ཟླ་དགོན་རི་ཁྲོད།
[ཟླ་ཚེས། 2018-04-17 09:21:27][རྩོམ་པ་པོ། མཐའ་ཞུ་འོད་ཟེར་མཐར་རྒྱས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ཟླ་དགོན་རི་ཁྲོད་གནས་ཡུལ། བོད་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་ཞེ་གཞུང་ཤང་ལྷ་མཐོང་ཚུན། ཁོངས་སུ་ཡོད། རྫོང་ནས་རི་ཁྲོད་བར་སྤྱི་ལེ་གསུམ་ཡོད། ཁྱུང་རབས་ཆེས་དཔེ་རྙིང་མ་ཡིག་གཡུ་མགོ་མ་དང་། ཁྱུང་རབས་དཔེ་རྙིང་གསེར་སྒམ་མ། བླ་ཆུང་ཁྱུང་རབས་བཅས་ལས་གསལ་བ་ལྟར་ན། མི་ལོ་བརྒྱད་བརྒྱའི་ཡར་སྔོན། ཀྲུང་གོའི་ཡོན་རྒྱལ་རབས་ཀྱི་ཁོངས་སུ་ཡོད་དུས་ཏེ། ཕྱི་ལོ་༡༢༤༧་ལོར། རྒྱ་རིགས་ཙོའོ་ཏོར་ཉི་མ་འབྲུག་གྲགས། ཞེས་པ་ཞིག་ཁྱུང་པོའི་ས་གནས་འདིའི་དཔོན་པོར་ཡོད་པའི་སྐབས་དེར། ཁྱུང་པོའི་བླ་མ་ཁྱུང་པོ་གྲགས་པ་རྒྱལ་མཚན་དང་འབྲེལ་བ་བཟང་པོ་བྱུང་ཚུལ་དང་། རྒྱ་ཁྱུང་མི་རིགས་མཐུན་འབྲེལ་ལེགས་པོ་བྱུང་ཚུལ་གྱི་ལོ་རྒྱུས་ཡོད་ལ། སྐབས་དེའི་གོང་དེར། ས་ཆ་གསང་ཆ་ཆེ་ས་དང་། གནད་འགགས་ཅན་གྱི་རི་མགོ་འགའ་ཞིག་ལ། སོག་པོའི་མཁར་རྫོང་མང་པོ་བརྩེགས་ཡོད་པ་ཡིན་འདུག་ཅིང་། འདིར་ཡང་ཐོག་མར་དེའི་གྲས་ཀྱི་མཁར་རྫོང་ཅིག་ཡིན་ནམ་སྙམ་ལ། གནའ་མིའི་ཤོད་རྒྱུན་ལ། ཟླ་བ་དགོན་ཞེས་པའི་ས་གནས་འདིར། རྒྱ་ཙོའོ་ཏོར་ཉི་མ་འབྲུག་གྲགས་ཀྱི། མཁར་རྫོང་ཞིག་ཡོད་པའི་ཤོད་སྲོལ་དང་། དེ་ནས་རྒྱ་ཙོའོ་ཏོར་ཉི་མ་འབྲུག་གྲགས་ཀྱིས་མཁར་དང་། མངའ་དབང་འབང་མི་སེར་སོགས། ཁྱུང་པོ་གྲགས་པ་རྒྱལ་མཚན་ལ་གནང་བས་མ་ཚད། ཁྱུང་པོ་ཁུལ་གྱི་ས་གནས་དཔོན་པོར་བསྐོས་ཚུལ་སོགས། ཁྱུང་རབས་ཁག་ལས་གསལ་བ་ལྟར་ལ། དེ་ནས་ཁྱུང་པོ་གྲགས་པ་རྒྱལ་མཚན་མཆོག་གིས། ཕྱི་ལོ་༡༢༤༨་ལོར་གནས་འདིར་ཟླ་བ་དགོན་ཞེས། དགེ་འདུན་འདུས་ཤིག་ཕྱག་བཏབས་པ་དང་། དེ་ནས་བཟུང་ཁྱུང་པོའི་བླ་རབས་འགའ་ཞིག་གིས་བསྟན་པ་སྐྱོང་པ་དང་། དེའི་རྗེས་སུ་ནག་རུའི་སྡེ་དཔོན་ཚོས། ཟླ་བ་དགོན་པ་དེ། ཞུ་སྒོམ་འཁྲུལ་ཞིག་ལ་ཕུལ་བ་དང་། དེ་ནས་ཞུ་སྒོམ་གྱི་སྲས་རྒྱུད་མཐའ་ཞུ་བླ་མ་རིམ་བྱོན་གྱིས་སྐྱོང་ཞིང་། དར་རྒུད་ཅི་རིགས་བྱུང་མྱོང་ནའང་དུས་རབས་ཉི་ཤུ་པའི་དུས་འཇུག་བར་དུ། ཟླ་བ་དགོན་ཞེས་མིང་མ་བོར་ཙམ་གནས། དེ་ནས་རྗེས་སུ་གསང་སྔགས་གླིང་པའི་སྐུ་དུས་སུ། ཁོང་གིས་ལུང་བསྟན་པ་ལྟར། ནག་རུ་དགོན་པ་ཁྱུང་ནག་ཝ་རྫོང་དུ་སྤོས། དེ་ལྟར་རྒྱ་ཁྱུང་གཉིས་ཀྱི་འབྲེལ་བ་ལ་རྟེན་ནས། རྒྱ་བོད་མི་རིགས་མཐུན་འབྲེལ་ལོ་བརྒྱད་བརྒྱའི་གོང་ནས་བྱུང་བའི་ལོ་རྒྱུས་སོགས།
ཁྱུང་རབས་དཔེ་རྙིང་ཁག་ལ་འཁོད་ཡོད་པའི་མ་ཚད། ཕྱི་ལོ་༢༠༠༣་ལོ་དང་། ༢༠༡༠་ལོར་སྤར་བས། ༼ཁྱུང་པོ་སྟེང་ཆེན་༽ཞེས་པའི་དེབ་དང་པོ་དང་གཉིས་པར། ཟླ་བ་དགོན་འདིར་ཕྱི་ལོ་༡༢༤༨་ལོ་ནས་བཟུང་ད་བར། ཁྱུང་པོ་དང་མཐའ་ཞུའི་བླ་རབས་སུམ་ཅུ་ལྷག་བྱོན་ཚུལ་སོགས། ཞིབ་ཕྲ་འཁོད་ཡོད་ལ། ཆོས་དད་རང་མོས་སྐབས་སུ། ༡༩༨༥་ལོར་མཐའ་ཞུ་བླ་མ་པད་མ་ཀུན་ལེགས་ཀྱིས། ཟླ་བ་དགོན་འདིར། མཚམས་ཁང་དང་རྡོ་འབུམ། ཚ་ཁང་སོགས་བཞེངས་ནས། རི་ཁྲོད་བསྐྱར་གསོ་བྱས་ཏེ། བླ་རབས་གསུམ་ཙམ་སོང་ཡོད། ཁང་པའི་རྒྱ་ཁྱོན་ཁང་མིག་༡༡= སྤྱིའི་ས་ཆ་བཟུང་ཚད་རྒྱ་ཁྱོན་མུའུ་༩་བཟོ་སྐྲུན་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ། ༡༥༢༠=ཡོད། ནང་རྟེན་གཙོ་བོ། མཐའ་ཞུ་བླ་མ་གོང་མའི་གསེར་གདུང་མི་ཚད་ཙམ་པ་གཉིས་དང་། སྟོན་པ་གཤེན་རབ་གྱི་གསེར་སྐུ་གཅིག་བཅས་དང་།
རྩ་ཆེའི་མནའ་རྫས་རིག་དངོས་ལ། སྟོན་པ་གཤེན་རབ་ཀྱི་གསེར་སྐུ། ཁྱུང་ནག་རྫོང་གི་སྒྲུབ་ཁང་གི་སྒྲུབ་དུང་འཕར་ཆེན། ལོ་དྲུག་བརྒྱའི་ལོ་རྒྱུས་ཡོད་པའི། མཐའ་ཞུ་རེ་ཐུལ་ཀྱི་སྐུ་གདུང་ཟངས་གསེར་ཅན་གྲུ་གང་ཙམ་དང་། ལོ་བརྒྱད་བརྒྱའི་ལོ་རྒྱུས་ཡོད་པའི། ཁྱུང་པོ་གྲགས་པ་རྒྱལ་མཚན་གྱི་ཐང་ཀ་རྙིང་པ། ཇ་རྟའི་གནའ་ལམ་གྱི། གནའ་རྫས་གོས་ཆེན་འཚེམ་དྲུབ་མའི་ཀ་རྒྱན་རྣམས། རི་ཁྲོད་འདིར་ད་ལྟ་བཞུགས་ཡོད།
ཕྱི་ལོ་༢༠༡༢་ལོ་དང་། ༢༠༡༥་ལོ་བཅས་སུ། སྟེང་ཆེན་རྫོང་རིག་དངོས་ཅུས་ཀྱི་མི་སྣ། ཟླ་དགོན་རི་ཁྲོད་འདིར་འོང་ནས། རིག་དངོས་དེ་དག་སྤར་གདབ་པ་དང་། ཐོ་བཀོད་པ་བཅས་གནང་སོང་། རི་ཁྲོད་འདིའི་འཚོགས་དུས་མཆོད་ལ། ཧོར་ཟླ་༡༢=པའི་ཚེས་༡༣་ནས་༢༠་བར་ཉིན་8=ལ། སྟོན་པའི་འཁྲུངས་མཆོད་ཞི་ཁྲོ་འཚོགས་པ་དང་། ཧོར་ཟླ་༦་པའི་ཚེས་༡༣་ནས་༢༠བར་ཉིན་༨་ལ། རྣམ་རྒྱལ་འཚོགས་པ་དང་། ཧོར་ཟླ་༨པའི་ཚེས་༡༣་ནས་༢༠་བར། ཉིན་༨་ལ། སྲིད་རྒྱལ་ཁྲི་ཚོགས་འབུལ་བ་དང་། ཧོར་ཟླ་༡༠པའི་ཚེས་༡༣་ནས་༣༠་བར་ཉིན་༡༨་ལ། སྟག་ལའི་ཚོགས་དང་སྲུང་བཟློག་བཅས། འཚོགས་རྒྱུ་རྒྱུད་མ་ཆད་པ་བྱེད་སྲོལ་དང་། དུས་རྒྱུན་རི་ཁྲོད་འདིར། གྲྭ་བཙུན་དགེ་བྱེད་པ་ཚོས། སྒོམ་གྲྭ་དང་། སྒྲུབ་གྲྭའི་བཅའ་གཞི་ལྟར་ལོ་དུས་སུ་བཅད་རྒྱར་གནས་བཞིན་པ་བཅས།
མདོར་ན་ཟླ་དགོན་རི་ཁྲོད་འདིར་ཁྱུང་པོའི་བླ་མ་དང་མཐའ་ཞུ་བླ་རབས་མང་པོའི། གདན་ས་ཁྱད་པར་ཅན་ཡིན་པ་དང་། ལྷག་པར་དུ་མི་ལོ་བརྒྱད་བརྒྱའི་གོང་དུ་རྒྱ་བོད་མི་རིགས་མཐུན་འབྲེལ་བྱུང་བའི། ལོ་རྒྱུས་ཀྱི་རྗེས་ཤུལ་ཞིག་ཀྱང་ཡིན། རྗེས་སུ་ཕྲན་ནག་རུ་དགོན་བསམ་གཏན་གླིང་ནས། དགོངས་པ་ཞུས་ཏེ། རྫོང་ཆོས་དོན་ཅུས་དང་། ཞེ་གཞུང་ཤང་། ལྷ་མཐོང་ཚུན། ནག་རུ་བསམ་གཏན་གླིང་དགོན་པ་དོ་དམ་བཅས་ཀྱི་མོས་མཐུན་གནང་བ་ལྟར། ཟླ་དགོན་རི་ཁྲོད་འདིར་ཞུགས་པ་ཡིན་ལ། ལོ་༢༠༡༣ལོའི་ཟླ་༡༡་པར། ནག་རུ་བསམ་གཏན་གླིང་དགོན་པ་དོ་དམ་གྱི་ཀྲུའུ་རིན་ལྷག་པ་དང་། ལིད་ཁྲམ་ཧྲིས་སོགས་ཀྱིས། རི་ཁྲོད་འདིའི། སྤར་དང་མིང་ཐོ། གྲྭ་བཙུན་མི་གྲངས་དགུའི་མིང་ཐོ་བཅས། སྟེང་ཆེན་རྫོང་འཐབ་ཕྱོགས་གཅིག་འགྱུར་པུའུ་དང་། རྫོང་ཆོས་དོན་ཅུས་ཀྱི་འགོ་ཁྲིད་སྟོབས་རྒྱས་སོགས་ལ་ཕུལ་སོང་། ཕྱི་ལོ་༢༠༡༤་ལོར། རྫོང་ཆོས་དོན་ཅུས་ཀྱི་དབུ་ཁྲིད་སྟོབས་རྒྱས་ཀྱིས། རི་ཁྲོད་འདི་དང་གྲྭ་བཙུན་བཅས་ཀྱི་མིང་ཐོ། ཆབ་མདོ་ས་ཁུལ་དང་། རང་སྐྱོང་ལྗོངས་བཅས་ལ་ཕུལ་ཡོད། ཅེས་གསུངས་བྱུང་ལ། དེ་རྗེས་ཕྱི་ལོ་༢༠༡༦ལོར། སྟེང་ཆེན་རྫོང་འཐབ་ཕྱོགས་གཅིག་འགྱུར་པུའུ་དང་། རྫོང་ཆོས་དོན་ཅུས་ཀྱིས་དབུ་ཁྲིད་ཙིང་འདྲིས་དང་། སྟོབས་རྒྱས་གཉིས་ཀྱིས་བཀའ་མངག་ལྟར། ནག་རུ་དགོན་བསམ་གཏན་གླིང་གི་དགོན་པ་དོ་དམ་གྱི། ཀྲུའུ་རིན་བསོད་ནམ་རིན་ཆེན་སོགས་ཀྱིས། རི་ཁྲོད་འདི་དང་གྲྭ་བཙུན་ཐམས་ཅད། ཐོ་བཀོད། སྤར་གདབ་ནས། རྫོང་ཆོས་དོན་ཅུས་ལ་ཕུལ་སོང་། དེ་རྗེས་སྟེང་ཆེན་རྫོང་འཐབ་ཕྱོགས་གཅིག་འགྱུར་པུའུ་དང་། རྫོང་ཆོས་དོན་ཅུས་ཀྱི་འགོ་ཁྲིད། ཙིད་འདྲིས་ཀྱི་རི་ཁྲོད་ཀྱི་ཐོ་དེ། ཆབ་མདོ་ས་ཁུལ་དང་རང་སྐྱོང་ལྗོངས་ལ་ཕུལ་ཡོད་གསུངས་བྱུང་ལ། སྐབས་དེར་ཆབ་མདོ་ས་ཁུལ་སོགས་ལ། རི་ཁྲོད་འདི་ཐོ་འཁོད་འདུག།
དེ་ནས་ཕྱི་ལོ་༢༠༡༧ལོའི་ཟླ་༡༡་པར། ནག་རུ་དགོན་པ་དོ་དམ་གྱི། ཀྲུའུ་རིན་བསོད་ནམ་རིན་ཆེན་ནས། རི་ཁྲོད་འདི་ཤང་གི་དོ་དམ་ཁོངས་སུ། ཕར་བསྒྱུར་ཡོད་གསུངས་བྱུང་། དེ་ནས་༢༠༡༨་ལོའི་ཕྱི་ཟླ་༣་པའི་ཚེས་༢༨་ཉིན། ཞེ་གཞུང་ཤང་གི་ཤང་ཀྲང་གཞོན་པ་སྟོབས་རྒྱལ་སོགས་ཀྱིས། རི་ཁྲོད་འདི་དང་སྡོད་མཁན་གྲྭ་བཙུན་དགུ་བཅས་སྤར་གདབ། ཐོ་བཀོད་དེ། སྟེང་ཆེན་རྫོང་འཐབ་ཕྱོགས་གཅིག་འགྱུར་པུའུ་དང་། རྫོང་ཆོས་དོན་ཅུས་ལ་ཕུལ་སོང་། དེ་ནས་༢༠༡༨་ལོའི་ཟླ་༤་༡༦་ཉིན། སྟེང་ཆེན་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི། འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི། པུའུ་ཀྲང་བསོད་ནམ་ཉི་མར། ཕྲན་གྱི་བཀའ་དྲི་ཞུས་པ་ཡིན་པས། ཁོང་གིས། ཟླ་དགོན་རི་ཁྲོད་དང་། རི་ཁྲོད་འདིར་སྡོད་མཁན་གྲྭ་བཙུན་དགུ་བཅས་ཀྱི་སྤར་དང་ཐོ། རྫོང་ཆོས་དོན་ཅུས་ལ་འབྱོར་འདུག་གསུངས་བྱུང་ལ།
རི་ཁྲོད་འདིར། ཁྲི་རྡོ་དང་། གསེར་རྩ། སྟེང་ཆེན་དྲིང་། ཞེ་གཞུང་བཅས་ནས་ཡིན་པའི། སྔར་ཡོད་བཙུན་མ་བརྒྱད་དང་ཕྲན་སོགས། སྒོམ་སྒྲུབ་བྱེད་བཞིན་སྡོད་ཆོག་པ་དང་། སྔར་སྲོལ་གྱི་ཆོས་ལུགས་བྱེད་སྒོ་ཁག་སྤེལ་ཆོག་པ་རེད་ཅེས་ཞལ་བཞེས་བཟང་པོ་གནང་བྱུང་ལ། རྒྱལ་ཁབ་ཀྱི་ཁྲིམས་དང་མ་འགལ་བ་དང་། ཆབ་སྲིད་དང་མ་འགལ་བར། སྤྱི་ཚོགས་རིང་ལུགས་དང་འཚམས་པར་བྱེད་དགོས་ཞེས་གསུངས་བྱུང་བ་བཅས་སོ།། རི་ཁྲོད་འདིར། ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི། དངོས་མིན་རིག་གནས་ཤུལ་བཞག་ཞང་ཞུང་ཇུ་ཐིག་གི་ལག་ལེན། ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་དར་སྤེལ་བཅས་ཀྱི་ཆེད་དུ། དེ་དག་ལ་སློབ་སྦྱོང་བྱེད་མཁན་ཡོད་པ་དང་། དེ་བཞིན་འདོན་ཀློག་གཉིས་ཀྱི་བཙུན་མའི་སློབ་གླིང་ཞིག་སྔར་ནས་ཡོད་པ་བཅས།
༢༠༡༨=༤=༢༦=ཉིན་མཐའ་ཞུ་འོད་ཟེར་མཐར་རྒྱས་པས་བྲིས།། ། །
༼མ་ཕྱི་ལྟར་རང་སོར་བཞག་ཡོད། བཟོ་བཅོས་བྱས་མེད། གཙོ་སྒྲུབ་པའི་མཆན།༽