ཁམས་བྲག་མགོ་གཞི་རིང་དགོན།

[ཟླ་ཚེས། 2015-11-26 11:41:30][རྩོམ་པ་པོ། དགེ་བཤེས་ཚེ་དབང་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

01.jpg

   གཡུ་ལུང་དགོན་ནམ་གཞི་དགོན་གཤེན་བསྟན་བཀྲ་ཤིས་སྨིན་གྲོལ་གླིང་ནི་ཕྱི་ལོ་དུས་རབས་བཅུ་བདུན་གྱི་(༡༦༩༣)མཇུག་ཏུ་དགེ་བཤེས་གཡུང་དྲུང་བསྟན་འཛིན་གྱིས་ཕྱག་བཏབ་བ་ཞིག་ཡིན། དམ་པ་ཁོང་ནི་ཡབ་དགེ་བཤེས་ཙའི་གདུང་(སེ་ཁྱུང་དབྲའི་གདུང་རུས་ཤིག་ཡིན་པའང་གསལ།)འཛིན་ཡབ་རྒྱལ་པོ་གསུང་རབ་འབུམ་དང་ཡུམ་ཧོར་ཀ་ལི་རྒྱ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ས་ཁྱི་ལོ། ཕྱི་ལོ་དུས་རབས་བཅུ་བདུན་ནང་དུ་(༡༦༥༨)ཡུལ་བྲག་མགོ་ར་པའི་(རྒྱ་རྗེ་རི་ཀློང་།)སྡེ་བར་སྐུ་འཁྲུངས། དགུང་ལོ་སོ་གཉིས་ལོར་(༡༦༨༩)གཡུ་རིའི་རིར་ཁྲོད་ཅིག་ཕྱག་བཏབ། དགུང་ལོ་སོ་ལྔ་ཕྱི་ལོ་(༡༦༩༣)ལོར་རི་ཁྲོད་དེར་བཀྲ་ཤིས་སྨིན་གྲོལ་གླིང་ཞེས་མཚན་གསོལ་ཞིང་དགོན་པའི་ངོ་བོར་བསྒྱུར་ཏེ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱིས་བྱ་བར་མཛད། རབ་བྱུང་བཅུ་གཉིས་ས་བྱིའི་ལོར་བོད་ཟླ་བདུན་པའི་རྒྱལ་གྱི་ཉིན་གུང་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས།

02.jpg

   དགོན་འདིར་རྗེས་འཛིན་རིམ་བྱོན་ནི་ཡེ་ཤེས་སྙིང་པོ་རབ་བྱུང་བཅུ་དྲུག་མེ་གླང་(༡༦༩༧)ལོར་སྐུ་འཁྲུངས་ཏེ་དགུང་ལོ་དྲུག་ཅུ་ཙམ་ལ་བསྟན་པ་འཛིན་སྐྱོང་གནང་ཞིང་། དེ་རྗེས་ནམ་མཁའ་འབུམ་མམ་ཡོངས་གྲགས་སུ་བླ་སྙོན་དང་། གཡུང་དྲུང་བསྟན་འཛིན་གྱི་ཡང་སྤྲུལ་འཆི་མེད་གྲུབ་དབང་། གཡུང་དྲུང་བསྟན་འཛིན་སྐུ་འཕྲེང་གསུམ་པ་གྲུབ་དབང་རིན་པོ་ཆེ་དང་། རབ་བྱུང་བཅོ་ལྔའི་ལྕགས་སྦྲུལ་ལོ་སྐལ་བཟང་གྲགས་པ་བྱོན། ཕྱི་ལོ་དུས་རབས་བཅུ་བཞི་(༡༩༣༩)ནང་དུ་ཡོང་སྟོན་བསྟན་འཛིན་རྒྱལ་མཚན་བྱོན། མཁའ་ལོ་བླ་མ་ཨ་གྲགས། སྤྲུལ་སྐུ་བདེ་ལེགས་རྒྱ་མཚོ(ད་སྐབས་བསྟན་པའི་བདག་པོ་ཡིན།)། བཅས་རིམ་པར་བྱོན་ཏེ་དགོན་འདིའི་བསྟན་སྲིད་འཛིན་སྐྱོང་གནང་དང་གནང་མུས་སུ་མཆིས། དགོན་འདིར་བླ་གྲྭ་ལྔ་བཅུ་ལྷག་ཙམ་ཡོད།
   དགོན་འདི་ལ་གཡུ་ལུང་དགོན་དང་། གཡུ་རི་དགོན། གཞི་རིང་དགོན་བཅས་མཚན་མི་འདྲ་བ་གསུམ་བཞེད་སྲོལ་ཡོད། དང་པོ་དང་བར་མ་གཉིས་ནི་སྔོན་བྱོན་སྐྱེས་ཆེན་དུ་མའི་རྣམ་ཐར་དང་གསུང་མགུར་མི་ཉུང་བ་ལས་གསལ་འདུག་པས་རྒྱུ་མཚན་དུ་བརྩི་རུང་སྙམ། གཞན་ཡང་དགའ་ལྡན་རི་ལ་རྩི་ཤིང་དང་ནགས་ཚལ་གྱིས་ཕྱུག་པའི་གཡུ་ཡི་རི་དང་ཆ་འདྲ་བ་ཁ་དོག་ལྗང་མདངས་ལྡན་པའི་བཏགས་མིང་ཚུལ་དུ་ཐོག་པ་ཡིན་ཞེས་རྒན་རབས་ཚོའི་ངག་རྒྱུན་ལས་ཐོས། ཕྱི་མ་ནི་དུས་རབས་ཉི་ཤུའི་དཀྱིལ་ཙམ་ནས་ལ་ལས་དཔལ་ལུང་ཁོང་ནི་ལུང་ཐག་ཆེས་རིང་བར་བརྟེན་གཞི་རིང་ཁོག་བཏགས་ཏེ་རིམ་བཞིན་དུ་གཡུ་ལུང་དགོན་པར་གཞི་རིང་དགོན་ཞེས་མིང་དེ་ཐོག་པ་ཡིན་ཞེས་ངག་རྒྱུན་དུ་གྲགས།
   དགོན་འདི་ནི་མདོ་དབུས་ཁམས་གསུམ་གྱི་ནང་ཚན་ཁམས་སྨད་མི་ཉག་རབ་སྒང་གི་རི་བརྒྱུད་དུ་གཏོགས་པའི་དགའ་ལྡན་གནས་རིའི་ཕར་ངོས་བྱང་ཕྱོགས་ཀྱི་རི་ཞོལ་དུ་ཆགས་ཡོད་ཅིང་། བྲག་མགོ་རྫོང་ཐོག་ནས་མར་རྩིས་སྤྱི་ལེའུ་(༤༠)མཚམས་སུ་ཆགས་ཡོད། རྒྱ་མཚོའི་ངོས་ནས་མཐོ་ཚད་རྨིད་(༣༡༦༠)ཡིན་པར་བཞེད། ཅེས་གཡུ་རི་དགོན་ནམ་གཡུ་ལུང་དགོན་གྱི་ལོ་རྒྱུས་སྙིང་བསྡུས་ཤིག་རྫོང་མི་དམངས་ཆོས་ལུགས་ཅུས་ཀྱི་མི་སྣ་ཁ་ཤས་ཀྱིས་དགོས་སྐུལ་དང་བསྟུན་དགེ་བཤེས་ཚེ་དབང་རྒྱལ་མཚན་གྱིས་བྲིས་པ་དགེའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།