རབ་རྒྱལ་དགོན་པའི་བྱུང་བ་རགས་ཙམ་གླེང་བ།

[ཟླ་ཚེས། 2017-11-30 23:30:26][རྩོམ་པ་པོ། སྡེ་དགེ་བསྟན་འཛིན་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1512056826719921.jpg

 རབ་རྒྱལ་བཀྲ་ཤིས་གཡུང་དྲུང་གླིང་ངམ་རབ་རྒྱལ་དགོན་ནི་འཛམ་གླིང་ཆུ་བོ་ཆེན་པོའི་ཨང་གསུམ་པ་དང་བོད་ཀྱི་ཆུ་ཆེན་ཨང་དང་པོ་སྟེ་འབྲི་ཆུ་སྔོན་མོའི་གཡོན་ཟུར་དུ་ཡོད་པའི་དགོན་སྡེ་ཞིག་ཡིན།   ས་གནས་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རྫོང་མགོ་ལོན་ཤང་གི་རོང་རྒྱབ་སྡེ་བའི་གྲོང་སྟོད་དུང་དཀར་གཡས་སུ་འཁྱིལ་འདྲའི་ས་ཡི་ངོ་མཚར་འབུམ་གྱིས་རྒྱན་པའི་སྟེང་ལ་བཞད།  མཐོ་ཚད་ནི་རྒྱ་མཚོའི་ངོས་ལས་སྨི་བཞི་སྟོང་ལྷག་ཡོད་པས་གངས་དཀར་པོའི་འཇིགས་ཉམས་རང་བཞིན་ལྡན་པའོ། །ཡིན་ནའང་།  ལོ་རྒྱུས་ཀྱི་ཚིག་གསུམ་མ་གོ་ན། ཕ་ཨ་ཁུ་ཡིན་ཡང་ངོ་མི་ཤེས།   ཞེས་པའི་དཔེ་བཞིན་རབ་རྒྱལ་བཀྲ་ཤིས་གཡུང་དྲུང་གླིང་ནི་བོད་ཁ་བ་གངས་ཅན་པའི་ལྗོངས་འདི་ལ་གྲུབ་མཐའ་མི་འདྲ་བ་དྲུག་གི་ནང་གསེས་སམ་མདོར་ན་བན་བོན་གཉིས་ཀྱི་ཁ་ཡ་བོན་པོའི་གྲུབ་མཐའ་འམ་ཆོས་ལུགས་ཤིག་ཡིན།  དགོན་འདི་ཉིད་ནི་ཞྭ་དཀར་གཡུང་དྲུང་བོན་གྱི་རིང་ལུགས་དྲི་མ་མེད་པ་འཛིན་པའི་དགོན་སྡེ་ཞིག་ཡིན་པས་ལོ་རྒྱུས་ཉུང་བསྡུས་ཙམ་འབྲི་བ་ལ།   སྤྱིར་ན་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་ལ།   གདུང་བརྒྱུད་མི་འདྲ་བ་ལྔའམ་དྲུག་ཡོད་ལ།   བྲུ་ཞུ་སྤ་རྨེའུ་གཤེན་དང་ལྔ།   ཀླད་ནས་ལྡིང་བའི་དམ་པ་ཁྱུང་གི་བརྒྱུད་པ་དང་དྲུག་དབྱེ་བ་ལས།  དམ་པ་ཁྱུང་བརྒྱུད་ཀྱི་བླ་མ་ནང་ཆེན་གྲགས་པ་རྒྱལ་མཚན་གྱིས་སྤྱི་ལོ་སྔོན་གྱི་དུས་རབས་བཅུ་པའི་ནང་ལ་ཕྱག་བཏབས།   བླ་མ་ནང་ཆེན་གྲགས་པ་རྒྱལ་མཚན་ཁོང་ནི་དམ་པ་ཁྱུང་གི་བརྒྱུད་པ་ཡིན་པས་ན། ཞོལ་དུ་བླ་མ་ནང་ཆེན་གྲགས་པ་རྒྱལ་མཚན་དང་འབྲེལ་བ་ཟབ་པའི་སྒོ་ནས་ཁྱུང་གི་ལོ་རྒྱུས་རགས་ཙམ་སྨྲས་ན། ཁྱུང་ངམ་ཁྱུང་གི་བརྒྱུད་ནི་སྤྱི་ལོ་སྔོན་གྱི་དུས་རབས་དྲུག་པའི་ནང་ཡེ་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་པོའི་རོལ་པའི་རྩལ་དུ་ཤར་བའི་རིག་སྣང་འོད་ཀྱི་རྒྱལ་པོ་དེ་ཉིད་འགྲོ་བའི་དོན་ལ་དགོངས་ཤིང་ཟག་མེད་འོད་ཀྱི་སྐུ་དེ་ཟག་བཅས་སྡིག་གཞི་ཤ་ཁྲག་གི་ཕུང་པོ་བྱ་ཁྱུང་ཆེན་གསུམ་དུ་སྤྲུལ་ནས་ཞང་ཞུང་ཁ་ཡུག་གི་ཡུལ་མེ་ཏོག་མཛེས་པའི་སྐྱེད་ཚལ་དུ་བབས་ཤིང་།   དེ་ནས་ཡང་དགུང་སྔོན་དབྱིངས་སུ་འཕུར་སོང་བ་ནི་ཞང་ཞུང་ཁ་ཡུག་གི་ཡུལ་མི་རྣམས་ཀྱིས་མངོན་སུམ་དུ་མཐོང་།   དེ་ནས་ཡུལ་མི་རྣམས་བྱ་ཁྱུང་བབས་སའི་ཤུལ་དུ་སོང་ནས།  སྦར་མོ་ས་ལ་རེག་པའི་དྲོད་ལ་ཟིལ་པ་ཆགས་པ་ལས།   ཆུ་ཤེལ་འདྲ་བའི་སྒོ་ང་གསུམ་བྱུང་།   སྒོ་ང་གསུམ་ལས་ངོ་མཚར་ཁྱད་དུ་འཕགས་པའི་ཁྱེའུ་གསུམ་འཁྲུངས།   དེ་ལ་ཡང་སྲས་ཆེ་བ་ཁྱུང་ཕོ་ལྷ་ཁྱུང་རྒྱལ་དང་།   འབྲིང་བ་ཁྱུང་ཐོགས་ལྷ་འབར།ཆུང་བ་དམུ་ཁྱུང་རྒྱལ་གསུམ་བྱུང་།   སྲས་ཆུང་བ་དམུ་ཁྱུང་རྒྱལ་ལ་སྲས་གསུམ་འཁྲུངས་ཏེ།  སྟག་སྐྲ་དོམ་གཙུག་དང་།   དཔལ་གྱི་གིར་ཏི།  ཁྱུང་གཟའ་ཡེ་ཤེས་རྒྱ་མཚོ་རྣམ་གསུམ།  ཁྱུང་གཟའ་ཞང་ཞུང་རྒྱལ་པོ་ལིག་མིན་རྒྱལ་གྱིས་ཁབ་ཏུ་བཞེས་པ་དང་།   སྲས་གཉིས་ལས་གདུང་བརྒྱུད་སོ་སོར་བྱུང་བ།   ཁམས་ཕྱོགས་སུ་བྱུང་བ་ནི་སྟག་སྐྲ་དོམ་གཙུག་གི་རྒྱུད་པ་ཡིན་ཞིང་།   ཁོང་ལ་སྲས་བཙན་སྐྲ་དོམ་གཙུག་དང་།   དེའི་སྲས་གྱེར་ནམ་ཟུར་རྩེ།  གྱེར་ནམ་ཟུར་རྩེ་ལ་སྲས་སྟོང་རྒྱུང་རིང་མོ་དང་སྟག་ལ་སྐྱེས་གཉིས་འཁྲུངས།  སྲས་ཆེ་བ་སྟོང་རྒྱུང་རིང་མོ་ལ་སྲས་གསུམ་འཁྲུངས་ཏེ།  ཁྱུང་སྒོམ་མུ་ལངས་དང་།  ཁྱུང་འཕགས་ཁྲ་མོ།   ཁྱུང་སྡེར་སྔོན་མོ་དང་གསུམ།   ཡང་སྲས་ཆེ་བ་ཁྱུང་སྒོམ་མུ་ལངས་ཀྱི་སྲས་ཁུ་བྱུག་ལ་སྲས་གསུམ་འཁྲུངས།   ཆེ་བ་སྟག་པ་དང་།  འབྲིང་བ་ཟུར་དཀར་བ།  ཆུང་བ་མདོ་བཀྲ་བ་དང་གསུམ།  སྲས་ཆེ་བ་སྟག་པ་ལ་སྲས་མྱེས་ཚབ་འཁྲུངས།  དེ་ལ་ཡང་སྲས་བཞི་འཁྲུངས།  སྟོན་པ་འབར་དང་དམ་པ་ཁྱུང་རྒོད།   དབེན་པ་ཨ་ལུགས་དང་དམ་པ་ཁྱུང་དབུས་བཞི་འཁྲུངས།   སྲས་བཞིའི་ཡ་གྱལ་སྲས་ཆེ་བ་སྟོན་པ་འབར་ལ་སྲས་སྟོན་ཐར་འཁྲུངས།  སྲས་སྟོན་ཐར་ལ་ཡང་སྲས་པོ་དྲུག་འཁྲུངས་ཤིང་།  དེའི་དང་པོ་སྟོན་སྲས་དང་གཉིས་པ་ཁྱུང་དབུས་རིན་པོ་ཆེ་ཤེས་རབ་རྒྱལ་མཚན།  གསུམ་པ་སྟོན་གཉེན་དམ་པ་དང་བཞི་པ་བང་བཀྲ་དཔོན་དགེ  ལྔ་བ་དཔོན་དབུས་དང་དྲུག་པ་སྟོན་འབུམ་བཅས་སོ།།

1512056826430231.jpg

    དམ་པ་ཁོང་དྲུག་གི་མ་ཡུམ་རྒྱ་གཟའ་ཡིན་པས་རྒྱ་ཚ་སྤུན་དྲུག་ཅེས་ཕྱོགས་ཀུན་ལ་གྲགས།  སྲས་ཆེ་བ་སྟོན་སྲས་ཀྱིས་ཡུམ་སྟག་ལུང་གཟའ་དང་ཨ་མཚོ་གཟའ་གཉིས་བཞེས་ཏེ།  སྟག་ལུང་གཟའ་ལ་སྲས་ཨ་བརླ་དང་།  ཡུམ་ཨ་མཚོ་གཟའ་ལ་སྲས་དགོན་འདི་ཉིད་ཕྱག་འདེབས་མཁན༧ཁྱུང་སྲས་བླ་མ་ནང་ཆེན་གྲགས་པ་རྒྱལ་མཚན་མཆོག་རྟགས་དང་རྟེན་འབྲེལ་གྱི་བསུ་མ་བྱས་ནས་འཁྲུངས་ཤིང་།  ཡུལ་ཞང་ཞུང་ཁྱུང་ལུང་དངུལ་མཁར་དུ་བཞུགས།   སྤྱི་ལོ་སྔོན་གྱི་དུས་རབས་བཅུ་པའི་མགོ་ཞིག་ལ་ཁྱུང་དབུས་རིན་ཆེན་ཤེས་རབ་རྒྱལ་མཚན་ལ།   སྲིད་རྒྱལ་དྲེལ་དམར་གྱི་ལུང་བསྟན་ལྟར།   ཁྱུང་པོ་ཁོག་ཏུ་ཕེབས་ཤིང་བསྟན་དང་འགྲོ་བའི་དོན་རྒྱ་ཆེན་མཛད།   སྐབས་དེར་ཁྱུང་པོ་སྟེང་ཆེན་གྱི་ས་ན་གོང་མ་སེ་ཆེན་ཧན་གྱིས་བསྐོས་པའི་དཔོན་པོ་རྒྱ་གཙུག་ཏོར་ཉི་མ་འབྲུག་གྲགས་ཞེས་པ་སྟོབས་དང་མངའ་ཐང་ཆེ་བ།  ཐུན་མོང་ཕྱི་ནང་གི་རིག་གནས་ལ་མཁས་པ་དེ་ཉིད་ཀྱིས་ཁྱུང་དབུས་རིན་པོ་ཆེ་ཤེས་རབ་རྒྱལ་མཚན་དབུའི་མཆོད་གནས་སུ་བཀུར་ནས་སྲིད་རྒྱལ་འཁོར་དང་བཅས་པ་ཁོང་ལ་ཕུལ་བས།  ཁོང་ནི་ངེས་མེད་ཀྱི་བྱ་བྲལ་བ་ཞིག་ཡིན་པས་རྒྱལ་སྲིད་ལ་གཟིགས་པ་མ་འདོད་ཅིང་།  ཁྱུང་ལུང་དངུལ་མཁར་ནས་ཚ་བུ་ཆུང་བ་ཨ་བརླ་དང་ནང་ཆེན་གྲགས་པ་རྒྱལ་མཚན་གཉིས་གདན་དྲངས་ནས་རྒྱལ་སྲིད་འཛིན་དུ་བཅུག རྒྱལ་ཉི་མ་འབྲུག་གྲགས་རང་ཡུལ་དུ་ཕྱིར་ལོག་ནས་མི་རིང་བར་འབངས་མི་བཏང་སྟེ་གདན་ཞུས་ལྟར།ནང་ཆེན་གྲགས་པ་རྒྱལ་མཚན་རྒྱ་ནག་ཏུ་ཕེབས་ཤིང་།   གོང་མ་སེ་ཆེན་ཧན་ལ་མཇལ་ཁ་ཞུས།  མ་ཚད་བཀའ་ལུང་གི་འབྲེལ་བའང་རྒྱ་ཆེན་གནང་ནས།   གོང་མས་ཀྱང་དཔོན་གྱི་ཐོབ་ཐང་དང་ས་ཞིང་སོགས་མང་པོ་བསྩལ།   ཁོང་གི་ཡོད་ཚད་ཕ་ཡུལ་ལ་བཞུགས་པའི་སྤུན་ཨ་བརླ་ལ་ཕུལ།   ཁྱུང་པོ་དཀར་རུ་དཔོན་ཞེས་པའི་དཔོན་རབས་དང་བླ་རབས་ཀྱི་བརྒྱུད་པ་ནི་ད་ལྟ་ཡང་ཟམ་མ་ཆད་པ་བཞུགས་ཡོད་པ་ནི་མིག་མཐོང་ལག་ཟིན་དུ་གནས་པ་ནི་སྨྲ་ཅི་ལ་དགོས།

1512056826419731.jpg

   དེ་ནས་སྤྱི་ལོ་སྔོན་གྱི་དུས་རབས་བཅུ་པའི་ནང་བླ་མ་ནང་ཆེན་གྲགས་པ་རྒྱལ་མཚན་མཆོག་ཕྱིར་རང་ཡུལ་ལ་ལོག་པའི་ལམ་ཁར།   བོད་ཆེན་པོའི་ལྗོངས་གླིང་ཁྲི་གོང་འོག་བར་གསུམ་དུ་དབྱེ་བའི་བར་མ།  ཆུ་བཞི་སྒང་དྲུག་ཏུ་གྲགས་པ་ལས་འབྲི་ཀླུང་དང་ཤར་ཟླ་ཀླུང་གཉིས་ཀྱི་བར་དུ་ཆུད་པའི་ཟབ་མོ་སྒང་།  མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་དང་།  ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས་བརྒྱད་ཀྱི་ནང་ཚན་པདྨ་རིགས་ཀྱི་འདུལ་བའི་གནས།   པདྨ་ལྷ་རྩེའམ་དཀར་གཡག་འགུལ་བཀྲའི་མདུན་རོལ་དུ་ཕེབས་ཤིང་།   ས་དབྱིབས་ནི་ངོ་མཚར་འབུམ་གྱིས་བརྒྱན་པ་དུང་དཀར་གཡས་སུ་འཁྱིལ་འདྲའི།  ས་ཡི་སྲུང་བཞི་དང་ཕྱོགས་བཞིར་རིགས་རྟགས་བཀྲ་བ།   མཚམས་དང་མཚམས་སུ་རྟགས་བརྒྱད་གསལ་བ།   ཉི་ཟླ་སྐར་གསུམ་གྱི་རྣམ་པ་མཛེས་པའི་གནས་དེར་རབ་རྒྱལ་བཀྲ་ཤིས་གཡུང་དྲུང་གླིང་ཕྱག་བཏབ།  དེ་ནས་བླ་མ་རེ་རེས་རྣམ་ཐར་དང་ལོ་རྒྱུས་སོགས་ཁ་གསལ་བོ་ཞིག་མ་མཐོང་ཡང་།  བླ་མ་ནང་ཆེན་ནས་གདུང་སྲས་རིམ་བཞིན་དུ་དགོན་འདི་ཉིད་རྒྱུན་སྐྱོང་མཁན་གྱི་བསྟན་འཛིན་གྱི་སྐྱེས་བུའི་གསེར་རིའི་ཕྲེང་བའི་མཚན་ཙམ་འཛིན་པ་ནི། བླ་མ་ནང་ཆེན་གྲགས་པ་རྒྱལ་མཚན། བླ་མ་ནང་ཆེན་གྲགས་པའི་སྲས་ཁྱུང་པོ་ནམ་མཁའ་འོད་ཟེར། ནམ་མཁའ་འོད་ཟེར་གྱི་སྲས་ཁྱུང་པོ་རིན་ཆེན་ལྷུན་གྲུབ། རིན་ཆེན་ལྷུན་གྲུབ་ཀྱི་སྲས་ཁྱུང་པོ་བསྟན་པ་རྣམ་རྒྱལ། བསྟན་པ་རྣམ་རྒྱལ་གྱི་སྲས་ཁྱུང་པོ་བསྟན་པ་ལྷུན་གྲུབ། བསྟན་པ་ལྷུན་གྲུབ་ཀྱི་སྲས་ཁྱུང་པོ་ཚུལ་ཁྲིམས་མཆོག་ལེགས། ཚུལ་ཁྲིམས་མཆོག་ལེགས་ཀྱི་སྲས་ཁྱུང་པོ་ཉི་མ་བསྟན་འཛིན། ཉི་མ་བསྟན་འཛིན་གྱི་སྲས་ཁྱུང་པོ་བླ་མ་གཡུང་དྲུང་བསྟན་འཛིན། དམ་པ་གཡུང་དྲུང་བསྟན་འཛིན་གྱིས་ཡུམ་གཉིས་བཞེས་ཏེ་སྲས་གཉིས་འཁྲུངས། སྲས་ཆེ་བ་སྨོན་ལམ་བསྟན་འཛིན་ནི་ཁྱིམ་དུ་ཡོད་པའི་ཡུམ་ལ་འཁྲུངས། སྲས་ཆུང་བ་ནི་ཁྱིམ་མཚེས་ཀྱི་བུ་མོ་བཀྲ་ཤིས་མཚོ་ཞེས་བྱ་བ་དད་པ་དང་དག་སྣང་ཆེ་བའི་རིགས་བཟང་དེ་ལ་འཁྲུངས་ཤིང་། སྲས་ཆུང་དམ་པ་འདི་ཉིད་ཀྱི་རྣམ་ཐར་ནི་བན་བོན་ཀུན་གྱི་ལོ་རྒྱུས་སུ་ཡོངས་སུ་གྲགས་པའི་དཔལ་སྤུངས་ཀོང་སྤྲུལ་ཡོན་ཏན་རྒྱལ་མཚོ་མཆོག་ཡིན་ལ་དམ་པ་ཁོང་གིས་སྔོན་ད་རྗེས་གསུམ་ལ་དགོན་པ་འདི་ཉིད་ཀྱི་བསྟན་པ་ལ་བཀའ་དྲིན་ཆེན་པོ་བསྐྱངས་ཡོད། ཁོང་གི་སྐུ་མཆེད་སྨོན་ལམ་བསྟན་འཛིན་ལ་སྲས་གཉིས་འཁྲུངས་ཡོད་དེ། སྲས་ཆེ་བ་མཁས་གྲུབ་ལུང་རྟོགས་རྒྱ་མཚོ་དད་པ་དང་བརྩོན་འགྲུས་ཆེ་བ། ཆུང་བ་བློ་གྲོས་རྒྱ་མཚོ་ནི་སྙིང་རྗེ་དང་ཤེས་རབ་ལྡན་པ་ཞིག་ཡིན་ལ། མཁས་གྲུབ་ལུང་རྟོགས་རྒྱ་མཚོ་ནི་སྐུ་ན་ཆུང་དུས་ནས་ཐར་བདེ་དགོན་དུ་གྲུབ་དབང་གཡུང་དྲུང་ཕུན་ཚོགས་དང་།  སྤྲུལ་སྐུ་གཏེར་སྟོན་བདེ་ཆེན་གླིང་པ་སོགས་ཀྱི་ཞབས་ལ་གཏུགས།   དེ་ནས་ཁམས་དང་དབུས་གཙང་གི་ཕྱོགས་ལ་གྲྭ་སར་ཕེབས་ནས་མཁས་པའི་གོ་ས་བླངས།  ལྷག་པར་དུ་གཙང་སྨན་རི་དང་ར་ལག་གཡུང་དྲུང་གླིང་དག་ལ་ལོ་མང་པོར་བཞུགས་ཤིང་།   གཡང་དྲུང་གླིང་གི་དཔོན་སློབ་ཀྱི་འགན་ཁུར་ནས་བསྟན་འགྲོའི་དོན་རྒྱ་ཆེན་མཛད།

1512056826796948.jpg

   སྲས་ཆུང་བ་བློ་གྲོས་རྒྱ་མཚོ་ཡིས་རང་དགོན་གྱི་བསྟན་པ་བཟུང་ཞིང་འགྲོ་བའི་དོན་རྒྱ་ཆེར་བྱུང་བ་དང་།  དགེ་སྦྱོར་བ་ཞིག་ཏུ་གྱུར།  ཚེ་དབང་རྒྱལ་མཚན་གྱིས་ཡུམ་དར་སྐྱིད་ཅེས་པ་བྱམས་སྙིང་རྗེ་ཡི་བདག་མོ་ཞིག་ཁབ་ཏུ་བཞེས།  ཡུམ་དར་སྐྱིད་ལ་སྲས་གཉིས་འཁྲུངས་ཤིང་། སྲས་ཆེ་བ་ཁྱུང་པོ་གཡུང་དྲུང་མཆོག་དབང་ནི་སྐུ་འཁྲུངས་ནས་ཞག་མ་གསུམ་གྱི་ནང་ནས་ཀུན་ཏུ་བཟང་པོ་གསུངས་ཤེས་པ།  ཆུང་དུས་ནས་དབང་པོ་གསལ་ལ་བློ་རིག་བཀྲ་བ།   གཟི་བརྗིད་ཆེ་བ་ལ་མངོན་ཤེས་ཐོགས་མེད་མངའ་བ།   རྫུ་འཕྲུལ་གྱི་རང་དབང་ཐོབ་པ་ཞིག་བྱུང་།  དེ་ཡང་བོན་གཏེར་ཚེ་དབང་གྲགས་པ་དང་།   སིདྷི་པདྨ་ཀུན་བཟང་རྣམ་གཉིས་ནས།   དཔལ་སྤུངས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གསུང་གི་སྤྲུལ་སྐུ་ཡིན་པ་ངོས་འཛིན་བྱས།   དམ་པ་འདི་ཉིད་ནི་ཐར་བདེ་སྤྲུལ་སྐུ་གཡུང་དྲུང་བསྟན་རྒྱལ་དང་།   བླ་མ་ཚུལ་ཁྲིམས་དྲི་མེད་རྣམ་གཉིས་ཀྱི་མདུན་དུ།   སྔོན་འགྲོ་དང་དངོས་གཞི་རྩ་རླུང་སོགས་གསང་ཆེན་གྱི་རྒྱུད་སྡེ་ཀུན་ལ་ཐུགས་སྤྱན་ཡངས་ཤིང་གྲུབ་པའི་རྩལ་རྫོགས།   གྲུབ་རྟགས་ཀྱང་རྡོ་ལ་ཕྱག་དང་ཞབས་ཀྱི་རྗེས།   ལྕགས་ནག་མདུད་པ་བརྒྱག་པ་དང་།   ཁབ་ལྕེ་ཡིས་མདུད་པ་བརྒྱག་པ་སོགས་ད་ལྟ་ཡང་མཇལ་རྒྱུ་མང་།   ལྷག་པར་དུ་དམ་པ་ཁོང་ནི་མཐུ་བྱད་གཏད་གསུམ་བཀྲོལ་བ་ལ་མཆོག་ཏུ་གྱུར་པ་ཞིག་བྱུང་ལ།   སྐབས་ཤིག་དགོན་པའི་ནུབ་ངོས་ཀྱི་འབྲི་ཆུ་ཕ་རོལ་དུ།   གྲོང་ཚོ་ཆུང་ཆུང་༼ཨུ་རུག༽ཇ་རུག་གྲོང་ཅེས་པ་དེར།  ཇ་རུག་ཚང་ཞེས་པའི་དུད་ཚང་ཕྱུག་པོ་ཞིག་ལ་བུ་སྤུན་བདུན་ཡོད་ལ།  ཇ་རུག་ཚང་དང་གཞན་གྱི་དགོན་སྡེ་ཞིག་གི་བར་ལ་འགལ་ཟླ་ཆེན་པོ་བྱུང་ནས།  གཞན་གྱི་དགོན་པ་དེས་མཚོ་སྔོན་རེབ་གོང་ནས་སྔགས་པ་གདན་དྲངས་ཤིང་ཇ་རུག་ཚང་ལ་མཐུ་གཏད་བརྒྱག   དུས་དེ་ནས་བཟུང་ཇ་རུག་ཚང་ལོ་རེ་བུ་རེར་ཤི་ནས་ལོ་ལྔ་ལ་བུ་ལྔ་མེད་སོང་།  དུད་ཚང་དེ་ལ་སྡུག་གི་རྒྱ་མཚོ་འཁྱིལ།   དེ་ནས་གོ་ཐོས་ལྟར་ཁྱུང་པོ་སྤྲུལ་སྐུ་ལ་མཐུ་ཡི་ནུས་པ་བཀྲོལ་བྱེད་ཀྱི་བསྔགས་ནུས་ཆེན་པོ་ཡོད་པ་ཤེས་ནས།   ཇ་རུག་ཚང་གི་ཕ་རྒན་ཁྱུང་པོ་སྤྲུལ་སྐུ་གདན་འདྲེན་ཞུ་ས་འོང་ནས་ཡང་ཡང་ཞུས་རྗེས་ཁོང་ཇ་རུག་ཚང་ལ་ཕེབས་ཆོག་གསུང་།  དེ་ནས་ཉི་མ་ཞིག་ལ་འབྲི་ཆུ་ཕ་རོལ་དུ་ཕེབས་ཤིང་མངོན་ཤེས་སྒོ་ནས་མཐུ་གཏད་དེ་བཀྲོལ་བཞིན་ཇ་རུག་ཚང་གི་ཉེར་འདབས་འབྲི་ཆུ་གྱེན་དུ་འཁོར་བའི་མཚོ་ཞིག་ཡོད་པ་དགོངས་ཤིང་།   མཐུ་ཡི་བྱད་བཀྲོལ་གཏད་བཀྲོལ་གྱི་ཆོ་ག་རྒྱས་པ་བཏང་།   གཟའ་སྐར་དགེ་བའི་ཉིན་མོ་ཞིག་ལ་ཇ་རུག་གྲོང་བའི་གྲོང་མི་ཡོངས་དང་ལྷན་དུ་འབྲི་ཆུ་ཁ་ཕེབས་ཤིང་།   དམ་པ་ཁོང་གི་རྫུལ་འཕྲུལ་སྒོ་ནས་ཆུ་ཐོག་ལ་ས་ཐོག་རྫིས་པ་བཞིན་གོམ་སྟབས་ངང་བྱོན་ནས་དམིགས་པ་དྲག་པོའི་སྒོ་ནས་མཚོ་བདག་ལ་མཐུ་གཏད་བཀྲོལ་དགོས་པའི་བཀའ་སྩལ་བས་ཆུ་ཁུག་དེ་ཡང་ཉུལ་ཉུལ་དུ་འཁོར་ཞིང་།   ཆུ་ཁའི་གྲོང་མི་རྣམས་འཇིགས་སྣང་ཧ་ལས་པ་བྱུང་ནས་ཡར་ཙམ་བྲོས།   དེ་ནས་གྲོང་མི་རྣམས་ཀྱིས་ཕྱི་ལྟས་ཞིག་བྱེད་དུས་དམ་པ་ཁོང་གི་ཆུ་དཀྱིལ་ནས་འབྲོང་རྭ་ནག་པོ་གྲོད་པས་གཡོག་ཡོད་པ་ཞིག་ཡར་ཐོན་བྱུང་བ་དེ་ཕྱག་ཏུ་བསྣམས་ནས་ཆུ་ངོགས་ནས་ཆུ་ཟུར་ལ་ཚུར་ཕེབས།  དེ་ནས་འབྲོང་རྭ་དེ་ཁ་ཕྱེས་ནས་ཚང་མས་ལྟ་དུས།  མི་གཙང་བའི་རྫས་དང་མཐུ་གཏད་ཀྱི་སྔགས་སོགས་ཡོད་པ་རྣམས་དམ་པ་ཉིད་ནས་གནས་དེ་རུ་སྦྱིན་སྲེད་བྱས།   དེ་ནས་ཇ་རུག་ཚང་ཡང་བདེ་སྐྱིད་ཀྱི་ཉི་མ་གསར་དུ་ཤར། དམ་པ་ཉིད་ཀྱི་སྐུ་ཚེའི་སྟོད་ལ་སྔགས་འཆང་གི་འདུ་ཤེས་འཛིན་ཞིང་།   ཐར་བདེ་བླ་བྲང་གི་ཨ་རྨེ་བུ་མོ་ལ་སྲས་གཉིས་སྟོན།   མ་ཚད་རྟ་དང་སྐྱེ་བོའི་གོས་ཆས་ལ་དགའ་པོ་ཡོད་པ་ཤེས་ནས་ཐར་བདེ་བླ་མ་རྣམ་གཉིས་ཐུགས་ལ་མ་བབས་ཞིང་།  རྫ་ཁོག་ཡུལ་དུ་དགེ་སྦྱངས་ཕེབས་དགོས་པའི་བཀའ་ཐོབ།   དམ་པ་ཉིད་ཀྱང་མོས་པ་ཆེན་པོ་བྱུང་ནས་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་གྱི་སྐུ་མདུན་དུ་ཕྱིན།  དེ་ནས་དྲང་སྲོང་རྒྱལ་བའི་ཁྲིམས་མ་ལུས་པ་གནང་བ་ཆ་ཚང་ཞུས།   ཤར་རྫ་རིན་པོ་ཆེའི་ཞལ་འཛུམ་དམུལ་ལེའི་ངང་སྤྲུལ་སྐུ་རིན་པོ་ཆེ་ཁྱེད་ནི་དམ་པ་ཁྱུང་གི་བརྒྱུད་པ་ཡིན་པས་སོ་ཐར་གྱི་སྡོམ་པ་བཞེས་དང་མ་བཞེས་ཁྱད་པ་ཅི་མེད།   ཐབས་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་རྫ་སྟོད་སྨད་བར་གསུམ་ནས་འགྲོ་བའི་དོན་གྱིས་དང་ཆོག་གསུངས་ཀྱང་།   ཐར་བདེ་བླ་མ་རྣམ་གཉིས་ཀྱི་མདུན་དུ་ཁས་ལེན་ཞུས་ཡོད་པ་དང་རང་ཉིད་ཀྱང་སྡོམ་པ་འབོག་པའི་རེ་བ་ཆེན་པོ་ཡོད་པས་ཅི་ནས་ཀྱང་ཁྱེད་ཀྱི་བཀའ་དྲིན་སྩོལད་ཡང་ཡང་ཞུས་མཐར་བཀའ་དྲིན་ཐོབ།   ཤར་རྫ་རིན་པོ་ཆེའི་ཞལ་ནས་ངེད་ཀྱི་རྒྱབ་རི་འདི་ལ་གཞན་སྡེས་ཕྲག་དོག་དབང་གི་མཐུ་གཏད་རྒྱག་འདུག་པས།   སྤྲུལ་སྐུ་ཁྱེད་ཀྱི་བཀྲོལ་ཤོག་ཅེས་བཀའ་ཐོབ།   དེའི་ཕྱི་ཉིན་ཁོང་རི་མགོ་ཕྱིན་ཞིང་ཟག་མེད་ཀྱི་མངོན་ཤེས་ལ་བརྟེན་ནས་མཐུ་གཏད་ཀྱི་རྫས་རྣམས་རྙེད་ཅིང་སྦྱིན་སྲེད་བྱས།   དེ་བཞིན་ཤར་རྫ་རིན་པོ་ཆེའི་མདུན་ནས་མཛོད་ཆེན་རྣམ་ལྔའི་ཁྲིད་ལུང་རྒྱས་པ་དང་།   ལྷག་པར་དུ་རྫོགས་པ་ཆེན་པོའི་དབང་ལུང་ཁྲིད་ཡོངས་སུ་རྫོགས་པ་བུམ་པ་གང་བྱོས་ཀྱི་ཚུལ་དུ་ཐོབ་པ་མ་ཟད་ལོ་ངོ་ལྔ་ལ་བཤད་པ་འཆད་ཉན་དང་སྒྲུབ་པ་ཉམས་ལེན་ལ་བརྩོན་པས་ཤར་རྫ་རིན་པོ་ཆེའི་ཐུགས་ཀྱི་སློབ་མ་གྱུར།   དེ་ནས་རང་ཡུལ་དུ་ཕྱིར་ཕེབས་སྟེ་སླར་ཡང་རབ་རྒྱལ་དགོན་པའི་བསྟན་པ་འཛིན་ཞིང་།   ས་སྐྱོང་སྡེ་དགེ་རྒྱལ་པོའི་གཉེར་ཆེན་རོང་རྒྱབ་ཚང་དང་ཧོར་འདྲ་སོ་རྟ་ཚང་གཙོས་པའི་ཡུལ་སྡེ་དེའི་དབུའི་མཆོད་གནས་སུ་གྱུར་པ་མ་ཚད།   མར་གྱི་མཁར་མདོ་ཁག་གཉིས་དང་རྒྱབ་ཀྱི་གླིང་ཚང་རྒྱལ་བློན་སོགས་ཀུན་གྱི་དད་པའི་གནས་སུ་གྱུར།   རོང་རྒྱབ་ཚང་དང་སོ་རྟ་ཚང་སོགས་ཀྱི་རོགས་རམ་འོག  དགོན་པའི་གཙུག་ལག་ཁང་ཉམས་གསོ་དང་བླ་བྲང་གསར་བཞེངས།   དགུན་ཆུང་སྐབས་ཁྲོ་བོ་ངོ་མཚར་རྒྱས་པའི་དཀྱིལ་འཁོར་ཞབས་ཕྱེས་ནས་འཆམ་ཉིན་གསུམ་ཡོད་པ་ལ།   འཆམ་གོས་དང་ཞལ་འབག་རྣམས་རྒྱས་པར་བསྐྲུན་ནས་བསྟན་འགྲོའི་དོན་རྒྱ་ཆེན་གནང་།   སྤྱི་ལོ་ལྔ་བཅུ་ང་གྲངས་ལོར་དགོངས་པ་བོན་ཉིད་དབྱིངས་སུ་གཤེགས།

1512056826104395.jpg

   དམ་པ་ཁོང་ལ་སྲས་གཉིས་མཆིས་པའི་ཆེ་བ་ལ་གཞན་དགའ་དང་།  ཆུང་བ་ལ་ཉི་མ་རྒྱལ་མཚན་ཟེར། སྲས་ཆེ་བ་གཞན་དགའ་ནི་ཆུང་དུས་ནས་དཔལ་ས་སྐྱའི་ཆོས་སྒོར་ཞུགས་ཤིང་མཁར་མདོ་དགོན་པའི་གྲྭ་བ་བྱས།   སྡེ་དགེའི་རྫོང་སར་དང་ས་སྐྱ་ངོར་རུ་སོགས་སུ་གྲྭ་སར་ཕྱིན་ནས།   མཁས་བཙུན་བཟང་པོའི་ཡོན་བླ་ན་མེད་པ་ཞིག་བྱུང་།  སྲས་ཆུང་བ་ཉི་མ་རྒྱལ་མཚན་ནི་སྤྱི་ལོ༡༩༣༠ལོར་སྐར་བཟང་དགེ་བའི་ཉིན་ཞིག་ལ་རྟགས་དང་རྟེན་འབྲེལ་བསུ་མ་བྱས་ནས་སྐུ་བལྟམས།   དེ་རྟེན་ཞང་པོ་ཚུལ་ཁྲིམས་དྲི་མེད་དང་།   སྟག་ཞིག་བླ་མ་སེང་གེ་ཉི་མ་རྣམ་གཉིས་དགོངས་པ་གཅིག་མཐུན་གྱི་ཁྱུང་དཀར་བླ་མ་ཁོང་གཤེན་ཉི་མ་རྒྱལ་མཚན་གྱི་ཡང་སྲིད་དུ་མངའ་གསོལ་མཛད།   དགུང་ལོ་ལྔའི་ཐོག་ནས་ཞང་པོ་རྣམ་གཉིས་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་དང་རིམ་བཞིན་ཐུན་མོང་ཕྱི་ནང་གི་རིག་གནས་ལ་སྦྱོང་པ་གང་མང་བྱས།   དགུང་ལོ་བཅུ་གཉིས་ཐོག་ནས་ཐར་བདེ་དགོན་པའི་ཁྲི་ཐོག་ལ་མངལ་གསོལ།  སྟག་ཞིག་བླ་མ་སེང་གེ་ཉི་མ་སོགས་བསྟན་འཛིན་གྱི་སྐྱེས་ཆེན་དུ་མའི་ཞབས་ལ་གཏུགས་ཤིང་མཁས་གྲུབ་གཉིས་ལྡན་གྱི་རྩེར་རུ་སོན།   ཁོང་དགུང་ལོ་ཉེར་བརྒྱད་ཐོག་སྤྱི་ཚོགས་གསར་པ་ཚེས་ནས་སྡེ་དགེ་རྫོང་སྲིད་གྲོས་རྒྱུན་ལས་ཨུ་ཡོན་གྱི་འགན་བཞེས།   དམ་པ་ཁོང་ནི་དེ་སྐབས་ཀྱི་སྲིད་ཇུས་ཀྱི་ལས་ལ་བརྟེན་ནས།   མཁའ་འགྲོ་བཙལ་དགོས་པའི་བཀའ་ཐོབ་ནས།  མཁའ་འགྲོ་ནི་འབྲི་ཆུ་གསེར་ལྡན་ཁྲ་མོའི་གཡས་ཟུ་ཧྱོ་མདའ་ཞེས་པའི་ས་ཆ་ནས་རིགས་བཟང་ཁུངས་བཙུན་གྱི་ཡུམ་ཁ་ལེགས་ཚང་བུ་མོ་སྐལ་བཟང་སྒྲོལ་མ་བཞེས།   ཁོང་ལའང་དམ་པ་ཁྱུང་གི་རྒྱུད་པ་སྲས་བཞི་འཁྲུངས།

1512056826102320.jpg

སྲས་ཆེ་བ་ཚེ་དབང་འཇིགས་མེད་དང་།

སྲས་འབྲིང་ཆེ་ཚེ་དབང་སྟོབས་ལྡན་དང་།

སྲས་འབྲིང་ཆུང་ཚེ་དབང་རིག་འཛིན་དང་།

སྲས་ཆུང་བ་བསྟན་འཛིན་རྒྱ་མཚོ་རྣམས་ཁྱུང་དཀར་གདུང་རྒྱུད་སྤུན་བཞིའོ།།

   དམ་པ་ཁོང་གི་སྡེ་དགེ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་ལོ་བཅུ་ལྷག་ལ་ཁུར། སྐབས་དེ་དང་བསྟན་ནས་ཏང་གི་ཆོས་ལུགས་དད་པ་རང་མོས་ཀྱི་སྲིད་ཇུས་བཟང་པོའི་ཉིན་འོད་གངས་ལྗོངས་ཀྱི་ཡུལ་གྲུ་ཀུན་ཏུ་འཕྲོས།  དེ་བརྟེན་རབ་རྒྱལ་དགོན་པ་ཡང་སྤྲུལ་སྐུ་ཉི་མ་རྒྱལ་མཚན་གྱི་སྐུ་དྲིན་གྱིས།  སླར་ཡང་བོན་གྱི་སྒོ་ཕྱེ་ཆོག་པའི་ཆོག་མཆན་ཐོབ་པར་དང་།  དགོན་པའི་ཁོར་ཡུག་སླར་གསོ་དང་།  བླ་གྲྭ་གསོ་སྐྱོང་།  སྐུ་གསུང་ཐུགས་རྟེན་གསར་བཞེངས་སོགས་བསྟན་བཞེངས་གང་ལ་གང་འཚམས་ཤིག་ཐུབ།  མ་ཚད་སྤྲུལ་སྐུ་རིན་པོ་ཆེའི་སྲས་ཆུང་བ་བསྟན་འཛིན་རྒྱ་མཚོ་ལ་ཁྱེད་ཀྱི་རབ་རྒྱལ་དགོན་པའི་བསྟན་པ་འཛིན་དགོས་ཤེས་བཀའ་སྩལད།  དེ་ནས་སྤྱི་ལོ༡༩༩༢ལོར་བསྟན་པའི་མངའ་བདག་རིན་པོ་ཆེ་སྡེ་དགེ་རྫོང་ཐོག་ཏུ་དགོངས་པ་བོན་དབྱིངས་སུ་གཤེགས།  དེ་ནས་ཁོང་གི་སྲས་ཆེ་བ་ཚེ་དབང་འཇིགས་མེད་དང་སྲས་ཆུང་བ་བསྟན་འཛིན་རྒྱལ་མཚོ་རྣམ་གཉིས་ནས།  ཐར་བདེ་དགོན་པའི་བསྟན་པ་འཛིན་ཞོལ་རབ་རྒྱལ་དགོན་པའི་བསྟན་པ་ཕྱི་ནང་གསང་གསུམ་ལ་ཐུགས་ཁུར་དང་འོལ་བརྒྱ་ཚད་མེད་གནང་བ་ལ།  དགོན་པའི་ཕྱིའི་ཁོར་ཡུག་འཛུགས་སྐྲུན་དང་།  ནང་གི་སྐུ་ཡི་རྟེན་ལ་རྒྱུ་ཟངས་གསེར་ལས་གྲུབ་པའི་སྟོན་པ་ཁྲི་གཙུག་རྒྱལ་བའི་སྐུ་ཁང་བརྩེགས་མ་གཅིག་དང་།   གཞན་ཡང་སྨན་འདམ་ལས་གྲུབ་པའི་སྟོན་པ་གཤེན་རབ་མི་བོའི་སྐུ་དང་།   རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་སྐུ།  རྒྱལ་བ་གཉིས་པའི་ཡང་དག་དོན་གྱི་རྒྱུད་འཛིན་ཀུན་མཁྱེན་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོའི་སྐུ་སོགས་ལུས་ཚད་ཅན་གསུམ་དང་ལི་སྐུ་ཟུང་གཅིག   གསུང་གི་རྟེན་ལ་རྒྱལ་བ་གཤེན་རབ་མི་བོའི་བཀའ་འགྱུར་རིན་པོ་ཆེ་དང་།   དེ་ལ་བརྟེན་ནས་བྱུང་བའི་བསྟན་འགྱུར་ཆེན་མོ་པོ་ཏི་ལྔ་བརྒྱ་ཡས་མས་ཅན་ལ་སོགས།  བོན་གཏེར་ཚེ་དབང་གྲགས་པའི་གསུང་འབུམ།  ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ།   རྒྱལ་བ་མཉམ་མེད་ཆེན་པོའི་གསུང་འབུམ་ཆ་ཚང་ཡོད།   ཐུགས་ཀྱི་རྟེན་ལ་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་བཅས་སྐུ་གསུང་ཐུགས་ཀྱི་བསྟན་བཞེངས་ལགས་སོ། །

   མ་ཚད་བླ་གྲྭ་མི་དམངས་རྣམས་ལ་བོན་གྱི་སྦྱིན་པ་དབང་ལུང་མན་ངག་སོགས་བུམ་པ་གོང་བྱོལ་གྱི་ཚུལ་དུ་གནང་།  རང་གི་རུས་པ་རྒྱུད་ཁུངས་ཀྱི་དགོན་དེ་ལ་ལྟ་སྐྱོང་འགོ་འཛིན་མྱི་ལོ་གང་མང་བྱས།  སྲས་འབྲིང་ཆུང་ཚེ་དབང་རིག་འཛིན་ནི་སྔ་འགྱུར་རྙིང་མའི་དགོན་སྡེ་ཆེན་མོ་ཨེ་ཝཾ་དགོན་གྱི་སྤྲུལ་སྐུ་ཡིན་པས་དགོན་དེ་ནས་བསྟན་པ་འཛིན་བཞིན་པ་ལགས།   སྲས་འབྲིང་ཆེ་ཚེ་དབང་སྟོབས་ལྡན་ནི་ཁྱུང་དཀར་གྱི་གདུང་འཛིན་བ་ཡིན་པས་ཁོང་ལའང་སྲས་གཉིས་འཁྲུངས་ཡོད།

    དེ་ནས་མཆོག་སྤྲུལ་གཡུང་དྲུང་མཆོག་དབང་གི་རྟགས་དང་རྫུལ་འཕྲུལ་ལ་སོགས་ཐུན་མིན་གྱི་ནུས་སྟོབས་གཞན་སུ་ཡི་འགྲན་ཟླ་བྲལ་བའི་བཀའ་དྲིན་རྗེས་སུ་དྲན་ནས།  བླ་གྲྭ་ཡོངས་དང་མང་ཚོགས་རྣམས་ཐུགས་སེམས་གཅིག་མཐུན་འོག་མཆོག་སྤྲུལ་གཡུང་དྲུང་མཆོག་དབང་གི་ཡང་སྲིད་ངོས་འཛིན་མཛད་དགོས་པའི་སྐུལ་མ་ལ་བརྟེན་།  མཆོག་སྤྲུལ་ཚེ་དབང་འཇིགས་མེད་རིན་པོ་ཆེས་འབད་བརྩོན་ལྷོད་མེད་བྱས་ནས།  ཡུལ་སྟོད་སྨད་བར་གསུམ་གྱི་རིས་མེད་སྐྱེས་ཆེན་གང་མང་ལ་ཐུགས་སྨིན་དང་སྐྱབས་འཇུག་ཞུས་ནས།  སྐྱབས་རྗེ་རྟོག་ལྡན་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་རིན་པོ་ཆེའི་ཡང་སྤྲུལ་ངོས་འཛིན་མཛད་པའི་རྣམ་ཐར་ཟུར་ཙམ་བརྗོད་པ་ལ།

  སྐུ་གསུམ་རྣམ་རོལ་བྱ་ཡི་རྒྱལ་པོ་ཡི།།

  རིགས་རྒྱུད་དམ་པ་དཀར་ནག་སེར་གསུམ་ཁྱུང་།།

  ཡབ་སྲས་མཁས་གྲུབ་རྒྱ་མཚོའི་ཚོགས་རྣམས་ཀྱིས།།

  བྱིན་རླབས་ཡེ་ཤེས་བདུད་རྩི་འགྲོ་ལ་སྩོལད།།

   ཅེས་དམ་པ་གོང་མའི་ཚིགས་སུ་བཅད་པ་དེ་གཞི་བཟུང་ནས།  དགོན་སྡེ་འདི་ཉིད་ཀྱི་སྐུ་རབས་གོང་མ་རྣམས་ཀྱིས་སྐུ་གསུང་ཐུགས་ཀྱི་བསྟན་པ་རིན་པོ་ཆེ་རྒྱ་ཆེར་བརྗོད་ཀྱི་མི་ལོང་བ་སྤེལ་ཡོད་པའི་རྣམ་ཐར་དང་ལོ་རྒྱུས་སོགས་དགོངས་པ་མ་ཟད།  ལྷག་པར་དུ་མཆོག་སྤྲུལ་གཡུང་དྲུང་མཆོག་དབང་གི་བསྟན་དང་འགྲོ་བ་སྐྱོང་ཚུལ་ནི་གཞན་དང་མི་འདྲ་བ་ཞིག་ཡིན་པ་སྣང་བཞིན།   ཚུལ་ཆེན་བླ་མའི་ཐུགས་ཀྱི་དགོངས་པ་མཁའ་ལྟར་དག་ནས་འདི་ལྟར་གསུངས།  རབ་རྒྱལ་དགོན་པའི་མདུན་ཕྱོགས་ཀྱི་འབྲི་ཆུའི་ཕ་རོལ་བོན་དགོན་ཞིག་གི་བླ་མའི་མཚན་མགོ་ལ་ཚུལ་ཁྲིམས་གསོལ་བའི་མི་བུ་ཁྱད་པར་བ་དེ་ནི་རབ་རྒྱལ་དགོན་པའི་མཆོག་སྤྲུལ་གཡུང་དྲུང་མཆོག་དབང་གི་ཡང་སྲིད་ཡིན་ཞེས་གསུང་པ་ལ་ངོ་མཚར་འབུམ་གྱིས་རྒྱན།  དེ་ནི་སེ་ཞུག་དགོན་ནམ་དྷིས་བོན་དགོན་གྱི་བླ་སྐོས་ཚུལ་ཁྲིམས་སྟོབས་རྒྱལ་ལགས།  དེ་ནས་ཚེ་དབང་འཇིགས་མེད་ཀྱིས་སྐུལ་མ་བཏང་ནས་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་དང་བླ་མ་ཚུལ་ཁྲིམས་རྒྱལ་མཚན་རྣམ་གཉིས་བོན་དགོན་དེ་ལ་ཕེབས།  ཁོང་རྣམ་གཉིས་ཀྱིས་དགོན་དེའི་དོ་དམ་ཨུ་ཡོན་ལྷན་ཁང་དང་འབྲེལ་ཡོད་ཀྱི་སྐྱ་སེར་ཡོངས་ལ།  རང་དགོན་གྱི་སྤྲུལ་སྐུ་ཁོང་རབ་རྒྱལ་དགོན་ལ་དགོས་པས་ཁྱེད་ཡུལ་དགོན་གཉིས་ནས་བཀའ་དྲིན་གནང་རོགས་ཞུས་ནས་ཁོང་ལ་བཀའ་དྲིན་ཐོབས།  བཀའ་དྲིན་སུམ་ལྡན་གྱིས་ནུས་པ་ལ་བརྟེན་ནས་མཆོག་སྤྲུལ་ཚེ་དབང་འཇིགས་མེད་དང་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ།  ཞལ་བཞེས་སྤྲུལ་སྐུ་བསྟན་འཛིན་འོད་ཟེར།   ཨེཝཾ་མཆོག་སྤྲུལ་ཚེ་དབང་རིག་འཛིན།  ཐར་བདེ་དགོན་པའི་མཁན་བསྟན་འཛིན་རྣམ་དག  བླ་མ་ཚུལ་ཁྲིམས་རྒྱལ་མཚན་སོགས་གཙོས་པའི་ཐར་བདེ་དགོན་དང་རབ་རྒྱལ་དགོན་གཉིས་ཀྱི་སེར་སྐྱ་ཡོངས་དང་རིས་མེད་ཀྱི་དད་ལྡན་སྟོང་ལྷག་གི་གཟའ་སྐར་འཕྲོད་སྦྱོར་གྱི་ཉིན་མོ་ཞི་ལ།  རབ་རྒྱལ་དགོན་པའི་ཁྲི་ལ་མཆོག་སྤྲུལ་ཚུལ་ཁྲིམས་སྟོབས་རྒྱལ་རིན་པོ་ཆེ་མངའ་གསོས།  དེ་ནས་སྤྲུལ་ཚུལ་ཁྲིམས་སྟོབས་རྒྱལ་གྱིས་བསྟན་པ་སྐྱོང་བཞིན་པ་ལགས་སོ། །ཞོལ་དུ་དགོན་པ་དང་འབྲེལ་ཏེ་དགོན་པའི་ལྷ་སྡེ་དང་དགོན་པའི་དུས་མཆོད་དགོན་པ་དང་དགོན་པའི་བར་གྱི་འབྲེལ་བ་སོགས་ཉུང་ཙམ་སྨྲས་ན། སྐབས་བབས་དགོན་འདིའི་ཁོངས་སུ་དུད་ཚང་བཞི་ལྷག་ཡོད་ལ་ཡུལ་ཕྱོགས་སོ་སོར་སོང་བའི་དུད་ཚང་ཉུང་ཉུང་མ་རེད།

   རབ་རྒྱལ་དགོན་པའི་དུས་མཆོད་ནི།  སྤྱི་ཚོགས་རྙིང་བའི་སྐབས་གར་འཆམ་སོགས་རྒྱས་པར་ཞིག་ཡོད་སྐད་འདུག་ཀྱང་།  ད་ལྟ་ཉམས་གསོ་འགྲུབ་མེད།  སྐྱེ་དམན་བདག་གི་ཤེས་ནས་ད་ལྟའི་བར་དངོས་སུ་ཡོད་པའི་དུས་མཆོད་ནི་དབྱར་ཟླ་དྲུག་པའི་ཚེས་བདུན་ནས་བཅུ་བཞིའི་བར་ལ་ཞི་ཁྲོ་དམ་པ་རིགས་བརྒྱའི་སྒྲུབ་པ་དང་།  ཀུན་རིག་རྣམ་སྣང་གི་སྒྲུབ་པ་གང་རུང་ཉིན་དྲུག་དང་།  ཚེས་བཅོ་ལྔ་ཉིན་ལ་གནས་ཆེན་པདྨ་ལྷ་རྩེའམ་ཡུལ་ལྷ་དཀར་གཡག་འགུ་བཀྲ་བསྟོད་ཅིང་འཛམ་གླིང་སྤྱི་བསང་ཉིན་གཅིག་གོ །   དགུན་ཆུང་ཟླ་བའི་ཚེས་ཉེར་གཉིས་ཉིན་གཏོར་མ་བཅའ་ནས་ཉེར་གསུམ་ནས་ཉེར་དགུའི་བར་ཁྲོ་བོ་ངོ་མཚར་རྒྱས་པ་བདུན་སྒྲུབ་དང་།  དགུན་ཆེན་ཟླ་བའི་དེ་ནས་དེའི་བར་སྟག་ལྷ་མེ་འབར་གྱི་སྒྲུབ་བ་ཉིན་བདུན་དང་། མ་ཚད༧གྲུབ་ཆེན་རིན་པོ་ཆེ་ཁམས་ཕྱོགས་ལ་འགྲོ་བའི་དོན་དུ་བྱོན་སྐབས་ནས་མགོ་བཙུགས་ཤིང་ལོ་སར་གྱི་ཚེ་བདུན་ཉིན་སྟ་གོན་དང་བརྒྱད་ནས་སྒྲུབ་སྦྱོང་མུན་སེལ་སྒྲོན་མའི་དཀྱིལ་འཁོར་ཞབས་ཕྱེ་ཞིང་ཨ་དཀར་འབུམ་སྒྲུབ་ཉིན་བདུན་དང་།  ཚེས་བཅོ་ལྔ་ཉིན་སྤྲུལ་སྐུ་རིན་པོ་ཆེའི་བཀའ་དབང་གནང་ཞིང་སེར་སྐྱ་ཡོངས་ཀྱིས་དགེ་སྒྲུབ་སྡིག་སྤང་གི་རྣམ་བཞག་རང་རང་གི་འཇོན་ཚོད་སྤང་བླངས་བྱད་ཀི  ད་དུང་བར་སྐབས་ལ་སྲིད་རྒྱལ་དྲེའུ་དམར་ནག་གི་ཚོགས་བརྒྱ་དང་།  དཔལ་ལྡན་ལྷ་མོའི་ཚོགས་བརྒྱ་སོགས་དུས་དང་མཐུན་པའི་མཆོད་པ་མི་ཉུང་བ་ཞིག་འདོན་སྲོལ་འགི། རབ་རྒྱལ་དགོན་དང་དགོན་སྡེ་གཞན་པའི་བར་གྱི་འབྲེལ་བ་ནི་བོན་པོའི་ཐར་བདེ་དགོན་དང་། ཞལ་བཞེས་དགོན། སེ་ཞིག་དགོན། སྟག་ཞིག་དགོན། རིན་སྤུངས་དགོན།  རྫ་སྨོན་རྒྱལ་དགོན།  ཤར་རྫའི་རི་ཁྲོད་།  རྙིང་མའི་བཟང་མགོ་དགོན། ས་སྐྱའི་འགུ་གཟི་དགོན།  བཀའ་རྒྱུད་ཀྱི་རྣམ་རྒྱལ་དགོན་སོགས་ཕྱོགས་བཞི་འཚམས་བརྒྱད་ལ་ཡོད་པའི་རིས་མེད་ཀྱི་དགོན་པ་གང་མང་མང་མང་ཞིག་དང་འབྲེལ་བ་ཟབ།

1512056827926043.jpg

དམ་པའི་རྣམ་ཐར་ལོ་རྒྱུས་རྒྱ་མཚོ་ལ།།

བློ་དམན་གྲུ་ཡིས་བགྲོད་མཐའ་མི་ཆོད་ཀྱང་།།

ཞལ་གསུང་ལུང་གི་སྐྱ་བ་ལ་བརྟེན་ནས།།

ཅུང་ཙམ་ཕྱི་རབས་རྣམས་ལ་དཔྱད་གཞི་སྤེལ།།

གསུང་བ་བཞིན།

དགོན་པའི་ལོ་རྒྱུས་ནམ་མཁའ་ཡངས་པོ་ལ།།

ཤེས་དབེན་ཀླད་པའི་ཀློང་ན་མི་ཤོང་ཀྱང་།།

ལོ་རྒྱུས་ངག་རྒྱུན་ལ་སོགས་གཞི་བཟུང་ནས།།

ཉུང་ཙམ་འདི་ཡང་ཕྱིར་མིའི་དཔྱད་གཞི་ཡིན།།

ཞེས་དགོན་པའི་ལོ་རྒྱུས་ཉུང་ཙམ་འབྲི་བ་པོ་རྒྱལ་ཁམས་པ་དྷི་རང་འབར་ནི་དགོན་དེའི་དད་ལྡན་འབངས་མི་ཀུན་གྱི་གྲལ་མཐའ་ནས་ཁ་ཡར་འཁོར་དུ་འདུག་མཁན་ཙམ་གྱི་ངོས་ནས་རང་དགོན་གྱི་ལོ་རྒྱུས་ཉུང་བསྡུས་འདི་ཡང་དགེ་བའི་རྒྱུ་རུ་སྤྱི་ལོ༢༠༡༧/༡༡/༢༨/ཉིན་རྔ་གཡང་ཕྱུག་མོའི་ཡུལ་གྲུ་ནས་བསྔོ་བ་བགྱིའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།