བལ་ཡུལ་བོན་དགོན་གཡུང་དྲུང་འགྲོ་འདུལ་གླིང་།

[ཟླ་ཚེས། 2013-11-15 11:50:10][རྩོམ་པ་པོ། སྨན་རིའི་དགེ་བཤེས་བསྟན་འཛིན་ཉི་མ།][རྩོམ་ཁུངས། གཡུང་དྲུང་བོན་དྲ་བ།][ཀློག་གྲངས། ]

img053.jpg

   དེ་ཡང་བལ་པོའི་ཁོངས་གཏོགས་དོལ་པོའི་ཡུལ་རིའི་སྐོར་དུ་ཡོད་པའི་“གཡུང་དྲུང་འགྲོ་འདུལ་གླིང་”ཞེས་པའི་དགོན་སྡེ་འདི་ནི་སྔོན་བྱོན་རྒྱལ་བ་གོང་མ་རྣམས་ཀྱིས་བྱིན་གྱིས་ བརླབས་པའི་གནས་མཆོག་ལྗག་འདུལ་གཞའ་ཚོན་གླིང་ཞེས་པའི་མདུན་དུ་ཆགས་ཡོད་ཅིང་། དེའི་གཡས་གཡོན་དུ་སྐ་ཡི་གྷའུ་དང་ཡུལ་རིའི་སྐོར། རྒྱབ་རུ་ཐ་པ་གྷའུ་བཅས་ཀྱི་གྲོང་ཁྱེར་ཆགས་ཡོད། དེ་རུ་སྔོན་བྱོན་ཡང་སྟོན་གོང་མ་རྣམས་དང་མཆོད་ཡོན་འབྲེལ་ནས་ཡོད། ལྷག་པར་ཡང་སྟོན་བསོད་ནམས་དབང་དྲག་གི་སྐུ་དུས་སུ་ཁོང་གིས་གྲོང་སྡེ་གཉིས་ལ། མ་ཏྲི་རིན་ཆེན་སྒྲོན་མའི་སྒྲུབ་པ་བཙུགས་ཤིང་།

IMG_0190.jpg

  དེ་ནས་བཟུང་ལོ་རེ་བཞིན་ད་བར་དུ་ཡང་ཚོགས་མུས་ཡིན། གཞན་ཡང་སྐུ་གདུང་གསུང་རབ་བཀའ་དང་བཀའ་བརྟེན། མ་ཏྲི་མདོ་འབུམ་མཆོད་རྟེན་རྣམས་དང་། སྒྲུབ་གནས་བཀའ་རྟགས། ཕྱག་ཞབས་ཀྱི་རྗེས་རྣམས་མ་སྒྲིབ་གསལ་པོར་བཞུགས་ཀྱང་། དུས་སྐབས་ཞིག་ལ་བླ་མ་དང་དགེ་བའི་བཤེས་གཉེན་འགྱངས་པའི་དབང་གིས། ཡུལ་སྡེ་རྣམས་མོན་ཕྱོགས་སུ་འགྱུར་འགྲོ་བའི་ཉེན་ཁ་ཞིག་དང་ཐུག་དུས། གདན་ས་བསམ་གླིང་གི་དབུ་བླ་བླ་མ་རྣམ་རྒྱལ་དབང་འདུས་མཆོག་དང་། གྲྭ་ས་ཆེན་པོ་རྒྱ་གར་སྨན་རིའི་དགོན་གྱི་༧སྐྱབས་རྗེ་མཁན་སློབ་ཉི་ཟླ་ཟུང་གཉིས་དང་། ཡང་སྒོས་དཀར་རྒྱལ་ཡུལ་རིས་སྐོར་གྱི་འགོ་མཛད་འབྲོལ་པ་(DOLPA)འཇིལ་ལིའི་སྡེ་དཔོན་རྣ་ར་བྷ་འདུར་བཅས་ཀྱི་བཀའ་དགོངས་གཅིག་བསྒྲིལ་ཐོག

img055.jpg

   ཁོ་བོ་དགེ་བཤེས་བསྟན་འཛིན་ཉི་མ་འོད་ཟེར་བདག་ལ་དགེ་བཤེས་ཀྱི་ལག་འཁྱེར་ཐོབ་མ་ཐག དཀར་རྒྱལ་ཡུལ་རིས་སྐོར་གྱི་བླ་མ་རུ་བསྐོས་ནས་བཏང་གནང་བ་རེད། ཁོ་བོ་ཀྱང་གོང་མ་རྣམས་ཀྱི་བཀའ་ལ་གྱེན་ལྡོག་མ་ཕོད་པར་འགན་ཁུར་ཐོག་འདི་གའི་མི་མང་དང་ལྷན་ཕྱར་གྲུ་མཉམ་འདེགས་ཀྱིས་འབད་རྩོལ་གྱི་ཐག་སྲིང་སྟེ། དེང་སང་འདི་ལྟར་དགོན་པ་གྲྭ་ཚང་ཞིག་དང་། དེང་དུས་ཀྱི་ཡུལ་ལུང་དང་འཚམས་པའི་དབྱིན་ཡིག་དང་བོད་ཡིག་ནེ་པལ་ལི་བཅས་ཀྱི་སློབ་ཚན་ལྡན་པའི་དགེ་སློབ་ཞིག་འཛུགས་བསྐྲུན་ཐུབ་ཙམ་དང་། ལྷ་སྡེ་མི་མང་རྣམས་ལ་ཕན་པའི་སྨན་ཁང་ཞིག་ཀྱང་འཛུགས་བསྐྲུན་བྱ་བཞིན་མཆིས། མ་འོངས་པའི་ཆར་དགོན་འདིའི་ནང་བཤད་སྒྲུབ་གང་རུང་ཞིག་དང་། དཔེ་མཛོད་ཁང་དང་འཁོར་ཁང་། མི་མང་ཉམས་ཐག་ཉམས་ཆུང་རྣམས་ལ་སྨན་པའི་ཕྱིར་དུ་མཐུན་རྐྱེན་འཛོམས་པའི་སྨན་ཁང་ཞིག་དགོས་གལ་ཆེ་ཞིང་། མ་ཟད་སློབ་གྲྭ་འདི་ཉིད་མུ་འཐུད་དེ་རྒྱུན་སྐྱོང་བྱེད་པར། དཔལ་འབྱོར་གྱི་མཐུན་རྐྱེན་ཤིན་ཏུ་དགོས་གལ་ཆེ་བས། དེ་ལུགས་རྣམ་དཀར་གྱིས་ཕྱུག་པའི་དགེ་གྲོགས་རྣམས་ལ་བློ་གཏད་ཀྱི་རེ་མོས་ཞུ་བ་ལགས་ན། ཐུགས་རྗེ་དགོངས་པའི་དབྱིངས་ནས་མི་འདོར་བར་མཁྱེན་མཁྱེན།

ཞེས་སྨན་རིའི་དགེ་བཤེས་བསྟན་འཛིན་ཉི་མས་སྦྱར།

img054.jpg

༧སྨན་རིའི་དགེ་བཤེས་བླ་མ་ཤེལ་ཞིག་བསྟན་འཛིན་ཉི་མ་འོད་ཟེར་རིན་པོ་ཆེ་ལགས་ནི། ཕྱི་ལོ་༡༩༤༦ལོར་དོལ་པོ་སྤུངས་མོ་ཞེས་པའི་ས་གནས་དེ་འཁྲུངས་ཤིང་། ༡༩༧༨ལོར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་གྲྭར་ཐོག་མར་འཛུལ་ཞུགས་ཞུས་ཤིང་། ༡༩༨༦ལོའི་ཟླ་༢ ཚེས་ ༢༥ཉིན་༧སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་མདུན་ནས་སྐབས་དང་པོའི་དགེ་བཤེས་ཀྱི་ཕྱག་ཁྱེར་བཞེས། ཕྱིས་སུ་བོན་དགོན་གཡུང་དྲུང་འགྲོ་འདུལ་གླིང་གི་མཁན་པོར་ཁྲི་བཞེངས་གནང་ཡོད་པ་བཅས་ཀྱི་ངོ་སྤྲོད་མདོར་བསྡུས་ཙམ་མོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།