངོས་སྣང་དུ་ཤར་བ་དང་། ཁྱད་པར་མཁའ་འགྲོ་ཤ་ཟན་སྟག་གདོང་བྱ་རྒོད་ཐང་དཀར་དུ་སྤྲུལ་ནས་ངེད་ཀྱི་སྒྲུབ་ཁང་གནམ་མཐོང་གཤོག་མོའི་སྟེང་དུ་ཇ་ཡུན་གསུམ་ཙམ་སྡོད་པས་ཡིད་ལ་ངེས་ཤེས་བསམ་གྱིས་མི་ཁྱབ་པ་ཀུན་གྱིས་མཐོང་བར་བྱུང་ངོ་།། དེ་ནས་ཧོར་ཟླ་དྲུག་པའི་ནང་ཡུལ་དེར་ཆར་ཆུ་ཤིན་ཏུ་དཀོན་ཅིང་ཐན་པས་གདུང་བས་ཆར་སློང་རོགས་ཐུགས་རྗེས་བཀའ་དྲིན་ཡང་ནས་ཡང་དུ་ཞུས་ཚེ། བདག་གི་ཆར་སློང་ཚེ་ཡོན་བདག་དད་སྟོབས་ཅན་དེས་སྐྱབས་སུ་མཆི་ཟེར་ནས་ཐལ་མོ་སྦྱར་རོ། །དེ་ཙམ་ན་ཆར་དྲག་པོ་ཤིན་ཏུ་འབྲུག་པས་དོན་དང་ལྡན་པར་བྱུང་ངོ་།། ཞེས་སོགས་གསལ་ལ། དེ་རྗེས་ཀུན་གྲོལ་དང་། བླ་མ་རིག་འཛིན། བླ་མ་དགེ་ལེགས་སོགས་ཀྱིས་བདག་སྐྱོང་གནང་ཞིང་སྐབས་ཤིག་དུས་འགྱུར་དབང་གི་གོད་ཆགས་བྱུང་། སྔོན་ཆད་བླ་གྲྭ་བརྒྱད་ཅུ་གྱ་ལྔ་ཙམ་དང་སྐུ་གསུང་ཐུགས་རྟེན་མང་པོ་ཡོད་ཀྱང་རིག་གསར་སྐབས་ལོ་རྒྱུས་ཙམ་ལས་ལྷག་མེད།ད་ལྟ་མཇལ་རྒྱུ་ཡོད་པ་རྩ་ཆེ་ཤོས་ཤིག་ནི་ཁོང་ཡབ་སྲས་གསུམ་གྱི་སྐུ་གདུང་དང་། གཏེར་སྟོན་ཚེ་དབང་རྒྱལ་པོའི་སྐུ་གདུང་། མཁས་གྲུབ་ཁོང་གི་ཞབས་རྗེས། སྲིད་རྒྱལ་སྦ་རྗེས། དེ་བཞིན་ནོར་རྡོ་འམ་བུ་རྡོ་ཞེས་དགོས་འདོད་འབྱུང་བའི་ནོར་བུ་རྩ་ཆེན་ཞིག་ཡོད། དེར་མ་ཟད་དགོན་འདིར་ཐུན་མིན་གྱི་ལུགས་སྲོལ་ཞིག་ཡོད་པ་ནི། བོད་ཟླ་དང་པོའི་ཚེས་གསུམ་ཉིན་ཚེ་སློང་འགྲོ་བའི་སྲོལ་ཞིག་ཡོད་པ་དང་། བོད་ཟླ་བཞི་པའི་ཚེས་བཅུ་གསུམ་ཉིན་དུས་ཆུ་ཟེར་བའི་ཆུ་མགོ་ཞིག་ཡོད་པ་དེ་བརྡོལ་བའི་དུས་ཡིན། དབྱར་ཁ་མ་གཏོགས་དུས་རྒྱུན་འབབ་རྒྱུ་མེད། ཆུ་དེ་ནད་རིགས་ཀུན་ལ་ཕན་པའི་ཁྲུས་ཆུ་ཞིག་ཡིན་ཟེར་སྲོལ་ཡོད། སྔོན་མ་རི་ཁྲོད་ཙམ་ཡིན་ཞིང་། ཕྱིན་སུ་སྤྲུལ་སྐུ་སངས་རྒྱས་གླིང་པས་ཉམས་གསོ་བྱས་ནས་དུས་ཆུ་དུས་བྱ་དུས་མཆོད་ཞེས། དུས་ཆུ་འབབ་དུས་དུས་མཆོད་རིག་འཛིན་འདུས་པའི་སྒྲུབ་པ་བོད་ཟླ་བཞི་པའི་ཚེས་བརྒྱད་ནས་བཅུ་བདུན་བར་འཚོགས་དགོས། དེ་སྐབས་ལྷ་སྡེ་རྣམས་ལ་གར་འཆམ་གྱི་གཟིགས་མོ་དང་དབང་ཁ་བྱིན་རླབས་བྱེད་སྲོལ་ཡོད། བོད་ཟླ་བདུན་པའི་ནང་སྟག་ལ་སྟོང་ཚོགས་དང་། ཟླ་དང་པོའི་ཚེས་ལྔ་ཉིན་བླ་གྲྭ་རྣམས་རྒྱས་འཛོམས་ཐོག་རྗེ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་སྟོང་མཚན་རྒྱས་པ་འདོན་སྲོལ་ཡོད། སྔགས་རྒྱུན་གྱི་ཡི་དམ་དབལ་གསས་དང་སྲུང་མ་སྡེ་དྲུག་འདོན་སྲོལ་ཡོད་གཏེར་བདག་ཡེ་ཤེས་དབལ་མོ་ཡིན།དེ་ནས་བཟུང་ཁྱུང་པོ་རྩེ་དྲུག་དགོན་གྱི་བླ་རབས་རིམ་བྱོན་གྱིས་བདག་སྐྱོངས་གནང་བའི་སྲོལ་དེ་ཆགས་ཡོད། ཀྲུང་གླིང་ཁ་འམ་འོས་བབ་ཤང་ཟེར་བའི་ཉེ་འཁོར་དེར་ཛམ་ཏྲམ་སྐུ་འབུམ་བདུད་འདུལ་ཁ་རག་ལྷ་རྩེ་བྱ་བ་སྔོན་མཐུ་ཆེན་མི་དགུས་བཞེངས་པའི་ལུང་གྲགས་མཆོད་རྟེན་ཟེར་བའི་མཆོད་རྟེན་ཞིག་ཡོད་པ་དེ་ཡང་རྩ་ཆེན་ཞིག་ལ་རྩི་སྲོལ་ཡོད། སངས་གླིང་རྣམ་ཐར་ལས་ གཡས་སུ་བཀྲ་ཤིས་སྤུངས་རི། གཡོན་དུ་བྱ་རྒོད་སྤུངས་རི། རྒྱབ་ཏུ་དྲག་པོ་ཁྱུང་གི་རི། མདུན་དུ་རྔུལ་ཆུ་ཡོན་ཆབ་བཤམ་འདྲ་ཡོད། ཕྱོགས་བཞིར་མཁས་པ་མི་བཞིའི་ཞབས་རྗེས་ཡོད་གསུང་། བདེ་གླིང་རྣམ་ཐར་ལས་ཀྱང་དེ་དང་གཅིག་མཚུངས་གསུངས་འདུག ས་ཆ་དེར་བོད་ཟླ་བདུན་པའི་ཚེས་༡༥ཉིན་ཡུལ་མི་རྣམས་ཀྱིས་སྐོར་བ་དང་སྤྲོ་སྐྱིད་བྲོ་གར་འཁྲབ་ནས་ཉིན་གཅིག་སྡོད་སྲོལ་ཡོད་པ་མ་ཟད། ཤུག་རྫོང་དུ་སྐྱོད་སྐབས་ལམ་བར་དུ་ཕུ་ལྷ་མདངས་ལྡན་གཡུང་དྲུང་གླིང་ཞེས་དགོན་པ་ཆགས་ཤུལ་ཞིག་ཡོད་པ་དེ་རྨེའུ་ཚང་གི་གདན་ས་ཡིན་པར་གྲགས། གཏེར་སྟོན་ཚེ་དབང་རྒྱལ་པོས་གདན་ས་སྐྱོང་། དེ་རྗེས་དུས་རབས་བཅོ་ལྔ་པའི་ནང་སྤྲུལ་སྐུ་བློ་ལྡན་སྙིང་པོས་ཉམས་གསོ་བྱས་ནས་དགོན་པའི་ཕྱི་ནང་གི་རྟེན་དང་བརྟེན་པ་སོགས་རྒྱ་ཆེར་རྒྱས། དེ་རྗེས་སངས་གླིང་། དབལ་འབར་སྟག་སླག། བདེ་ཆེན་གླིང་པ། ཀུན་གྲོལ་སོགས་སྐྱེས་ཆེན་དུ་མ་བྱོན། ཕྱིས་རིག་གསར་སྐབས་ཉམ་རྒུད་བྱུང་ནས་སླར་གསོ་ཐུབ་མེད། ཧོར་རྫོང་དགོན་པ་འདི་ཉིད་ཕྱིས་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམ་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་རྗེས་ཏང་གི་དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལངས་ཕྱོགས་བསྐྱར་གསོ་གནང་བ་དང་བསྟུན། སྤྱི་ལོ་༡༩༨༣ལོར་རྒྱལ་ཁབ་ནས་ཆོག་མཆན་ཐོབ་སྟེ་ཀྲུང་ཧྭ་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་སྲོལ་རྒྱུན་ཡུན་རིང་ལྡན་པའི་བོད་ཀྱི་ཤེས་དཔལ་རིག་གསུམ་འདི་དག་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་གནང་ནས། བླ་མ་དབང་གྲགས་ནས་སླར་ཉམས་གསོ་བྱས་ཏེ། ཁྱུང་སེར་བླ་མ་དབང་གྲགས་རྒྱལ་མཚན།རྣམ་རྒྱལ་གྲགས་པ། ཁྲ་དགོན་བླ་མ་སྐལ་བཟང་གཡུང་དྲུང་། ཚུལ་ཁྲིམས་རྣམ་དག བླ་མ་གནམ་གསས་རིན་པོ་ཆེ་སོགས་ཀྱིས་གཟིགས་སྐྱོང་གནང་། ཡུལ་དེ་ཡི་སྐྱ་སེར་ཀུན་གྱི་རེ་མདུན་ལྟར། སྐྱབས་རྗེ་རྩེ་དྲུག་མཆོག་སྤྲུལ་བསྟན་འཛིན་འོད་ཟེར་རིན་པོ་ཆེ་དང་མཁན་སློབ་རྣམས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱི་འོག་ནས།༢༠༡༤--༡༡--༢༣ དང་ཤིང་ཕོ་རྟ་ཡི་ལོ་ཧོར་ཟླ་བཅུ་པའི་དགུན་ཟླ་འབྲིང་པོས་ཚེས་བཟང་ཉིན་ཁྱུང་པོ་རི་བོ་རྩེ་དྲུག་དགོན་གྱི་སྒྲུབ་ཐོན་པ་བརྩོན་འགྲུས་གཙུག་ཕུད་བཟང་པོ་འམ། ཤེས་རབ་ཚུལ་ཁྲིམས་མཆོག་དགོན་འདིའི་མཁན་པོ་རུ་མངའ་གསོལ། དེ་ནས་མཁན་ཤེས་རབ་ཚུལ་ཁྲིམས་ཀྱིས་གཙོ་འགན་བཞེས་ནས། ཀྲུང་རིན་སྐལ་བཟང། བཀྲ་ཤིས་ཚེ་རིང་། ཨ་འགྲུབ། རིན་ཆེན་བཅས་ཀྱི་གཙོར་བྱས་ལྷ་སྡེ་ཡོངས་ཀྱིས་ཕྱར་གྲུ་མཉམ་འདེགས་ཀྱི་ཐོག་དེ་སྔོན་ཡོད་པའི་འདུ་ཁང་དེ་ཉིད་ལོ་གྲངས་རིང་བ་དང་བདག་སྐྱོང་ཡག་པོ་བྱེད་མཁན་མེད་པའི་རྐྱེན་གྱིས། ཆུ་དང་ཆར་པ་མི་ཚོགས་པ་སོགས་ཀྱི་གནས་ཚུལ་མང་པོ་ལ་བརྟེན་ནས་༢༠༡༧ལོར་གོང་རིམ་ལ་ཆོག་མཆན་ཞུས་ནས་གནང་བ་ཐོབ་པ་བརྒྱུད། སྔར་གྱི་དགོན་ས་དེར་འདུ་ཁང་གསར་བཞེངས་ཀྱི་འགོ་བཙུགས་ནས་ད་ལྟའི་ཆར་ཕྱི་ནང་ཀུན་ལེགས་པར་གྲུབ་ལ་ཉེ་བ་བཅས་སོ།།

བསྟན་པའི་མཆོག་གྱུར་སངས་རྒྱས་གཡུང་དྲུང་བོན།།

བསྟན་སྲུང་གཙོ་མོ་ཡེ་ཤེས་དབལ་མོ་ལ།།

བསྟན་པ་སྐྱོང་ཕྱིར་འདོད་ཡོན་མཆོད་སྤྲིན་འབུལ།།

བསྟན་པ་དར་ཞིང་རྒྱས་པའི་འཕྲིན་ལས་མཛོད།།

ཤུག་རྫོང་དགོན་བསམ་གཏན་སྨིན་གྲོལ་གླིང་གཡུ་ལོ་ལྗོན་པའི་ཚལ་གསེབ་ཏུ་མཁན་མིང་ཙམ་འཛིན་པ་ཤེས་རབ་ཚུལ་ཁྲིམས་སམ་བསམ་ལེགས་ནས་༢༠༡༨།༤།༡༣ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།