གཡས་རུ་དབེན་སའི་གདན་རབས་ཉུང་བསྡུས་དད་ལྡན་དགའ་བའི་རྒྱན།
[ཟླ་ཚེས། 2013-04-16 22:31:19][རྩོམ་པ་པོ། དྲུང་ཆེ་བསོད་ནམས་གཡུང་དྲུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
མཆོད་བརྗོད་དང་གླེང་གཞི།
བཅུ་གཉིས་མཛད་ཆེན་ཡང་དག་མཐར་ཕྱིན་ཚད་མའི་སྟོན་པ་མངོན་པར་སངས་རྒྱས་གཤེན་རབ་མཆོག །
བདེན་གཉིས་སྒོ་མཛོད་ཕྱི་ནང་གསང་གསུམ་ཚད་མའི་བཀའ་ལུང་ཟབ་དང་རྒྱ་ཆེ་གཡུང་དྲུང་བོན། །
སྒྲིབ་གཉིས་བྱང་སྦྱོང་འགྲོ་ལ་རྣམ་བརྩེ་ཚད་མའི་རྗེས་འབྲང་གཡུང་དྲུང་སེམས་དཔའ་རྒྱ་མཚོའི་སྡེ། །
ཚོགས་གཉིས་གཏེར་གྱི་ཞིང་ས་ཆེན་པོ་ཚད་མའི་སྐྱབས་ཡུལ་དཀོན་མཆོག་གསུམ་གྱིས་ཤིས་པ་སྩོལ། །
རྨད་བྱུང་དགེ༷་མཚན་སྟོང་གི་ཉི་ཟླ་རྣམ་དག་མཁའ་ལས་ལེ༷གས་པར་ངོམ་པའི་རྩེ་དགའ་ཅན། །
མཚན་དཔེ་གཉིས་ལྡན་གསང་གསུམ་ལྷུན༷་པོར་མཁས་དང་གྲུབ༷་པའི་ཡོན་ཏན་དཔག་བསམ་ཁོ་ལག་ཡངས། །
ཇི་སྙེད་ཤེས་བྱ་མཁྱེན་པ་རྒྱ༷་ཆེན་མཚོ༷་ལྟར་ཟབ་རྒྱས་མདོ་སྔགས་རབ་འབྱམས་ས་ལེར་གཟིགས། །
ཕྱོག༷ས་ལ༷ས་རྣམ༷་པ༷ར་རྒྱལ༷་བ༷འི་མཚན་སྙན་བ་དན་སྲིད་རྩེར་གཡོ་བ་བདག་གི་བླ་མར་འདུད། །
རྒྱལ་བའི་གདུང་སོབ་ཆེན་པོ་གསུང་གི་སྟོན་པ་མུ་ཆོ་ལྡེམ་དྲུག་དང་། །རྒྱལ་ཁམས་སོ་སོའི་སྒྲ་སྐད་ཀུན་ལ་མཁས་པ་ཕུལ་བྱུང་ལོ་ཙཱ་བ། །རྒྱལ་སྲས་མཚུངས་མེད་འཛམ་གླིང་མཁས་པའི་རྒྱན་དྲུག་མཚན་སྙན་གྲགས་དཀར་ཅན། །རྒྱལ་བསྟན་འཁོར་ལོ་གསུམ་གྱིས་སྤེལ་མཛད་ཀུན་ལ་དང་བའི་མེ་ཏོག་འཐོར། །ཞང་བོད་སྐད་གཉིས་སྨྲ་བའི་ཟླ་བ་ཞང་བོད་མཁས་པ་མི་བཞི་དང་། །དྲན་པ་ཙམ་གྱིས་འཁོར་བའི་འཇིགས་སྐྱོབས་དྲན་པ་བླ་ཆེན་ཡབ་སྲས་གསུམ། །གཡུང་དྲུང་བོན་གྱི་མངའ་བདག་མཆོག་གྱུར་གཡུང་དྲུང་སྐུ་བརྙེས་སྔ་དར་གྱི། །གྲུབ་ཆེན་རིག་འཛིན་མཁའ་འགྲོའི་ཚོགས་བཅས་གྲུབ་ཆེན་བརྒྱ་རྩ་ཕྱག་གི་ཡུལ། །བསྟན་པ་རིན་ཆེན་ལས་དུས་རྐྱེན་གྱིས་གཡའ་གངས་གཏེར་ལ་གཟིམས་པའི་ཚེ། །བསྟན་འགྲོའི་དོན་ལ་ཐུགས་བསྐྱེད་རླབས་ཆེན་བྱང་ཆུབ་སེམས་ཀྱི་གཞན་དབང་ཅན། །ཟབ་གསང་གཏེར་གྱི་སྒོ་བརྒྱ་འབྱེད་ཕྱིར་སྤྲུལ་པའི་ཟློས་གར་སླར་ཡང་བསྒྱུར། །ཟབ་མོའི་གཏེར་སྟོན་གཤེན་གྱེར་རྨ་དབྱིལ་སོཊ་ཀྱི་བཀའ་དྲིན་བསམ་ཞིང་དྲན། །སྲོལ་འཛིན་བྲུ་ཆེན་ནམ་མཁའ་གཡུང་དྲུང་དང་། །ཞུ་ཡས་ལེགས་དང་སྤ་སྟོན་དཔལ་མཆོག་རྒྱལ། །རྨེའུ་ལྷ་རི་གཉེན་སོགས་ཕྱི་དར་གྱི། །གྲྭ་ས་ཡ་བཞིའི་བདག་ཉིད་ཆེ་རྣམས་བསྟོད། །གཙང་གི་བ་གོར་ལྷུན་གྲུབ་དབེན་ས་ཁ། །ཐུགས་སྨོན་ལས་བསྐྲུན་གཡུང་དྲུང་བླ་མ་སོགས། །མཁས་གྲུབ་གཉིས་འཛོམས་བསྟན་དང་འགྲོ་བའི་མགོན། །གཡས་རུ་གཙང་གི་སྟོན་པ་བཅོ་བརྒྱད་བསྔགས། །ངུར་སྨྲིག་མཚམས་སྤྲིན་སར་བའི་འཇོ་སྒེག་གིས། །རྣམ་པར་མཛེས་པ་རྨད་བྱུང་འདུལ་བའི་སྡེ། །འཛིན་མཁས་རྒྱལ་བ་མཉམ་མེད་ཆེན་པོ་དང་། །མཁན་རབས་གསེར་རིའི་ཕྲེང་བར་གུས་པས་འདུལ། །གཤེན་བསྟན༷་ཕུན་ཚོགས་བཅུ་རིག་བ་གམ་ན། །བརྒྱུད་འཛི༷ན་རྒྱ་མཚོའི་མགོན་དུ་དབ༷ང་འབྱོར་ཞིང་། །མཚན་སྙན་གྲགས༷་པ་དཀར་པོའི་དོ་ཤལ་གྱིས། །ཕྱོགས་ཀྱི་འཁོར་ལོ་མཛེས་པའི་དཔལ་ལ་གུས། །ནམ༷་ཡང་བརྩེ་བའི་ཉི་མ་འོད་པོ་ཆེ། །མཁ༷འ་ལྟར་དག་པའི་ཐུགས་ལ་མངོན་ཤར་བས། །ཚུལ༷་བཞིན་གདུལ་བྱ་ཐེག་ཆེན་ལ་བཀྲི་བའི། །ཁྲིམ༷ས་ལྡན་ཡོངས་འཛིན་སྤྱི་བོའི་རྒྱན་དུ་མཆོད། །གནའ་དུས་ལྷུན་གྲུབ་དབེན་ས་ཁར། །བཤད་སྒྲུབ་འཁོར་ལོ་གསུམ་གྱི་གདུགས། །འཁྱིར་བའི་གྲིབ་བསིལ་སྣུམ་པོ་ལ། །ཕྱོགས་ཀྱི་སྐལ་བཟང་སྤྲིན་བཞིན་འདུས། །དེ་ཚེ་གཡས་རུ་གཙང་རྒྱུད་དུ། །བསླབ་གསུམ་མཚར་སྡུག་ཕྱོགས་རྫོགས་པའི། །གུར་གུམ་ཚལ་བཞིན་སྡོམ་བརྩོན་གྱིས། །ནོར་འཛིན་དགའ་མ་དོག་པོར་བྱས། །དེ་ལྟའི་ངོ་མཚར་གཏམ་གྱི་ཟེགས་མ་རེ། །རིས་མེད་སྐལ་བཟང་རྣ་བར་སོན་མ་ཐག །དག་སྣང་བློ་ཡིས་བག་ཆགས་བཟང་པོ་ཞིག །འཇོག་སླད་གདན་རབས་མདོར་བསྡུས་ཁོ་བོས་བྲི། །
ཞེས་བརྗོད་དེ་གངས་ཅན་གྱི་ཡུལ་འདིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་གནམ་བསྐོས་ཐོག་མ་གཉའ་ཁྲིའི་དུས་སུ་རྒྱུའི་བོན་ཤེས་པ་བཅུ་གཉིས་དར་བ་ནས་བཟུང་མུ་ཁྲིའི་རིང་ལ་འབྲས་བུའི་བོན་གསང་སྔགས་སྤྱི་སྤུངས་སྐོར་གསུམ་སོགས་དར་བ་ལ་བསྟན་པ་སྔ་དར་ཟེར། བར་དུ་གྲི་གུམ་བཙན་པོའི་རིང་བསྣུབས་ནས་རྒྱལ་སྲས་སྤུ་ལྡེ་གུང་རྒྱལ་རིང་དར་བ་ལ་བསྟན་པ་བར་དར་ཟེར་བའང་སྣང་། དེ་ནས་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་བསྣུབས་པ་ཕྱིས་སུ་སྤྲུལ་པའི་གཏེར་སྟོན་གཤེན་གྱེར་རྨ་དབྱིལ་སོགས་ཀྱིས། ཟབ་མོ་གཏེར་གྱི་དངོས་གྲུབ་བསྙེམས་ནས་སྤེལ་བ་ནི་བསྟན་པ་ཕྱི་དར་ཟེར་བ་ཡིན། དེ་ལྟར་གངས་ཅན་གྱི་ཡུལ་འདིར་གཡུང་དྲུང་གི་བོན་བསྟན་འཕེལ་འགྲིབ་ཡང་ཡང་བྱུང་ཚུལ་ལ་གཞིགས་པ་ཞིབ་མོ་རང་བགྱིས་ན། བསྟན་པ་འདི་ཉིད་གནམ་བསྐོས་ཐོག་མའི་རིང་ནས་བཟུང་སྟེ་རྒྱལ་སྲིད་དང་འབྲེལ་བ་དམ་ཟབ་ཏུ་གྱུར་པ་ཞིག་ཡིན་པ་མ་ཟད། བོད་རང་གི་རྩ་བའི་ཤེས་རིག་འགངས་ཆེན་ཞིག་ཡིན་པ་ང་ཚོས་ཤེས་རྟོགས་ནུས་ནའང་། རེ་ཞིག་བཞག་ནས་སྐབས་བབ་ཀྱི་བརྗོད་བྱར་འཇུག་པ་སྟེ། རིག་འཛིན་བླ་མའི་བརྒྱུད་བསྐང་ནོར་བུའི་ཕྲེང་བ་ལས། གཤེན་གྱེར་རྨ་དབྱིལ་བྲུ་ཞུ་སྤ་རྨེའུ་དང་། །ཞེས་པའི་གཤེན་ནི་བླ་མ་གཤེན་ཆེན་ཀླུ་དགའ་སྟེ་སྟོང་རྒྱུང་མཐུ་ཆེན་གྱི་སྤྲུལ་པ་ཉིད་དུ་ལུང་གིས་བསྔགས་ལ། དམུ་གཤེན་དཔལ་མགོན་གྱི་སྲས་སུ་རབ་བྱུང་ཡར་སྔོན་གྱི་མེ་སྤྲེལ(སྤྱི་ལོ༩༩༥)ལ་སྐུ་འཁྲུངས། དགུང་ལོ་ཉེར་གཉིས་བཞེས་པའི་མེ་སྦྲུལ་ལོ་དགུན་འབྲིང་ཟླ་བའི་ཚེས་ཉེར་བཞི་ཁྲ་ཡི་གདུགས་ལ་འབྲིག་མཚམས་མཐའ་དཀར་གྱི་བྲག་ནས་སྲིད་པའི་མཛོད་ཕུག་ཆེན་མོ་སོགས་ཀྱི་གཏེར་བཏོན་ནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་ཕྱི་དར་གྱི་དབུ་བརྙེས། རྗེ་ཉིད་ཀྱི་གཏེར་བོན་ཡོངས་རྫོགས་ཀྱི་དབང་ལུང་རྗེས་གནང་དང་བཅས་པ། རྗེས་འཇུག་བུ་ཆེན་རྣམ་བཞི་སྟེ། མཚན་ཉིད་བཀའ་བབ་བྲུ་ཆེན་ནམ་མཁའ་གཡུང་དྲུང་དང་། སེམས་ཕྱོགས་བཀའ་བབ་ཞུ་ཡས་ལེགས་པོ། ཁམས་འབུམ་བཀའ་བབ་ཅོག་ལ་གཡུ་སྐྱིད། གསང་སྔགས་ཀྱི་བཀའ་བབ་སྤ་སྟོན་དཔལ་མཆོག་རྒྱལ་བ། གཞན་ཡང་རྒྱལ་མཚན་བཞི་ལ་སོགས་པའི་འཁོར་ལ་སོ་སོར་གནང་ནས་དགུང་ལོ་བཞི་བཅུ་བ་སྟེ་རབ་བྱུང་དང་པོའི་ཤིང་ཕག(༡༠༣༥)ལ་དབྱིངས་སུ་གཤེགས་ཚུལ་བསྟན། (སྐལ་བཟང་མགྲིན་རྒྱན་ལས། དེ་ལྟར་བླ་མ་གཤེན་ཆེན་ཀླུ་དགའ་ཉིད། །མེ་སྤྲེལ་ལོར་འཁྲུངས་ཞེ་གསུམ་སྟག(༡༠༣༨)ལོར་གཤེགས། ཞེས་སུའང་གསུངས་པས་དཔྱད་འཚལ) གྱེར་ནི་གཏེར་སྟོན་གྱེར་མི་ཉི་མ་འོད་ཟེར་ཡིན། རྨ་ནི་བླ་མ་རྨ་སྟོན་སྲིད་འཛིན་ཡིན། དབྱིལ་ནི་དབྱིལ་སྟོན་དཔོན་གསས་ཁྱུང་རྒོད་རྩལ་ཡིན་ཞིང་། འདི་དག་ཀྱང་སྤྲུལ་པའི་གཏེར་སྟོན་ཆེན་པོ་སྟེ་རེ་རེའི་རྣམ་ཐར་འདོད་ན་གཞན་དུ་གཟིགས། དེ་ལ་བརྒྱུད་འཛིན་བྲུ་ཞུ་སྤ་རྨེའུ་ཞེས་པའི་བྲུ་ནི་བྲུ་ཆེན་ནམ་མཁའ་གཡུང་དྲུང་ཡིན་ལ། ཞུ་ནི་རྒྱལ་སྲས་ཞུ་ཡས་ལེགས་པོ། སྤ་ནི་སྤ་སྟོན་དཔལ་མཆོག་རྒྱལ་བ། རྨེའུ་ནི་རྨེའུ་སྟོན་ལྷ་རི་གཉེན་པོ་ཡིན་ཏེ་ཕྱི་མ་འདི་གསུམ་གྱི་རྣམ་པར་ཐར་པའང་གཞན་ལས་ཤེས་པར་བྱའོ། །
བྲུ་ཆེན་ནམ་མཁའ་གཡུང་དྲུང་།
དང་པོ་བྲུ་ཆེན་ནམ་མཁའ་གཡུང་དྲུང་གི་འཁྲུངས་ཡུལ་ནི། གཙང་གི་རུ་ལག་གྲོམ་པའི་ཆ། ག་ར་ངོ་མང་བྱ་བར་བྲུ་ཚང་གི་གདུང་བརྒྱུད་དུ་ཡབ་ཀྱི་མཚན་ལ་གཡུང་དྲུང་སེང་གེ་དང་། ཡུམ་གྱི་མཚན་ལ་བུ་སངས་བདེ་ལྡན་བྱ་བའི་སྲས་སུ་ཤིང་ཕོ་རྟ(སྤྱི་ལོ༩༩༤)ལ་མཚན་དཔེའི་མེ་ཏོག་བསྟན་འགྲོའི་དཔལ་དུ་བཞད་པ་ནས། སྐྱེས་བུ་དམ་པའི་རང་གཤིས་གསལ་ཞིང་། དགུང་ལོ་གསུམ་པའི་དུས་སུ་ཡིག་རྩིས་ལ་སོགས་མ་བསླབས་པར་རང་རྡོལ་དུ་མཁྱེན་ཅིང་དགུང་ལོ་བཅུ་གཅིག་གི་སྟེང་། ཡབ་མེས་ཀྱི་བོན་སྐོར་བཀའ་མ་ལ་སོགས་ཟབ་ཅིང་རྒྱ་ཆེའི་བོན་ཀུན་ཐུགས་སུ་ཆུབ་པར་མཛད། དགུང་ལོ་བཅོ་ལྔ་བཞེས་པའི་དུས་སུ་མཐའ་བཞི་འཕྲུལ་གསས་ནས་བརྒྱུད་པའི་དབལ་ཕུར་ཞུས་ནས་བསྙེན་སྒྲུབ་མཛད་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས། འབྱུང་བ་བཞི་ལ་རང་དབང་ཐོབ་སྟེ་གསང་ཆེན་གྲུབ་པའི་དབང་པོར་གྱུར། དེ་ནས་བླ་མ་གཤེན་གྱི་གཏེར་ཐོན་ཚུལ་གསན་ནས་འབྲིག་མཚམས་མཐའ་དཀར་ལ་ཕེབས། སྔོན་གྱི་ལས་འཕྲོ་སད་ཅིང་བཀའ་རྣམས་ཞུས་ཚེ་མཛོད་ཕུག་བོན་བདག་ཅེས་པའི་ལུང་ཐོབ་ནས་བློ་སྦྱངས་མཛད། དེ་ནས་ག་ར་ལ་གདན་དྲངས་ཏེ་སྲས་པོ་ཁྱུང་གི་རྒྱལ་མཚན་དང་མཇལ། བླ་མ་གཤེན་ཆེན་པོ་འདས་ཚེ་བུ་སློབ་རྣམས་འབྲིག་མཚམས་མཐའ་དཀར་དུ་འདུས་ནས་གདུང་སྦྱང་ཞུ་བའི་དུས། མཁས་བཞིའི་ཐུན་དུང་བུས་ནས་མཛོད་ཕུག་གི་འཆད་ཉན་བྱེད་པའི་སྲོལ་བཙུགས། གཤེན་གྱི་ཇོ་མོས་བླ་མའི་ཞལ་ཆེམས་ཇི་བཞིན། བཀའ་རྟགས་ཀྱི་ཤེལ་སྐུ་རྣམ་གཉིས་དང་། ཁམས་བརྒྱད་དང་འབུམ་གྱི་ཤོག་སེར། མཛོད་ཀྱི་བླ་དཔེ། མཁས་བཞིའི་ཐུན་དུང་དང་ཕྱག་གཤང་བཅས་བྲུ་ཆེན་ཉིད་ལ་ཕུལ། སླར་གཡས་རུ་ལ་བྱོན་ཏེ་སྲིན་པོ་རིའི་གཞི་བདག་བཙན་དམར་ཡམ་ཤུད་དམ་ལ་བཏགས། དེ་དུས་རོང་པ་མགར་སྟོན་ཡབ་སྲས་ཀྱིས། ཁུ་ཚའི་དབལ་ཕུར་སྡེ་སྐོར་དོན་གསུམ་དང་། དྲན་པའི་ཕྱག་ཕུར། ཁྲོ་བོ་འབྲུག་གསས་ཀྱི་སྐུ། མཐིང་ཕུར་ཆེན་མོ། ཁྲ་གསས་དང་མེ་གསས་ཀྱི་སྐུ་སོགས་རྟེན་གསུམ་དུ་མ་རྗེ་བཙུན་འདི་ལ་གཉེར་གཏད་བྱས།
རྗེས་འཇུག་གི་ཞལ་སློབ་ལ་གཉིས་ཏེ། དང་པོ་གསུང་ལས་སྐྱེས་པའི་སྲས་ནི། ཟིང་པ་གསས་བུ་དང་མེ་སྟོན་རྒྱལ་མཚན། ཤུ་ཀེ་ནམ་མཁའ་གཡུང་དྲུང་སོགས་མདོ་དབུས་གཙང་གསུམ་ན་མཁས་དང་གྲུབ་པའི་སྐྱེས་ཆེན་ཤིན་ཏུ་མང་བ་དང་། གཉིས་པ་གདུང་སྲས་ནི། སྔ་ལྕམ་ར་ཤག་བཟའ་ལ་སྲས་ཁྱུང་གི་རྒྱལ་མཚན་དང་། ཕྱིས་ལྕམ་གནམ་ཁའུ་མ་ལ་སྲས་པདྨ་རྒྱལ་མཚན་དང་རིན་ཆེན་རྒྱལ་མཚན། ཤེས་རབ་རྒྱལ་མཚན་གསུམ་འཁྲུངས་པ་རྣམས་སྐུ་གསུང་ཐུགས་ཀྱི་སྲས་བཞིར་བྱིན་གྱིས་བརླབས་ནས་བསྟན་པ་དང་འགྲོ་དོན་སྐྱོང་ཚུལ་གྱི་ལུང་བསྟན། སྤྱིར་ན་བླ་མ་འདི་བ་སྔགས་ཀྱི་གྲུབ་ཐོབ་ཡིན་ཏེ། ལྷ་སྲིན་བྲན་དུ་འཁོལ་བ་དང་། རྫུ་འཕྲུལ་རྩལ་གྱིས་རྔ་ལ་ཆིབས་ཤིང་བར་སྣང་དུ་འཕུར་ནས་སྲིན་པོ་རི་ལ་བསྐོར་བ་མཛད་པ། ཡི་དམ་ལྷའི་ཞལ་ཁུམས་པ། རྟེན་ཕུར་བཞད་ཅིང་ཕོ་བྲང་ལ་བསྐོར་བ་བརྒྱབ་པ་ལ་སོགས་གྲུབ་པའི་རྟགས་མཚན་བསམ་ལས་འདས་སོ། །དེ་ལྟར་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་པ་དང་། ཟབ་མོ་སྔགས་ཀྱི་ཉམས་ལེན་རྩེ་གཅིག་གིས་སྐུ་ཚེ་བསྒྲིལ་བའི་མཐར་དགུང་ལོ་རེ་གཅིག་པ་ཤིང་ཕོ་རྟའི་ལོ་(བླ་མ་འདི་བ་དགུང་ལོ་ང་ལྔ་བའི་ས་བྱི་སྤྱི་ལོ༡༠༤༨ལ་འདས་ཟེར་བ་དང་། དགུང་ལོ་རེ་གཅིག་པའི་ཤིང་རྟ་སྤྱི་ལོ༡༠༥༤ལ་འདས་ཟེར་བ་གཉིས་སྣང་བས་དཔྱད་འཚལ)ལ་གཟུགས་སྐུའི་བཀོད་པ་བོན་ཉིད་ཀྱི་དབྱིངས་སུ་བསྡུས་པ་ལགས་སོ། །
བྲུ་ཤ་ཁྱུང་གི་རྒྱལ་མཚན།
བྲུ་སྟོན་ཆེན་པོ་ཁྱུང་གི་རྒྱལ་མཚན་ནི། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱི་ཐུགས་སྤྲུལ་དུ་ལུང་གིས་བསྔགས་པ་སྟེ། སྟོང་རྒྱུང་ཐུགས་ཀྱི་སྤྲུལ་པ་ལ། །བྲུ་སྟོན་ཁྱུང་གི་མཚན་ཅན་འབྱུང་། །བསྟན་པ་ཉི་མ་ཕྱོགས་བཞིར་རྒྱས། །བཀའ་བཤད་བོན་གྱི་འགྲོ་དོན་མཛད། །ཅེས་གསུངས་པའི་འཁྲུངས་ཡུལ་ནི། གཡས་རུ་གཙང་གི་རུ་ལག་གྲོམ་པའི་ཆར། ག་ར་ངོ་མང་དུ་བྲུ་ཚང་གི་གདུང་བརྒྱུད་ལ་ཡབ་བྲུ་ཆེན་ནམ་མཁའ་གཡུང་དྲུང་དང་ཡུམ་ར་ཤག་བཟའ་གཉིས་ཀྱི་སྲས་སུ(?)འཁྲུངས་ཤིང་། བླ་མ་གཤེན་ཆེན་པོའི་བུ་སློབ་རྒྱལ་མཚན་ཐོབ་པ་བཞིའི་ནང་གི་གཅིག་འདི་བ་ཡིན། སྐུ་ན་ཕྲ་བའི་དུས་ནས་མཚན་ཉིད་དང་གསང་སྔགས། སེམས་ཕྱོགས་སོགས་བཀའ་ལུང་རབ་འབྱམས་ལ་ཐུགས་སྦྱོང་མཛད། ཡབ་ལས་གསང་སྔགས་ཀྱི་བོན་སྐོར་ཁྲོ་བོ་དང་ཕུར་བའི་དབང་གདམས་ཞུས་ཤིང་བོན་སྒོ་རབ་འབྱམས་ཀྱི་ཁྲིད་ལུང་མནོས། དབུ་མ་དང་ཚད་མ། ཕར་ཕྱིན་སོགས་གསན་ཅིང་སྲིད་པའི་མཛོད་ཕུག་ཆེན་མོ་དང་བྱང་གཏེར་གབ་པ་དགུ་སྐོར། ཁྲོ་བོ་དབང་ཆེན་གྱི་རྒྱུད་གཞུང་། སྐུ་གདུང་རྒྱས་པ། གསུང་རབ་བཀའ་བཤད། སེམས་སྨད་སྡེ་དགུ་རྣམས་ལ་འགྲེལ་བཤད་མཛད། ག་ར་ངོ་མང་དུ་གསས་ཁང་བཞེངས་ནས་གཡས་རུ་གཙང་རྒྱུད་ལ་བོན་གྱི་འཁོར་ལོ་བསྐོར་ཏེ་སྙན་པའི་གྲགས་དཀར་ཕྱོགས་མེད་དུ་ཁྱབ། ག་ར་བོན་གནས་དང་ཆས་མ་བྲག་སྨུག དུང་གདོང་བྲག་རིང་། ཤངས་རྫོངས་རྣམས་སུ་སྒྲུབ་གྲྭ་བཙུགས་ནས་གབ་པ་དང་རིག་པ་ཁུ་བྱུག་གི་བཤད་ཁྲིད་གནང་། དེ་ནས་མངའ་རིས་སྟོད་དུ་གདན་དྲངས་ཏེ་སེ་རིབ་རྒྱལ་པོ་དང་ཤང་བའི་རྒྱལ་པོ། སྤུ་རང་རྒྱལ་པོ་རྣམས་ཀྱི་དབུ་བླ་མཛད་ནས་ཡ་ངལ་དང་རུ་ཐོག གུ་རིབ་ལ་སོགས་པའི་བུ་སློབ་མང་པོ་སྨིན་གྲོལ་གྱི་ལམ་ལ་བཀོད། ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་བཞེངས་ནས་གབ་པ་དང་མཛོད། ཞི་བ། ཁྲོ་བོ། ཕུར་བ་སོགས་ཀྱི་བཤད་རྒྱུན་དང་སྒྲུབ་པའི་སྲོལ་བཙུགས།
སློབ་མ་ལ། གཤེན་སྟོན་དམ་པ་རྒྱལ་ཚབ་དང་ཡ་ངལ་ཚར་བཞད། གཤོང་སྟོན་དངོས་གྲུབ། ཟིང་པ་གསས་བུ། མེ་སྟོན་བདུད་རྩི། མེ་ནང་ཇོ་གཟུང་། རྒྱ་སྟོན་ཁྲི་པ། བྲག་གསུམ་སྟོན་པ། ཤངས་སྟོན་བྱ་རུ་བ། མངའ་ཆེན་སྟོན་རྒོད་ལ་སོགས་དབུས་གཙང་བ་དང་། ཡ་ངལ། རུ་ཐོག སྐྱོ་སྟོན་ནར་མ་སོགས་མངའ་རིས་པ་དང་། མདོ་ཁམས་ནའང་གཞན་དོན་ནུས་པའི་སློབ་མ་མང་ངོ་། །དེ་ལྟར་བསྟན་པ་དང་འགྲོ་དོན་ཟིན་པའི་མཐར་དགུང་ལོ་བདུན་ཅུའི་སྟེང་། གཡས་རུ་གཙང་གི་ག་རའི་གནས་སུ་དཔའ་བོ་མཁའ་འགྲོས་མདུན་བསུས་ཏེ་སྒྲ་འོད་ཟེར་དང་བཅས་ནས་དབྱིངས་སུ་གཤེགས་ཚུལ་བསྟན། གདུང་ལས་ཀུན་བཟང་གཤེན་ལྷའི་སྐུ་དང་། གཙོ་མཆོག་ཡབ་ཡུམ་གྱི་སྐུ། ཡུམ་ཆེན་ཐུགས་རྗེ་བྱམས་མའི་སྐུ། རིང་བསྲེལ་དང་ཤ་རི་རམ་དུ་མ་ཕྱི་རབས་འགྲོ་བའི་རྟེན་དུ་བྱོན་པ་ལགས་སོ། །དེ་ནི་རྒྱལ་རིགས་བྲུ་ཡི་གདན་ས་ཆེན་མོ་གཡས་རུ་དབེན་ས་མ་བཏབ་གོང་གི་བླ་མ་བྲུ༷་ཆེན༷་ཡ༷བ་སྲ༷ས་ཀྱི་རྣམ་ཐར་ཟུར་ཙམ་མོ། །ད་ནི་གདན་ས་བཏབ་ཚུལ་དང་མཁན་རབས་ཀྱི་རྣམ་ཐར་མདོར་བསྡུས་སུ་འཆད་པར་བྱ་སྟེ།
བྲུ་རྗེ་བཙུན་གཡུང་དྲུང་བླ་མ།
གོང་གི་བྲུ༷་རྗེ༷་ཁུ༷་དབོ༷ན་ཞེས་པའི། བྲུ་རྗེ་ནི། བྲུ་ཤ་རྗེ་བཙུན་གཡུང་དྲུང་བླ་མ་ཡིན་ཞིང་འཁྲུངས་ཡུལ། གཡས་རུའི་སྨོན་དཀར་དགེ་ལྡིང་བྱ་བར། བྲུ་ཤ་པདྨ་རྒྱལ་གྱི་སྲས་སུ་རབ་བྱུང་དང་པོའི་ལྕགས་འབྲུག་(སྤྱི་ལོ༡༠༤༠)ལ་ངོ་མཚར་གྱི་ལྟས་བཟང་དུ་མས་མདུན་བསུས་ཏེ་སྐུ་འཁྲུངས། ཆུང་ངུའི་དུས་ནས་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་བརླན་ཅིང་དད་བརྩོན་དང་ཤེས་རབ་འཛོམས་པས། གཉོས་ཀྱི་མཁས་པ་ཆེན་པོ་ལག་དྲུག་ལས་རབ་ཏུ་བྱུང་ནས་མཚན་ལ་གཡུང་དྲུང་བླ་མར་གསོལ། དེ་ནས་ལྷ་རྗེ་རྒྱལ་མཚན་རིན་པོ་ཆེའི་དྲུང་ནས། ཕྱི་མཚན་ཉིད་གཞུང་ལ་ཐོས་བསམ་གྱི་སྒྲོ་འདོགས་ལེགས་པར་བཅད། ནང་གསང་སྔགས་རིམ་པ་གཉིས་ཀྱི་ཉམས་ལེན་མཐར་སོན་པའི་ཕྱིར་དུ་བྲག་སྨུག་ག་ར་སོགས་ཀྱི་དབེན་གནས་འགྲིམས། རྗེ་ཉིད་ཀྱི་ཁུ་བོ་དང་བཅས་ཏེ་སྐྱིད་མཁར་དུ་བྱོན་ནས་ཞུ་ཡས་སྐྱེ་སེ་ཆེན་པོ་བླ་མར་བསྟེན། གབ་པ་དང་སེམས་ཕྲན། འདུལ་བ་རྒྱུད་དྲུག་སོགས་ལ་གསན་སྦྱངས་ཕུ་ཐག་ཆོད་པར་མཛད། དེ་ནས་སུམ་སྟོན་ཚུལ་ཁྲིམས་བླ་མ་ཆེན་པོའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་བསྲུང་ཁྲིམས་མིག་གི་འབྲས་བཞིན་གཅེས། ཉང་སྟོད་དུ་ཕེབས་ནས་དབུ་མ་དང་ཚད་མ་སོགས་སྦྱངས་ཤིང་། མཁས་པ་དང་གྲུབ་པའི་གོ་འཕང་མཐོན་པོར་མངའ་དབང་བསྒྱུར་ནས་སྙན་པ་དོན་དང་བཅས་པའི་གདུགས་དཀར་སྲིད་གསུམ་གྱི་བླ་ན་གཡོ་བཞིན། སའི་རྡུལ་དང་མཉམ་པའི་འགྲོ་བ་སྨིན་གྲོལ་ལ་འགོད་པའི་ཕྱིར་དང་། བྲུ་ཆེན་པོ་ནམ་མཁའ་གཡུང་དྲུང་གི་ཐུགས་བཀོད་དང་དུ་བླངས་ནས་འདུས་སྡེ་ཆེན་པོ་གཡས་རུ་དབེན་ས་བཏབས་པ་སྟེ། སྦ་སར་པཎྚི་ཏ་ཀུན་བཟང་རྒྱལ་མཚན་གྱི་གསུང་ལས། གཡས་རུ་གཙང་སྨད་ལང་གྲོའི་ས་ཆ་རུ། །རྗེ་བཙུན་ཁྲོ་ཚང་འབྲུག་ལྷས་ས་འདུལ་གནང་། །བྲུ་ཆེན་ནམ་མཁའ་གཡུང་དྲུང་ཐུགས་བཀོད་བཞིན། །བྲུ་རྗེ་བདག་ཉིད་གཡུང་དྲུང་བླ་མ་ཡིས། །བོན་གྱི་འདུས་སྡེ་ཆེན་པོ་གསར་དུ་བཏབས། །གཡས་རུ་དབེན་ས་ཁ་ཞེས་མིང་དུ་ཆགས། །སྐལ་བཟང་སྐྱེས་བུའི་འདུ་བ་སྤྲིན་ལྟར་འཚོགས། །དགེ་འདུན་བདུན་སྟོང་ཙམ་རེ་འཚོགས་པ་ལ། །གབ་མཛོད་ས་གསུམ་དབུ་ཚད་རྒྱན་ལ་སོགས། །འཆད་དང་ཉན་དང་རྩོད་དང་རྩོམ་པ་ཡི། །བོན་གྱི་བསྟན་པ་སྤེལ་ཞིང་ག་དར་བྱས། །བྲུ་ཡི་གདུང་རབས་བླ་མ་རིམ་བྱོན་གྱིས། །བསྟན་པའི་ཁུར་ལེན་མཛད་ནས་སྐྱོང་བའི་སྐབས། །ཞེས་གསུངས་པ་ལྟར། རབ་བྱུང་དང་པོའི་ཆུ་ཕོ་བྱི་བ་སྟེ་རྗེ་བཙུན་འདི་བ་དགུང་ལོ་སོ་གསུམ་པ་(སྤྱི་ལོ༡༠༧༢)ལ་དབེན་ས་ཁའི་ཀླུ་མོ་དུང་སྐྱོང་མས་དགོན་ས་ཕུལ་ཞིང་། རྗེ་བཙུན་ཁྲོ་ཚང་འབྲུག་ལྷས་ས་འདུལ་གནང་(འདི་སྐབས་རྗེ་འབྲུག་དགུང་ལོ་བརྒྱ་དང་བཅོ་ལྔ་ཡིན་ཏེ། སྤྱིར་དགུང་ལོ་བརྒྱ་དང་ཉེར་གཅིག་ལ་བཞུགས)ནས། ལྷུན་གྲུབ་དབེན་ས་ཁའི་དགོན་སྡེ་གསར་དུ་བཏབས། གདན་ས་འདི་བྲུ་ཡི་གདུང་རྒྱུད་བླ་མ་རིམ་བྱོན་གྱི་སྐུ་རིང་ལ་དར་རྒྱས་ཆེན་པོ་བྱུང་སྟེ་འཚོགས་དུང་ཕྱོགས་བཞི་ནས་གཏོང་དགོས་པའི་ངག་རྒྱུན་ཡོད་ལ། གོང་ནའང་། དགེ་འདུན་བདུན་སྟོང་ཙམ་རེ་འཚོགས་པ་ལ། །ཞེས་པས་སོ། །གཞན་ཡང་འདུལ་ལུང་ལས། ལི་ཕྱོ་ཧ་རའི་སྤྲུལ་པ་ལ། །བྲུ་ཡི་གདུང་ལས་རྗེ་ཡི་མཚན། །སུམ་པ་དག་ལས་ལུང་བླང་ནས། །མཁས་པས་བསྟན་པ་སྤེལ་བར་བྱེད། །ཅེས་དང་། རིག་འཛིན་ཁ་བྱང་ལས། སྣང་བ་མདོག་ཅན་སྤྲུལ་པ་ལ། །བྲུ་ཤ་རྗེ་བཙུན་བྱ་སོགས་ནས། །འབུམ་ཚོ་བཅུ་གཉིས་འགྲོ་བ་འདྲེན། །ཞེས་སོགས་གསུངས་སོ། །དེ་ལྟར་བསྟན་པའི་གནས་གཞི་འདུས་སྡེ་གསར་དུ་བཏབས་ནས་བླ་མའི་བཀའ་བཞིན་དུ་རྒྱལ་བའི་བསྟན་པ་བསྐྱངས། ཉ་མོ་བོན་གནས་དང་སྲིན་པོ་རི་སོགས་ལ་བྱང་སེམས་གབ་པ་དང་སྲིད་པའི་མཛོད་ཕུག འདུལ་བ་རྒྱུད་དྲུག སེམས་སྡེའི་སྐོར་གྱི་འཆད་ཉན་སྤེལ། གཉན་ཐང་ཤེས་རབ་རྡོ་རྗེའི་བོན་གཏེར་གྱི་བདག་པོ་མཛད་ཅིང་། དྲང་རྗེ་བཙུན་པའི་གཏེར་བོན་མདོ་བཞི་དང་གཟེར་མིག་ལ་སོགས་པ་མར་བ་སྟག་ལ་དབང་གིས་ཁོང་ལ་ཕུལ། དེ་ནས་དབེན་ས་ཁར་བཞུགས་ནས་རྒྱུད་སྡེ་མང་པོར་འགྲེལ་བཤད་མཛད་ཅིང་གཙུག་ལག་ཁང་བཞེངས་ཏེ། བྲུ་ཆེན་ཡབ་སྲས་ཀྱི་བླ་འབུམ་དཔེར་བླངས་ནས་འབུམ་རྒྱས་འབྲིང་བསྡུས་གསུམ་གསེར་གྱིས་བཞེངས། རྗེ་འབྲུག་ཆེན་པོ་གདན་དྲངས་ནས་རྟེན་དང་བརྟེན་པ་ཀུན་ལ་མངའ་དབུལ་དང་དགྱེས་སྟོན་རྒྱ་ཆེར་མཛད།
ཞལ་སློབ་མཆོག་གྱུར་ནི། ཡང་སྟོན་ཆེན་པོ་སོགས་རབ་བྱུང་གི་རིགས་དང་། སྔགས་སེམས་འཛིན་པ་བྲུ་སྟོན་མཚུངས་མེད་ཟླ་བ་རྒྱལ་མཚན་དང་། བླ་སྟོན་མུ་ཐུར། དག་པ་ས་སྟོན། རྐོང་པོ་ལེགས་པ། ཡ་ངལ་ཐུན་ཐུང་། བྲག་གསུམ་སྒོམ་རིན། ཞང་ཞུང་གེ་ཁོད་སྐྱབས། ཏྲེ་ཡི་གཉན་སྟོན། ཤང་གི་བྲུ་སྟོན་ཤེས་རབ་ལྡན། སུམ་སྟོན་ཡོན་ཏན་འོད་ཟེར། རྒྱ་སྟོན་ཉི་མ་རྒྱལ་མཚན། ཞུ་སྟོན་ལྷ་སྲས། ཟིང་པ་ཚུལ་ཁྲིམས། གཡོར་པོའི་འཁོར་སྟོན། པན་གྱི་སྟོན་པ་རྒྱལ་མཚན། ཁོང་ལམ་གྱི་སྐྱེ་སྟོན། ལང་གྲོའི་ཞུ་ཁྲི་འཕན་དང་བཅས་སྟོན་ཆེན་བཅོ་བརྒྱད་དང་། གཞན་ཡང་བླ་མ་འདིའི་ཞབས་བཏུད་ཀྱི་སློབ་མ་མང་སྟེ། དབུས་གཙང་རུ་བཞི། མདོ་ཁམས་ཆུ་བཞི་སྒང་དྲུག ཤར་ཕྱོགས་རྒྱ་མོ་དར་ཐག་ཡན། བྱང་གི་ལི་བུ་སྒང་རིང་འཇག་བསྐྱེད་ཚུན། ནུབ་ཀྱི་ཁ་ཆེ་རྡོ་ལས་བཟོ་བྱེད་ཕྱིན། ལྷོ་མོན་སྨུག་མའི་ཕུབ་འཁུར་ཚུན་ཆད། དག་པོ་དང་རྐོང་པོ། སྤུ་བོ། བལ་བོ། ཞང་ཞུང་། གུ་གེ སེ་རིབ། རྐང་ཕྲན། སྦལ་ཏེའུ། ལ་དྭགས་དང་རྒྱ་གར་བཅས་ལ་བོན་བཤད་མཛད་མཐར་སྐུ་ལ་བསྙུན་མེད་པར་དབུ་མའི་དོན་རྟོགས་ནས་འབྱུང་བཞི་ཟིལ་གྱིས་མནན། ལྷ་དང་སེམས་དཔས་མདུན་བསུས་ཏེ་མཁའ་སྤྱོད་ཀྱི་གནས་སུ་གཤེགས། རྗེས་ལ་མེ་ཏོག་གི་ཆར་བབས་ནས་འཇའ་ཚོན་གུར་དུ་འཁྲིགས། གདུང་ལས་རིང་བསྲེལ་མང་དུ་བྱུང་བ་ལགས་སོ། །
བྲུ་སྟོན་ཉི་མ་རྒྱལ་མཚན།
བྲུ་སྟོན་ཉི་མ་རྒྱལ་མཚན་ནི། བདེ་བར་གཤེགས་པའི་རྣམ་སྤྲུལ་དུ་མ་འོངས་ལུང་གིས་ཟིན་ཅིང་། གདུང་རབས་ལས། སྨྲ་བའི་སེང་གེ་ལྟ༷་བ༷འི་ཁྱུ་མཆོག་རྒྱལ། །སྒོམ༷་པ༷འི་རུས་སྦལ་སྤྱོད༷་པ༷འི་གླང་ཆེན་མཆོག །དམ༷་ཚི༷ག་གསེར་སྦྲམ་ཕྲིན༷་ལ༷ས་འཁོར་ལོ་ཆེ། །འབྲ༷ས་བུ༷་ཡི་བཞིན་ནོར་བུ་མི་མཆོག་དེ། །ཞེས་གསུངས་པ་དེ་ནི་བླ་མ་རྗེ་བཙུན་ཉིད་ཀྱི་སྐུའི་དབོན་པོ། གསུང་གི་ཞལ་སློབ་ཡང་རྩེ། ཐུགས་ཀྱི་སྲས་མཆོག་དམ་པ་ལགས་ལ། བྲུ་སྟོན་ཡེ་ཤེས་གྲུབ་པའི་སྲས་ཆུང་བ་ཡིན་ཏེ། མ་ཡི་ལུས་ལ་གནས་པའི་ཚེ། ཉི་ཟླ་ཤར་བ་དང་འཇའ་དཀྱིལ་དུ་འདུག་གནས་བཅས་ཀྱི་ལྟས་བཟང་བྱུང་བ་དང་། ལུས་ཁོང་ཡང་ཞིང་གནས་མལ་བདེ་བ་སོགས་ཡོན་ཏན་དུ་མ་མངའ་ལ། (རབ་བྱུང་དང་པོའི་ནང་)ཉི་ཤར་གྱི་དུས་སུ་འཁྲུངས་པས་མཚན་ལ་ཉི་མ་རྒྱལ་མཚན་དུ་གསོལ། ཆུང་དུས་ནས་ཞང་བོད་ཀྱི་ཡིག་རིགས་འབྲི་ཀློག་ཚེགས་ཆེར་མ་བསླབས་པར་བདེ་བླག་ཉིད་དུ་རྟོགས་པའི་མཁྱེན་དཔྱོད་མཁའ་ལྟར་ཡངས་ཤིང་། དབེན་ས་ཁར་ཕེབས་ནས་ཁུ་བོ་བྲུ་རྗེ་གཡུང་དྲུང་བླ་མའི་མདུན་ནས་ཕྱི་ནང་གསང་བའི་བོན་ལ་ཐུགས་སྦྱོང་མཛད། རྗེ་བཙུན་བྱང་པ་དང་བྲུ་རྗེ་ཟུང་གིས་མཁན་པོ་དང་སློབ་དཔོན་མཛད་པའི་དྲུང་ནས་རབ་ཏུ་བྱུང་། བཙུན་པའི་གོང་ཐོག་ཆོད་ཅིང་མཁས་པའི་སྙན་གྲགས་ཀུན་ལ་ཁྱབ། ཁྲོ་བོ་དང་ཕུར་བ་རྣམས་ལ་འགྲེལ་བཤད་མཛད། དེ་ནས་གྱེར་མི་ཉི་མ་འོད་ཟེར་གྱིས་བླ་མ་རྨ་སྟོན་ལ་གནང་བའི་བོན། ཤོག་སེར་དང་ཁ་བྱང་། མ་འོངས་ལུང་བསྟན་བྱུང་བ་རྣམས་བྲུ་རྗེས་གདན་དྲངས་ཏེ་དབེན་ས་ཁ་ནས་ཞུས་པའི་སྐོར། རྩ་རྒྱུད་གསང་བ་བསེན་ཐུབ་དང་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད། སྤྱི་སྤུངས་བསྙེན་སྒྲུབ་ཀྱི་སྐོར། མཆོང་དགུ་དང་མདེལ་ཁ། སྙན་བརྒྱུད་ཨ་གསལ་སོགས་ཀྱི་དབང་ལུང་རྗེས་གནང་དང་བཅས་པ་ཞུས་ཏེ། འཁོར་ཚོགས་སྤྲིན་ལྟར་འཐིབས་པ་ལ་བོན་གྱི་འཁོར་ལོ་བསྐོར་ནས་རྒྱལ་བ་གཤེན་བསྟན་ཉི་མ་བཞིན་དུ་ཀུན་ལ་སྤེལ། བར་དུ་བྲུ་ཡི་གདུང་རྒྱུད་ཉག་ཕྲའི་སྐབས་སུ། ལྕམ་བཞེས་ནས་བ་གོར་དང་ཁམ་ལུང་དུ་རྒྱལ་རིགས་བྲུ་ཡི་གདུང་གཞིས་ཆགས། བྲུ་ཆེན་པོ་ནམ་མཁའ་གཡུང་དྲུང་གི་གདུང་རྟེན་ཀུན་བཟང་གི་སྐུ་དང་བྲུ་རྗེ་གཡུང་དྲུང་བླ་མའི་སྐུ་གདུང་ཆེན་མོ། གསུང་རྟེན་མདོ་འབུམ་རྒྱུད་མཛོད་ཀྱི་གཞུང་འགྲེལ་དང་བླ་མ་གོང་མའི་འགྲེལ་ཊིག་ཐམས་ཅད་བཞེངས། གདན་སའི་གཙུག་ལག་ཁང་དབུ་རྩེ་ཁྲ་མོ་ཁྱམས་ཁང་དང་བཅས་པ་བཞེངས་ནས་བསྟན་པ་ཉི་མ་ཤར་བ་བཞིན་དུ་མཛད་པས། རྗེ་འདི་བ་གདན་ས་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན།
ཐུགས་སྲས་དམ་པ་ནི། གཡོར་མེ་དཔལ་གྱི་རྒྱལ་མཚན་དང་གཉོས་ཀྱི་མཁས་པ་ཚུལ་ཁྲིམས་རྒྱལ་མཚན། དམ་པ་འབུམ་རྗེ། ཀླུ་བྲག་སྐུ་མཆེད་སོགས་མདོ་ཁམས་དང་དབུས་གཙང་ན་རྒྱུ་སྐར་གྱི་གྲངས་ལ་འགྲན་པར་བྱུང་ངོ་། །དེ་ལྟར་སྐུ་ཚེ་ཧྲིལ་བོར་འཁོར་ལོ་གསུམ་གྱི་ལེགས་མཛད་ཤ་སྟག་གིས་བསྟན་པ་དང་འགྲོ་དོན་གྲུབ་པའི་མཐར་དགུང་ལོ་བརྒྱད་ཅུ་བ་ལ་སྒྲ་འོད་ཟེར་དང་བཅས་ཏེ་མཁའ་སྤྱོད་བདེ་བ་ཆེན་པོ་ལ་གཤེགས་པ་ལགས་སོ། །
མཚན་ལྡན་གཡོར་པོ་མེ་དཔལ།
དམ་པ་དེ་ཡི་མཁན་བུ་ནི་མེ༷་གཉོས༷་རྣམ༷་གཉིས༷་ཏེ། མེ་ནི་འགྲོ་མགོན་གཡོར་པོ་མེ་དཔལ་ལམ་གཡོར་མེ་དཔལ་གྱི་རྒྱལ་མཚན་དང་། གཉོས་ནི་མཁས་པ་ཆེན་པོ་གཉོས་ཚུལ་ཁྲིམས་རྒྱལ་མཚན་ཡིན། འདིའི་མེ་དང་གཉོས་ནི་རུས་ལ་གོ་བ་སྟེ། དང་པོ་གཡོར་མེ་དཔལ་གྱི་རྒྱལ་མཚན་ནི། སྤྱིར་ཡར་མེ་བ་ཆེན་པོའི་སྐུ་སྐྱེ་ཡིན་པར་གསུངས་ཤིང་། མ་འོངས་ལུང་བསྟན་དྲན་པའི་སྐོས་ཡིག་སྒྲོན་མེ་ལས། ང་ཡིས་བྱིན་གྱིས་བརླབས་པའི་བུ། །ཡུལ་དབུས་གཡོར་པོའི་ས་ཆ་རུ། །རུས་པ་མེ་ལ་མིང་དཔལ་ཞེས། །རུ་མཚམས་མགོ་བོར་བསྟན་པ་སྤེལ། །ཞེས་གསུངས་པས། གཡོ་རུ་ལྷོ་ཁ། གཡོར་པོའི་དོལ་ཞེས་པའི་ཆར་ཡབ་ཡུམ་མཚན་དང་ལྡན་པ་ལས། རབ་བྱུང་གཉིས་པའི་ཤིང་ཕོ་སྟག་(༡༡༣༤)ལ་བཀྲ་ཤིས་པའི་དགེ་མཚན་དུ་མས་མདུན་བསུས་ཏེ་རྒྱལ་བའི་སྲས་ཀྱི་མྱུ་གུ་གསར་དུ་འབུས་པ་ནས། སྔོན་སྦྱངས་ཀྱི་ལས་འཕྲོ་སད་ཅིང་ཡི་གེ་འབྲི་ཀློག་སོགས་ཚེགས་མེད་དུ་མཁྱེན། ཆེར་བསྐྱེད་ནས་བྲུ་སྟོན་ཉི་མ་རྒྱལ་མཚན་གྱི་མདུན་དུ་གཙང་གཙུག་གི་སྡོམ་ཁྲིམས་བླངས་ནས་ཐོས་བསམ་ལ་སྒྲོ་འདོགས་ཆོད་པར་མཛད་པས། བཀའ་ལུང་རྒྱུད་སྡེ་ཀུན་ལ་མཁས་པ་ཆེན་པོར་གྱུར། དེ་ནས་གཤེན་སྟོན་ནམ་མཁའ་རྒྱལ་མཚན་གྱི་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་བཞེས་ཏེ་བསླབ་པ་ཉམས་མེད་མིག་གི་འབྲས་བཞིན་བསྲུངས། ཞང་སྟོན་དམ་པ་ཚུལ་ཁྲིམས་ཤེས་རབ་མཆོག་ལས་གདམས་པ་མང་དུ་ཞུས་ནས་ཐེག་པ་ཆེན་པོའི་དོན་ལ་རྩེ་གཅིག་གི་ཉམས་ལེན་བསྐྱངས། གཤེན་སྒོམ་ཞིག་པོའི་མདུན་ནས་རིག་པ་གཅེར་མཐོང་ངོ་སྤྲོད་ཀྱི་གདམས་པ་ཞུས། རྨ་སྟོན་སྲོལ་འཛིན་གྱི་ཞབས་ལ་གཏུགས་ནས་བྱང་གཏེར་དང་ར་མའི་བོན་སྐོར་ཨ་གསལ་སོགས་ཀྱི་དབང་ལུང་ཁྲིད་གདམས་དང་བཅས་པ་ཞུས། སྤྱིར་ནི་བ་གོར་དབེན་ས་ཁ་རུ་བཞུགས་ཤིང་དབུས་རི་ནག་པོ་དང་ཡར་ལྷ་ཤམ་པོ་སོགས་ཀྱི་དབེན་གནས་རྣམས་སུ། རྩེ་གཅིག་སྒོམ་སྒྲུབ་ལ་འབད་པས་རིག་པ་མངོན་དུ་གྱུར་ནས་སངས་རྒྱས་ཀྱི་རང་ས་ཟིན། བུམ་ཆུ་རང་ཁོལ་དུ་སོང་བ་དང་ལྗགས་མཆིལ་བཏབ་པས་གཞན་གྱི་ན་ཚ་ཞི་བ། ཡི་དམ་ལྷའི་ཞལ་གཟིགས་པ་ལ་སོགས་གྲུབ་རྟགས་དང་རྫུ་འཕྲུལ་དཔག་ཏུ་མེད་པ་མངའ་བའི་མཁས་གྲུབ་གཉིས་འཛོམས་ཀྱི་སྐྱེས་བུ་མཆོག་ཏུ་གྱུར།
ཞལ་གདམས་ནི། ལུང་མཆོག་མཚན་ཉིད་སྲིད་པའི་མཛོད་ཕུག་ཆེན་མོའི་འགྲེལ་བ་དང་། ཐེག་པ་ཆེན་པོ་ས་དང་ལམ་གྱི་འགྲེལ་བ། མན་ངག་རིན་པོ་ཆེ་ཨ་ཁྲིད་བཅས་པོད་ཆེན་གསུམ་སོགས་བསྟན་བཅོས་དུ་མ་མཛད་ནས་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་རྒྱ་ཆེར་གནང་། གངས་ཅན་སྟོད་སྨད་བར་གསུམ་ན་བསྟན་པ་དང་འགྲོ་དོན་ནུས་པའི་སློབ་མ་མང་ཞིང་། ཐུགས་ཀྱི་སྲས་མཆོག་གདམས་པའི་མཛོད་འཛིན་དུ་གྱུར་པ་ནི། འགྲོ་མགོན་འ་ཞ་བདུད་རྩི་རྒྱལ་མཚན་ཉིད་ཡིན་ནོ། །རླབས་ཆེ་བའི་མཛད་པ་འཕྲོ་ཅན་དུ་གྱུར་ནས། དགུང་ལོ་སོ་ལྔ་བ་(༡༡༦༨)ལ་སྙི་མོ་རུ་མཚམས་ནས་འཇའ་ཚོན་གྱི་སྤྲིན་གཏིབས་ཤིང་སྒྲ་འོད་ཀྱི་ཟེར་དང་བཅས་ཏེ་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་པའོ། །
གཉོས་ཚུལ་ཁྲིམས་རྒྱལ་མཚན།
གཉོས་ཀྱི་མཁས་པ་ཆེན་པོ་ཚུལ་ཁྲིམས་རྒྱལ་མཚན་ནི། མ་འོངས་ལུང་བསྟན་ལས། མཁས་པ་མུ་ཁྱུང་སྤྲུལ་པ་ནི། །མདོ་ཁམས་སྨད་དུ་སྐུ་འཁྲུངས་ནས། །བསྟན་པ་དབུས་གཙང་གཉིས་སུ་འཛིན། །གཉོས་ཀྱི་གདུང་ལ་ཚུལ་ཁྲིམས་མིང་། །དེ་ཡིས་བསྟན་པ་ཟུར་འཛིན་བྱེད། །ཅེས་གསུངས་པ་ལྟར། མདོ་ཁམས་གཡར་མོ་ཐང་ཞེས་པའི་སར་ཡབ་ཡུམ་རིགས་རུས་གཙང་མ་ལས་རབ་བྱུང་གཉིས་པའི་ཤིང་ཕོ་བྱི་བ་(སྤྱི་ལོ༡༡༤༤)ལ་བཀྲ་ཤིས་པའི་སྐྱ་རེངས་ཀྱིས་སྔོན་བསུས་ཏེམཚན་དང་དཔེ་བྱད་ཀྱི་གཟི་འོད་རབ་ཏུ་འབར་བའི་སྐུ་མཆོག་སྣང་བའི་མུ་ཁྱུད་མངོན་པར་བལྟམས་པ་ནས་བཟུང་། ཐེག་ཆེན་དམ་པའི་རིགས་སད་ཅིང་གཞན་ཕན་དང་སྙིང་རྗེ་ལྡན་པ། ཆེར་བསྐྱེད་ནས་གྲྭ་ས་གཡས་རུ་དབེན་སར་ཕེབས་ཏེ་མདོ་སྔགས་གཞུང་ལུགས་ཀུན་ལ་ཐོས་བསམ་ཕྱོགས་མེད་དུ་མཛད། བྲུ་སྟོན་ཉི་མ་རྒྱལ་མཚན་གྱི་མདུན་ནས་རྒྱུད་སྡེ་ཕྱི་ནང་གསང་བའི་ཁྲིད་རྒྱུན་དང་དབང་ལུང་མན་ངག་བཅས་གསན་ནས་མཁྱེན་རྩལ་རབ་ཏུ་རྫོགས། གཤེན་སྟོན་ནམ་མཁའི་དྲུང་དུ་དྲང་སྲོང་གི་སྡོམ་ཁྲིམས་ཉིས་བརྒྱ་ལྔ་བཅུ་བཞེས་ཤིང་སྡེ་སྣོད་ཀྱི་གཞུང་ལ་གཟིགས་བསམ་སྒྲོ་འདོགས་ཆོད་པར་མཛད། མཚན་ལྡན་གཡོར་པོ་མེ་དཔལ་གྱི་མདུན་ནས་ཟབ་རྒུའི་གདམས་པ་མང་དུ་མནོས་ཏེ། བཀའ་དང་བཀའ་བརྟེན། སྲིད་པའི་མཛོད་ཕུག་ཆེན་མོ། བྱང་སེམས་གབ་པ་དགུ་སྐོར། སྔགས་སེམས་དང་འདུལ་བ་རྒྱུད་དྲུག་སོགས། རིག་པའི་གནས་ཆེན་ལྔ་དང་། ཕྱི་རྒྱུད་མདོ་མཛོད་འདུལ་བའི་སྐོར། ནང་རྒྱུད་གསང་བ་སྔགས་ཀྱི་སྐོར། གསང་རྒྱུད་བླ་མེད་རྫོགས་ཆེན་གྱི་བོན་རྣམས་ཐུགས་སུ་ཆུབ་པས། མཁས་དང་གྲུབ་པའི་དབང་ཕྱུག རབ་འབྱམས་བོན་གྱི་པཎྚི་ཏ་ཆེན་པོར་གྱུར།
ལྗགས་རྩོམ་གྱི་སྐོར་ལ། ས་ལམ་གཞུང་དང་བྱང་སེམས་གབ་པའི་འགྲེལ་བ། སྣང་སྲིད་མཛོད་ཕུག་ཆེན་མོའི་འགྲེལ་བ། སྣོད་བཅུད་གཞུང་དང་འགྲེལ་བ། མདོ་གཡུང་དྲུང་ཀློང་རྒྱས་ཀྱི་འགྲེལ་བ། ཁྲོ་བོ་དབང་ཆེན་གྱི་འགྲེལ་བ། མཆོང་དགུའི་གསལ་བྱེད་དང་དབལ་མོའི་ཕྱག་བཞེས་སོགས། མདོ་སྔགས་གཞུང་འགྲེལ་དང་བསྟན་བཅོས་ཤིན་ཏུ་མང་ལ། ཞལ་སློབ་ནི། བྲུ་སྟོན་ནམ་མཁའ་རྒྱལ་མཚན། འ་ཞ་བདུད་རྩི་རྒྱལ་མཚན། བྲུ་སྟོན་དར་མ་རྒྱལ་མཚན་སོགས་བསྟན་འཛིན་གྱི་སྐྱེས་ཆེན་མང་དུ་བྱོན། བླ་མ་འདི་བས་རྒྱལ་རིགས་བྲུ་ཡི་གདན་ས་བ་གོར་དབེན་ས་ཁར་རྒྱལ་གཤེན་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་འཁོར་ལོ་རྒྱ་ཆེན་བསྐོར་བས། ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཉིན་མོར་བྱས་ཤིང་འགྲོ་དོན་ཟིན་ནས་གཟུགས་སྐུ་མི་རྟག་པའི་ཚུལ་བསྟན་པའོ། །
འ་ཞ་བདུད་རྩི་རྒྱལ་མཚན།
དམ་པ་དེ་དག་གི་ཁྲི་འཛིན། འ༷གྲོ་མགོ༷ན་ཁུ༷་དབོ༷ན་ཡིན་ཏེ། ཁུ་བོ་འགྲོ་མགོན་འ་ཞ་བདུད་རྩི་རྒྱལ་མཚན་ནི། ལུང་བསྟན་རྨ་ཡི་ནང་རྒྱུད་གླིང་བསྒྲགས་ལས། འ་ཞའི་གདུང་འཛིན་བདུད་རྩིའི་མཚན། །དེ་ཡི་བསྟན་པའི་རྒྱུད་འཛིན་མཛད། །ཅེས་གསུངས་པ་ལྟར་འཁྲུངས་ཡུལ་གཡོར་པོའི་ས་ཆར་ཡབ་ཀྱི་མཚན་ལ་འ་སྟོན་གཡུང་དྲུང་སེང་གེའི་སྲས་སུ། རབ་བྱུང་གསུམ་པའི་མེ་ཕོ་བྱི་བ་(སྤྱི་ལོ༡༡༥༦)ལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུ་མཆོག་མི་ཡི་རྣམ་པར་བལྟམས། སྤྱང་བ་སྔོན་དུ་སོང་བས་ཆུང་དུས་ནས་ཡི་གེ་འབྲི་ཀློག་སོགས་ལ་ཤིན་ཏུ་མཁས། ཆེར་བསྐྱེད་ནས་གཡུས་རུ་དབེན་ས་ཁའི་མེ་གཉོས་རྣམ་གཉིས་སོགས་མཁས་པ་དུ་མའི་ཞབས་ལ་གཏུགས། ཕྱི་ནང་གསང་གསུམ་གྱི་བོན་ལ་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པར་མཛད། ཁྱད་པར་དུ་འགྲོ་མགོན་གཡོར་པོ་མེ་དཔལ་གྱི་དྲུང་ནས། དྲང་སྲོང་གི་བསླབ་ཁྲིམས་བཞེས་ཤིང་མིག་གི་འབྲས་བཞིན་གཅེས་པར་བསྲུངས། གསང་བ་སྔགས་ཀྱི་དབང་ཐོབ་ནས་བསྙེན་སྒྲུབ་མཐར་ཕྱིན་པར་མཛད། ཐེག་པ་ཆེན་པོའི་དོན་མནོས་པས་གཟུང་འཛིན་རང་སར་གྲོལ་ཅིང་དབེན་ས་ཁར་བྲུ་ཡི་རྒྱལ་ཐེབས་མཛད། དྲང་སྲོང་གི་འཁོར་ལ་བོན་འཆད་བཀའ་ཡི་འཁོར་ལོ་བསྐོར། མདོར་ན་དབུས་ཕྱོགས་སྐྱིད་ཤོད་ཕུག་རིང་སོགས་དབེན་གནས་རྣམས་སུ་སྒོམ་སྒྲུབ་ལ་གཞོལ་བས་ཉམས་བཞེས་ཀུན་བཟང་གི་དགོངས་པ་མངོན་དུ་གྱུར། བདེན་གཉིས་དོ་མཉམ་དུ་རྟོགས། འཁོར་འདས་ལམ་གསུམ་ཐིག་ལེ་གཅིག་ཏུ་གྲོལ་བ་དང་། བརྒྱུད་པའི་བྱིན་རླབས་ཐོབ། ཐུན་མིན་གྱི་ཉམས་རྟོགས་སྐྱེས། རྨི་ལམ་གྱི་འཁྲུལ་བ་རང་སངས་སུ་སོང་ནས་འོད་གསལ་ཁོར་མོ་ཡུག་ཏུ་ཤར། རྟོགས་པ་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ཏེ། བྱམས་དང་སྙིང་རྗེས་གདུག་ཅན་ཟིལ་གྱིས་གནོན་ཅིང་རིམ་པ་གཉིས་ཀྱི་ལམ་ལ་འབྱོང་བས་ཡི་དམ་ལྷའི་ཞལ་གཟིགས། ཏིང་འཛིན་དམིགས་པས་ཕ་རོལ་པོའི་ནད་གདོན་ཞི་བ་སོགས་གྲུབ་རྟགས་བསམ་གྱིས་མི་ཁྱབ་བོ། །
རྗེས་བཞག་གི་གདམས་པ་ལ། མཛོད་ཀྱི་འགྲེལ་བ་དང་དབུ་མའི་འགྲེལ་བ། མདོ་གཡུང་དྲུང་ཀློང་རྒྱས་ཀྱི་འགྲེལ་བ་སོགས་པོད་ཆེན་འགའ་བཞུགས། ཞལ་སློབ་ལ། ཕྱི་ནང་གསང་བའི་གདམས་པའི་བརྒྱུད་འཛིན་བླ་མ་དང་དགེ་བའི་བཤེས་གཉེན་མང་དུ་བྱུང་བ་ལས་མཆོག་ཏུ་གྱུར་པ་ནི་སྐུའི་དབོན་པོ་མཉམ་མེད་བློ་གྲོས་རྒྱལ་མཚན་ཉིད་ཡིན་ནོ། །དེ་ལྟར་འཆད་རྩོད་རྩོམ་གསུམ་དང་བསྙེན་སྒྲུབ་ལས་གསུམ་གྱི་མཛད་བཟང་ཁོ་ནས་བསྟན་པ་དང་འགྲོ་དོན་གྲུབ་པའི་རྟིང་ལ་འཇའ་འོད་ཟེར་དང་བཅས་ནས་དགོངས་པ་དབྱིངས་སུ་གཟིམས་པའོ། །
བྲུ་སྟོན་དར་མ་རྒྱལ་མཚན།
སྐབས་འདིར་བྲུ་སྟོན་དར་མ་རྒྱལ་མཚན་ནི་གསང་སྔགས་བརྒྱུད་རིམ་ལས་མི་གསལ་བ་དང་གཡས་རུ་གཙང་གི་སྟོན་པ་བཅོ་བརྒྱད་ཀྱི་གྲས་སུའང་མི་བགྲང་མོད། འདུལ་བརྒྱུད་ལ་གསལ་ཞིང་གདན་སའི་མཁན་པོ་ཡིན་པར་ངེས་པས་རྣམ་ཐར་གྱི་ས་བོན་ཙམ་ཞིག་འགོད་པ་ལ། རྗེ་འདིའི་འཁྲུངས་ཡུལ་བ་གོར་ཁམ་ལུང་ཡིན། ཡབ་བྲུ་སྟོན་ནམ་མཁའ་རྒྱལ་མཚན་དང་ཡུམ་ད་རོག་བཟའ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་གཟི་བརྗིད་གཞན་ལས་ཁྱད་དུ་འཕགས། མགྲོ་མགོན་བདུད་རྩི་ལས་བསྙེན་པར་རྫོགས་ཤིང་མདོ་སྔགས་རབ་འབྱམས་ཀྱི་གཞུང་ལ་ཐུགས་སྦྱོང་མཛད། གདན་སའི་བསྟན་པ་སྤེལ་ནས་སྐུ་གསུང་ཐུགས་རྟེན་བཞེངས། དགེ་ཚོགས་རྒྱ་ཆེར་བསྐྱེད། འཆད་ཉན་གྱི་སྲོལ་བཟང་ལེགས་པར་བསྐྱངས། ཞལ་སློབ་མང་དུ་ཚར་བ་ལས་མཆོག་ཏུ་གྱུར་པ་ནི་གཤེན་སྟོན་བློ་གྲོས་རྒྱལ་མཚན་ཡིན་ལ། དགུང་ལོ་ང་ལྔ་བ་ལ་བྱང་གི་ས་ཆར་ཚ་སྔ་དགོན་པ་ནས་འཇའ་འོད་སོགས་ཀྱི་ལྟས་བཟང་དང་བཅས་ཏེ་དགོངས་པ་བོན་དབྱིངས་སུ་གཏད་དོ། །
འ་ཞ་བློ་གྲོས་རྒྱལ་མཚན།
འགྲོ་མགོན་བདུད་རྩི་དང་བྲུ་སྟོན་དར་མ་གཉིས་ཀྱི་མཁན་བུ་(འགྲོ་མགོན་ཁུ་དབོན་ཞེས་པའི་དབོན་པོ་)ནི། འ་ཞ་བློ་གྲོས་རྒྱལ་མཚན་ཡིན་ཏེ། གླིང་བསྒྲགས་ལས། ཧྲིས་པ་གྱེར་མེད་སྤྲུལ་པ་ལ། །རྨང་ར་ཨག་ཚོམ་རྨོག་ཐག་ཅན། །མཆན་འོག་གཡས་ན་རྨེ་བ་ཡོད། །འ་ཞའི་གདུང་ལ་བློ་གྲོས་མཚན། །ཞེས་གསུངས་པ་ལྟར་འཁྲུངས་ཡུལ་གཡོར་པོའི་ས་ཆར་འ་ཞའི་གདུང་བརྒྱུད་དུ་འགྲོ་མགོན་བདུད་རྩིའི་སྐུམཆེད་ཀྱི་སྲས་སུ། རབ་བྱུང་གསུམ་པའི་ས་རྟ་(སྤྱི་ལོ༡༡༩༨)ལ་སྐུ་འཁྲུངས། ཆུང་དུས་ནས་ཡི་གེ་འབྲི་ཀློག་དང་རིག་གནས་སོགས་བསླབ་པ་ཙམ་གྱིས་ས་ལེར་མཁྱེན་པ་དང་། ཤེས་རབ་གསུམ་གྱི་རྩལ་རྫོགས་སྤྲུལ་པའི་སྐུ་མཆོག རྒྱལ་བའི་ཡེ་ཤེས་མི་ཡི་གཟུགས་སུ་སྣང་བ། ཕྱི་དར་དུས་ཀྱི་བསྟན་པའི་རྒྱལ་མཚན་སྒྲེང་ལ་གཅིག་ཏུ་དཔའ་བའི་རྗེ་བཙུན་འདི་བས། གཞན་གྱི་ངོར་དམ་པ་གོང་མའི་རྣམ་ཐར་བཞིན། བཤེས་གཉེན་བསྟེན་ནས་ཟབ་གདམས་མནོས་པ་དང་ལམ་ལ་དཀའ་བ་སྤྱད་ནས་ཉམས་རྟོགས་སྐྱེས་པ། ལྗགས་རྩོམ་མཛད་པ་དང་སྐལ་ལྡན་གྱི་སློབ་མ་སྨིན་གྲོལ་ལ་བཀོད་པ་སོགས་ཀྱི་རྣམ་པར་ཐར་པ་ནི། སོ་སོ་སྐྱེ་བོའི་དཔྱོད་ཡུལ་ལས་འདས་མོད་ཀྱི། འོན་ཀྱང་མདོ་ཙམ་ལ། ཉིད་ཀྱི་ཁུ་བོ་འགྲོ་མགོན་བདུད་རྩི་རྒྱལ་མཚན་དང་བྲུ་སྟོན་དར་མ་གཉིས་ཀྱིས་མཁན་སློབ་མཛད་པའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་ཁུ་བོ་རིན་པོ་ཆེའི་མདུན་ནས་སྲིད་པའི་མཛོད་ཕུག་དང་བྱང་སེམས་གབ་པ། ས་ལམ་དང་སྤྱི་སྤུངས་སྔགས་སེམས་བཅས་ལ་ཐུགས་སྦྱོང་མཛད་ནས་སྨིན་གྲོལ་གྱི་གདམས་པ་མནོས། སྐྱིད་མཁར་སློབ་དཔོན་མེ་སྟོན་ཞི་བ་ལས་དབལ་ཕུར་སྡེ་སྐོར་དོན་གྱི་དབང་ཁྲིད་ཞུས་ཤིང་། རྨ་སྟོན་ལྕམ་མེ་དང་དབྱིལ་སྟོན་ཁྱུང་རྒོད་རྩལ་གཉིས་ཀྱིས་དྲངས་པའི་གཏེར་བོན་ཡོངས་རྫོགས་ཀྱི་དབང་ལུང་མན་ངག་དང་བཅས་པ་མནོས་ཏེ་བོན་བདག་ཆེན་པོ་ཉིད་དུ་མཛད། སྤྲུལ་པའི་གཏེར་སྟོན་གཤེན་ཆེན་ཀླུ་དགའ་དང་ཁྱེའུ་གཉན་འཐིང་། གཞོད་སྟོན་གྲགས་འབར་དང་ཁུ་ཚ་ཟླ་འོད། རྨ་སྟོན་སྲིད་འཛིན་དང་འོལ་སྒོམ་ལ་སོགས་པའི་གཏེར་བོན་སྔར་བྱུང་རྒྱ་མཚོ་ལྟ་བུའི་གཞུང་དོན་ཟབ་མོར་གཟིགས་ཞིབ་གནང་། གཉན་ཆེན་ཐང་ལྷ་སོགས་དབེན་པའི་རི་ཁྲོད་རྣམས་སུ་ཟབ་ལམ་ཐེག་པ་ཆེན་པའི་དོན་ཉམས་སུ་བླངས་པས། ཉམས་རྟོགས་ཀྱི་ཡོན་ཏན་རྒྱ་མཚོས་ཐུགས་རྒྱུད་གཏམས། བླ་ཆེན་ཁོད་སྤུངས་དྲན་པའི་ཞལ་མཇལ་ནས་དབང་བསྐུར་བྱིན་གྱིས་བརླབས་ནས་རྩ་རླུང་འཕོ་ཁྲིད་ཀྱི་གདམས་པ་ཟབ་མོ་སྙན་དུ་བརྒྱུད། ཡེ་ཤེས་དབལ་མོས་བསྐྱེད་རྫོགས་ཀྱི་གདམས་པ་གནང་། དབེན་ས་ཁ་རུ་རྟེན་གསུམ་གྲངས་མང་བཞེངས་ཤིང་དབུ་རྩེ་སྤྱི་གཞུང་ཀུན་ལ་མཆོད་ཚོགས་རྒྱ་ཆེར་བཏེགས། རྒྱལ་བའི་བསྟན་ལ་བཀའ་དྲིན་རྨད་དུ་བྱུང་བ་ལགས་ཤིང་། ཡུལ་ཅན་གདོས་བཅས་སྣང་བས་མ་སྒྲིབ་པར་སྣང་སྲིད་ཀྱི་ལེགས་ཉེས་དང་ཕ་རོལ་པོའི་སེམས་རྟོག་མཁྱེན་པ་སྟེ། མཁས་དང་གྲུབ་པའི་སྙན་གྲགས་ཀྱི་བ་དན་དཀར་པོས་ས་ཆེན་མཛེས་པར་བྱས།
གསུང་འབུམ་གྱི་སྐོར་ལ། ས་ལམ་སྤྱི་དོན་དང་གབ་པའི་འགྲེལ་བ། སྲིད་པའི་མཛོད་ཕུག་གི་འགྲེལ་བ། ཁྲོ་བོའི་རྩ་རྒྱུད། རྫོགས་ཆེན་ལུང་དྲུག་དང་ནམ་མཁའ་འཕྲུལ་མཛོད། གཏན་ཚིགས་ངེས་པའི་གལ་མདོ། ཚད་མ་ཀུན་བཏུས། རྩ་རྒྱུད་ཆེན་མོ་གསང་བ་བསེན་ཐུབ་ཀྱི་འགྲེལ་བ་ཡིད་བཞིན་བཀོད་པའི་རྒྱན། དབལ་གསས་རྔམ་པའི་ལས་རིམ་གྱི་འགྲེལ་བ་གསལ་བྱེད་འཕྲུལ་གྱི་སྒྲོན་མེ། ཁྲོ་བོ་དབང་ཆེན་དང་ཕུར་བ་སོགས་སྒྲུབ་པའི་ཕྱག་བཞེས་ཀྱི་རིགས་དང་། ཉམས་མགུར་དང་བཅས་མདོ་སྔགས་གཞུང་འགྲེལ་པོད་ཆེན་དགུ་ལྷག་མཛད།
ཞལ་སློབ་ནི། མཁས་བཙུན་བཟང་ལྡན་གྱི་སྐྱེས་བུ་དུ་མ་བྱོན་པ་ལས་མཆོག་ཏུ་གྱུར་པ་ནི། བྲུ་སྟོན་འདུལ་བ་རྒྱལ་མཚན་དང་མདོ་ཁམས་ཁྲོ་ཚང་ཚུལ་ཁྲིམས་རྒྱལ་མཚན། གཤེན་སྟོན་བློ་གྲོས་རྒྱལ་མཚན། ལ་སྟོད་ཚུལ་ཁྲིམས་རྒྱལ་མཚན་དང་བཞིའོ། །དེ་ལྟར་སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བ་སེམས་ཅན་གྱི་དོན་རྒྱ་ཆེན་པོར་གྲུབ་ནས། དགུང་ལོ་རེ་དྲུག་པ་(སྤྱི་ལོ༡༢༦༣)ལ་སྐུ་མི་རྟག་པའི་ཚུལ་བསྟན་ནས་ཞིང་ཁམས་གཞན་དུ་གཤེགས། འཇའ་འོད་ཀྱི་གུར་ཕུབ་ཅིང་རིང་བསྲེལ་མང་དུ་བྱོན་པ་ལགས་སོ། །
བྲུ་འདུལ་བ་རྒྱལ་མཚན།
དམ་པ་དེ་ཡི་མཁན་བུ་ནི་བྲུ་སྟོན་འདུལ་བ་རྒྱལ་མཚན་ཡིན་ཏེ། མ་འོངས་ལུང་བསྟན་ལས། གསང་འདུས་སྤྲུལ་པ་བྲུ་ཤ་འདུལ་བའི་མཚན། །ཕྱོགས་མེད་ཀུན་ཏུ་གནས་ལུགས་སྒོམ་གྲྭ་འཛིན། །ཞེས་གསུངས་པ་བཞིན། གཡས་རུ་སྨོན་དཀར་གནས་སུ་རབ་བྱུང་བཞི་བའི་ས་ཕག་(སྤྱི་ལོ༡༢༣༩)ལ་བྲུ་སྟོན་ནམ་མཁའ་གཡུང་དྲུང་གི་སྲས་སུ་སྐུ་བལྟམས། ཆུང་ནས་སྐྱེ་བ་སྔ་ཕྱིའི་གནས་རྣམས་སྒྲིབ་མེད་དུ་མཁྱེན་པ་དང་ཡི་གེ་འབྲི་ཀློག་ལ་སོགས་ཚེགས་མེད་དུ་རྟོགས། འགྲོ་མགོན་བློ་གྲོས་ཀྱི་མདུན་དུ་རྒྱུད་སྡེ་རྒྱ་མཚོར་ཐོས་བསམ་སྒྲོ་འདོགས་ཆོད་པར་མཛད། ཞུ་སྟོན་ཁང་གསར་བ་གྲགས་པ་རྒྱལ་མཚན་གྱི་དྲུང་དུ་བྱང་སེམས་གབ་པ་ལ་སོགས་གསན་ཅིང་དྲང་སྲོང་གི་སྡོམ་ཁྲིམས་ཞུས་པར། བླ་མའི་ཞལ་ནས། འདིར་མི་ཡོང་། ཕ་ཀིར(དབེན་ས་ཁ་ནས་)བསྒྲུབ་དགོས་གསུངས་ནས་དགེ་བསྙེན་གྱི་སྡོམ་པ་ཕོག གཞན་ཡང་གཏེར་སྟོན་གུ་རུ་རྣོན་རྩེ་དང་རྨ་སྟོན་སྐུ་མཆེད། དཔོན་གསས་ཁྱུང་རྒོད་རྩལ། མེ་སྟོན་ཞི་བ། བྲུ་སྟོན་ནམ་མཁའ་ལ་སོགས་པའི་ཞལ་མཇལ་ནས་བཀའ་ལུང་དབང་ཁྲིད་མནོས། སླར་ཡང་འགྲོ་བའི་མགོན་པོ་འ་ཞ་བློ་གྲོས་རྒྱལ་མཚན་གྱི་དྲུང་དུ་བྱོན་ནས་དྲང་སྲོང་བསྙེན་རྫོགས་བསྒྲུབས། གཏེར་ཁ་བཅོ་ལྔའི་བོན་སྡེ་ཀུན་དང་སྙན་བརྒྱུད་ཀྱི་དགོངས་བཅུད་ཟབ་མོ་སོགས་ཕྱི་ནང་གསང་བའི་དབང་ཁྲིད་ཡོངས་རྫོགས་ཞུས། ལོ་འགར་བླ་མའི་བཀའ་བཞིན་དུ་གདན་ས་བསྐྱངས། དེ་ནས་ཕྱོགས་མེད་ཀྱི་རི་ཁྲོད་འགྲིམས། ལྷོ་ཆུ་མཁར་ཆུ་དང་ཡར་འབྲོག་ར་དམར་སོགས་ནས་རིག་པ་རྩེ་གཅིག་ཏུ་ཉམས་སུ་བླངས་པས། མཐའ་བྲལ་ནམ་མཁའ་ལྟ་བུའི་རྣལ་འབྱོར། མཁས་དང་གྲུབ་པའི་གོ་འཕང་མཐོན་པོར་མངའ་བསྙེམས།
གསུང་མགུར་དང་དགེ་སྦྱོར་བརྒྱ་རྩ་ལ་སོགས་ཞལ་གདམས་པོད་ཁ་ཤས་བཞུགས། གསུང་ལས་སྐྱེས་པའི་ཞལ་སློབ་ནི། འཁོར་ལོ་གསུམ་གྱི་བདག་ཉིད་མང་དུ་བྱུང་བ་ལས་མཆོག་ཏུ་གྱུར་པ་བྲུ་སྟོན་རྒྱལ་བ་གཡུང་དྲུང་དང་ལ་སྟོད་ཚུལ་ཁྲིམས་རྒྱལ་མཚན་སོགས་ཡིན་ཅིང་། ཆོས་ཀྱི་འབུམ་སྡེ་ལས་ཀྱང་རྗེ་འདི་བ་དགེ་སློང་མེ་ཏོག་སྙིང་པོའི་སྐྱེ་བར་གསུངས། དེ་ལྟར་བསྟན་འགྲོར་སྨན་པའི་མཛད་བཟང་ཁོ་ནས་སྐུ་ཚེ་བསྒྲིལ་བའི་མཐར། དགུང་ལོ་ང་ལྔའི་སྟེང་(༡༢༩༣)། ལྷོ་བྲག་གི་གནས་སུ་འཇའ་འོད་ཟེར་དང་བཅས་ཏེ་དགོང་ས་པ་དབྱིངས་སུ་གཟིམས་པའོ། །
བྲུ་རྒྱལ་བ་གཡུང་དྲུང་།
དེ་ཡི་མཁན་བུ་བྲུ་སྟོན་རྒྱལ་བ་གཡུང་དྲུང་སྟེ། མ་འོངས་ལུང་བསྟན། རྐྱང་འཕགས་ཀྱི་གནད་བྱང་དྲུག་ཅུ་བ་ལས། རྒྱལ་བ་གཡུང་དྲུང་རྗེ་བཙུན་སྨིན་བྱེད་པ། །བདེར་གཤེགས་རྣམ་སྤྲུལ་འགྲོ་བའི་དོན་ལ་བྱོན། །འདི་ཞབས་གཏུགས་རྣམས་སྐྱེ་ལྔར་ཐར་ལམ་བཀོད། །འབུམ་ཕྲག་གསུམ་གྱི་ཐར་པའི་ལམ་སྒོ་ཕྱེད། །ཅེས་གསུངས་པ་ལྟར། ཡུལ་ནི་གཡས་རུ་གཙང་རྒྱུད་དབེན་ས་ཁར་བྲུ་ཤ་བསོད་ནམས་རྒྱལ་གྱི་སྲས་བཞིའི་ཐ་ལྟག་སྟེ། རབ་བྱུང་བཞི་བའི་ཆུ་ཕོ་སྟག(༡༢༤༢)ལ་སྐུ་འཁྲུངས། སྔོན་ནས་སྦྱངས་པའི་ཤེས་རབ་ཀྱི་མཐུ་བརྟས་པས། དགུང་ལོ་བཞི་བའི་དུས་ན་ཡི་གེ་འབྲི་ཀློག་མཁྱེན། དགུང་ལོ་བརྒྱད་ཀྱི་སྟེང་དུ་སྲིད་པའི་མཛོད་ཕུག་གསན། དགུང་ལོ་བཅུ་བ་ལ་རབ་ཏུ་བྱུང་། གསང་སྔགས་ཕྱི་ནང་གི་དབང་ལུང་ཁྲིད་གསུམ་མན་ངག་དང་བཅས་པ་ལེགས་པར་གསན་ནས་བསྙེན་སྒྲུབ་མཛད། ཁྲོ་བོ་དང་ཕུར་བ། དབུ་མ་བདེན་གཉིས། ཚད་མ་སྡེ་བདུན་བཅས་པར་ཐུགས་སྦྱོང་གནང་། མཉམ་མེད་འདུལ་བ་རིན་པོ་ཆེའི་དྲུང་དུ་དྲང་སྲོང་གི་སྡོམ་ཁྲིམས་ཞུས་ཤིང་ལོ་འགར་བླ་མའི་ཕྱག་ཕྱིར་འབྲངས། དེ་ནས་བླ་མས་རི་ཁྲོད་འགྲིམས་རྗེས། ཁོང་གིས་གདན་སར་བཀའ་བཤད་སྨིན་གྲོལ་གྱི་འཁོར་ལོ་རྒྱ་ཆེར་བསྐོར། སྐུ་གསུང་ཐུགས་ཀྱི་རྟེན་གསུམ་མང་དུ་བཞེངས། གཞན་ཡང་ལུང་བོན་བཀྲ་ཤིས་རྒྱལ་མཚན་དང་། དབྱིལ་སྟོན་དཔོན་གསས། ནམ་མཁའ་བསོད་ནམས། རྨ་སྟོན་དྲང་སྲོང་། སྤྲུལ་སྐུ་རྐྱང་འཕགས། རྟོགས་ལྡན་ཆེན་པོ་དད་པ་ཤེས་རབ། ཞང་སྟོན་བསོད་ནམས་རིན་ཆེན་ལ་སོགས་པ་བསྟེན་ནས། གཏེར་ཁ་རྣམས་ཀྱི་བོན་སྡེ་དང་། ཨ་ཁྲིད་ཆེན་མོ་དང་ཞང་ཞུང་སྙན་བརྒྱུད། རྫོགས་ཆེན་སོགས་ཀྱི་དབང་ལུང་ཁྲིད་གདམས་ཞུས། དེ་ནས་གོང་མའི་གདན་སའང་ཉིད་ཀྱི་གཅུང་བོ་ནམ་མཁའ་འོད་ཟེར་ལ་གཏད་ནས། གཙང་གི་གཡས་རུ་མཁར་སྣ་དཔལ་གྱི་སྒྲུབ་ཕུག་དང་ཡར་འབྲོག་ར་གོང་ཡོན་པོ་སོགས་དབེན་གནས་ཀུན་ཏུ་ཐེག་པ་ཆེན་པོའི་ཉམས་ལེན་བསྐྱངས།
ཞལ་གདམས་ལ། སྣོད་བཅུད་འགྲེལ་བ་དང་ཞང་ཞུང་སྙན་བརྒྱུད་ཀྱི་ཁྲིད་རིམ། མན་ངག་རིན་པོ་ཆེ་ཨ་ཁྲིད་ཀྱི་ལག་ལེན་ཐུན་མཚམས་བཅོ་ལྔ་བ། ཕྱི་ནང་གསང་གསུམ་བོན་གྱི་སྙིང་པོའི་གཟུངས་བསྡུས། ཨ་ཁྲིད་བླ་མ་བརྒྱུད་པའི་རྣམ་ཐར་དང་རྒྱབ་སྐྱོར་རིན་ཆེན་གསལ་འདེབས་ཀྱི་གདམས་པ་སོགས་མདོ་སྔགས་སེམས་གསུམ་ཀུན་ལ་གསལ་བྱེད་མཛད།
གསུང་སྐྱེས་ཀྱི་སློབ་མ་ནི། རི་པ་ཤེར་བློ་དང་། ཡེ་ཤེས་རིན་ཆེན། བྲུ་སྟོན་ཆེན་པོ་བསོད་ནམས་རྒྱལ་མཚན། བོད་སྒོམ་དམ་པ་བསོད་ནམས་གཡུང་དྲུང་། བྲུ་མཚུངས་མེད་བསོད་ནམས་བློ་གྲོས་སོགས་བསྟན་འགྲོའི་དཔལ་མགོན་བགྲང་ལས་འདས་སོ། །དེ་ལྟར་འགྲོ་དོན་མཐར་ཕྱིན་ནས། དགུང་ལོ་ཞེ་དགུ་བ་སྟེ་རབ་བྱུང་ལྔ་བའི་ལྕགས་སྟག(༡༢༩༠)ལ་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་སོ། །
རྟོགས་ལྡན་ནམ་མཁའ་འོད་ཟེར།
དམ་པ་དེ་ཡི་མཁན་བུ་ནི། རྟོགས་ལྡན་ཆེན་པོ་ནམ་མཁའ་འོད་ཟེར་ཉིད་དེ། མ་འོངས་ལུང་བསྟན་སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། ལྷ་ཆེན་ནམ་མཁའ་དྲུང་མུའི་སྤྲུལ་པ་ནི། །བྲུ་ཤ་ནམ་མཁའ་འོད་ཟེར་བྱ་བ་འབྱུང་། །ལྟ་བ་ཟིལ་གནོན་གདེང་ལྡན་དགོངས་པ་ཡིས། །སེམས་ཅན་སྟོང་ཕྲག་དྲུག་ཅུ་ཐར་པར་འདྲེན། །ཞེས་གསུངས་པ་བཞིན་འཁྲུངས་ཡུལ་གོང་ལྟར་ལ། བྲུ་ཤ་བསོད་ནམས་རྒྱལ་གྱི་སྲས་སུ་རབ་བྱུང་བཞི་བའི་ཤིང་སྦྲུལ(༡༢༤༥)ལ་ངོ་མཚར་གྱི་ལྟས་བཟང་དུ་མས་སྔོན་བསུས་ཏེ་སྐུ་བལྟམས། ཆུང་ནས་སྐུ་བརྗིད་གཞན་ལས་ཁྱད་པར་དུ་འཕགས་ཤིང་། རིག་པ་ངར་དང་ལྡན་པས་གང་བསླབ་ཐམས་ཅད་བདེ་བླག་ཏུ་མཁྱེན། མཉམ་མེད་འདུལ་བ་རིན་པོ་ཆེའི་དྲུང་དུ་གསང་སྔགས་ཀྱི་དབང་བཞི་རྫོགས་པར་ཞུས་ཤིང་རབ་ཏུ་བྱུང་། གཅེན་པོ་རྒྱལ་བ་གཡུང་དྲུང་གི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། མཚན་ཉིད་གཞུང་ཆེན་དྲུག་དང་། སྔགས་རྫོགས་ཀྱི་བོན་རྣམས་ལ་ཐུགས་སྦྱོང་དཔྱིས་ཕྱིན་པར་མཛད། མེ་སྟོན་བསྟན་པ་དང་། བླ་མ་དར་མ། དཔོན་གསས་ནམ་མཁའ་བསོད་ནམས་སོགས་ཀྱི་ཞབས་པད་བསྟེན་ནས་མདོ་སྔགས་རབ་འབྱམས་ཀྱི་གཞུང་ལ་གསན་སྦྱངས་ཕུལ་དུ་སོན། དེ་ནས་ཉམས་ལེན་བསྐྱང་ཆེད། མཚམས་ཁང་གི་སྒོ་ལ་འདག་འབྱར་བྱས་ཏེ་ལོ་མང་བཞུགས། གནས་ལུགས་མངོན་དུ་གྱུར། ཟག་མེད་ཀྱི་ཡེ་ཤེས་ཐོབ། ཡི་དམ་ལྷའི་ཞལ་གཟིགས། རྫུ་འཕྲུལ་གྱི་རྩལ་ལ་ཐོགས་པ་མེད་ཅིང་གྲུབ་པའི་ཁྱུ་མཆོག་ཆེན་པོར་གྱུར། གདན་སར་སྐུའི་རྟེན་དུ་གཤེན་རབ་སྟོན་པའི་གསེར་སྐུ་དང་ཐུགས་རྟེན་གཡུང་དྲུང་བཀོད་ལེགས་མཆོད་པའི་རྟེན་བཅས་བཞེངས། གོང་མའི་སྒྲུབ་གནས་གཡས་རུ་མཁར་སྣ་ལ་གསས་ཁང་ཟོ་བོ་ཁྱུང་ལག་བཞེངས།
ཞལ་སློབ་ལ། བྲུ་མཐའ་བྲལ་བསོད་ནམས་རྒྱལ་མཚན་དང་། བྲུ་མཚུངས་མེད་བསོད་ནམས་བློ་གྲོས། སྒོམ་པ་བསྟན་འཛིན་རྒྱལ་མཚན། དབྲ་སྟོན་རིན་ཆེན་རྒྱལ་མཚན་སོགས་མང་དུ་བྱུང་ངོ་། །དགོངས་པ་མཁའ་ལ་ཉི་མ་ཤར་བ་ལྟ་བུའི་རྗེ་བཙུན་བླ་མ་དམ་པ་འདིའི་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ནས་དགུང་ལོ་བདུན་ཅུ་དོན་བཞི་བ(༡༣༡༨)ལ་རིག་འཛིན་མཁའ་འགྲོའི་བསུ་བ་དང་བཅས་ཏེ་འཇའ་འོད་ཀྱི་ལམ་དུ་དགོངས་པ་བོན་དབྱིངས་སུ་བསྡུས། སྐུ་གདུང་ལོ་བརྒྱད་ཙམ་དུ་གྱུར་ནས་གདུང་རུས་ལས་དུང་དཀར་གཡས་འཁྱིལ་གཅིག་དང་ཤ་རི་རཾ་མང་པོ་ཕྱི་རབས་འགྲོ་བའི་དད་རྟེན་དུ་བྱོན་པའོ། །
མཐའ་བྲལ་བསོད་ནམས་རྒྱལ་མཚན།
རྒྱལ་བ་སྐུ་མཆེད་ཀྱི་མཁན་བུ་ནི། བྲུ་སྟོན་མཐའ་བྲལ་བསོད་ནམས་རྒྱལ་མཚན་ལགས་ཏེ། ཁ་བྱང་ལས། ཚེ་དབང་རིག་འཛིན་བྱིན་རླབས་ལས། །བྲུ་སྟོན་བསོད་ནམས་རྒྱལ་མཚན་ཞེས། །ཕྲིན་ལས་བཞི་ཡིས་འགྲོ་བ་འདྲེན། །ཞེས་གསུངས་བཞིན། ཡབ་འདུལ་བ་གཡུང་དྲུང་གི་སྲས་སུ། རབ་བྱུང་ལྔ་བའི་ས་ཕོ་འབྲུག(༡༢༦༨)ལ་སྐུ་འཁྲུངས། རྟོགས་ལྡན་ཆེན་པོ་ནམ་མཁའ་འོད་ཟེར་གྱིས་རྗེས་སུ་བཟུང་སྟེ་དབང་སྐྱོབ་མཛད། ཆེར་བསྐྱེད་ནས་རྒྱལ་བ་སྐུ་མཆེད་ཟུང་གིས་མཁན་སློབ་མཛད་པའི་དྲུང་དུ་རབ་བྱུང་གི་ཁྲིམས་རྣམས་རྫོགས་པར་ཞུས་ཤིང་གསང་སྔགས་ཕྱི་ནང་གི་དབང་ལུང་ཕྱག་ལེན་དང་བཅས་པ་གསན། སེམས་ཕྱོགས་གབ་པ་དགུ་སྐོར་དང་། སྲིད་པའི་མཛོད་ཕུག་ཆེན་མོ། ས་ལམ་དང་འདུལ་བ་རྒྱུད་དྲུག ཁྲོ་བོ་དབང་ཆེན་གྱི་རྒྱུད་སོགས་མདོ་སྔགས་རབ་འབྱམས་ཀྱི་གཞུང་ལ་ཐོས་བསམ་དཔྱིས་སུ་ཕྱིན་པར་མཛད་དེ། གཏེར་ཁ་བཅོ་ལྔའི་བོན་རྣམས་ཐུགས་སུ་ཆུད། གདན་ས་ཆེན་མོ་དབེན་ས་ཁ་རུ་ལོ་འཁོར་བཅུ་གསུམ་དུ་བཞུགས་ནས། རྨད་དུ་བྱུང་བའི་ཕྲིན་ལས་བསམ་མཐའ་ཡས་པས་བསྟན་པ་ལེགས་པར་སྤེལ། མཁར་སྣ་དཔལ་གྱི་རི་བོར་ལོ་བཞིར་བཞུགས་ནས་ཐེག་པ་ཆེན་པོའི་གདམས་ཁྲིད་གནང་སྟེ། སྐལ་ལྡན་འཁོར་ཚོགས་སྨིན་གྲོལ་ལ་བཀོད།
ཞལ་སློབ། འདམ་སྟོན་ཚུལ་ཁྲིམས་འོད་ཟེར་སོགས་གྲུབ་པ་ཐོབ་པའི་རྟོགས་ལྡན་གྲངས་སུ་བྱོན། བསྟན་པ་དང་འགྲོ་དོན་རྫོགས་ནས་དགུང་ལོ་ང་དྲུག་བཞེས་པའི་དུས(༡༣༢༣)སུ། ཁམས་ཕྱོགས་རྩི་ཆུ་ཁ་རུ་ཞི་བར་གཤེགས། འཇའ་ཚོན་གྱི་ཀ་བ་ཟུག་པ་སོགས་གྲུབ་པའི་རྟགས་མཚན་བཟང་པོ་དང་གདུང་ལས་ཤ་རི་རཾ་སོགས་མང་དུ་བྱོན་ནོ། །
བྲུ་མཚུངས་མེད་བསོད་ནམས་བློ་གྲོས།
དེ་ཡི་མཆེད་པོ་སྟེ་གདན་སའི་ཁྲི་འཛིན་ནི་བྲུ་སྟོན་མཚུངས་མེད་བསོད་ནམས་བློ་གྲོས་ཉིད་ཡིན་ཏེ། གཏེར་ལུང་སྟོང་རྒྱུང་ཐུགས་ཀྱི་སྤྲུལ། །ལྷ་རི་གཉན་གྱི་བྱང་གི་ཕྱོགས། །ཤ་མེད་གངས་ཀྱི་ལྷོ་ངོས་འབྱོན། །ཁྱི་ར་བ་དང་ཉ་བ་ཡང་། །མངོན་སངས་རྒྱས་པ་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར། འཁྲུངས་ཡུལ་གཡས་རུ་གཙང་གི་ཁམ་ལུང་བྱ་བར། ཡབ་བྲུ་སྟོན་ནམ་མཁའ་གཡུང་དྲུང་དང་ཡུམ་ས་སྐྱ་མཁའ་འགྲོ་རྒྱན་གཉིས་ཀྱི་སྲས་གསུམ་བར་མར། རབ་བྱུང་ལྔ་བའི་མེ་མོ་གླང(༡༢༧༧)ལ་སྐུ་འཁྲུངས། ཆུང་ནས་སྐྱེས་ཐོབ་ཀྱི་ཤེས་རབ་མཁའ་ལྟར་ཡངས་ཤིང་། དགུང་ལོ་དགུའི་སྟེང་མཉམ་མེད་རྒྱལ་བ་གཡུང་དྲུང་དང་རྟོགས་ལྡན་ནམ་མཁའ་འོད་ཟེར་གཉིས་ཀྱི་མདུན་ནས་རབ་ཏུ་བྱུང་། དགུང་ལོ་བཅུའི་སྟེང་དུ་འདུལ་བ་གཞུང་ཆེན་ལ་འཆད་ཉན་མཛད། བཅུ་གཅིག་དང་བཅུ་གཉིས་ལ་ཁྲོ་བོ་དབང་ཆེན་གྱི་རྒྱུད་རྩ་འགྲེལ་ལ་གསན། བཅུ་གསུམ་ལོ་ལ་འབུམ་སྡེའི་སྐོར་དང་བཅུ་བཞི་ལ་གསང་བ་སེམས་ཕྱོགས་གབ་པ་དགུ་སྐོར་གསན། བཅོ་ལྔ་ལ་རྒྱུད་ཏིང་མུར་གཡུ་རྩེ་རྣམས་ཀྱི་གཞུང་ལ་འཆད་ཉན་བྱས། བཅུ་དྲུག་ནས་བཟུང་སྟེ་མངོན་པ་དང་ཕར་ཕྱིན། དབུ་མ་བདེན་གཉིས་དང་ཚད་མ་སྡེ་བདུན་སོགས་ལ་ཐུགས་སྦྱངས་ཤིང་། དེ་དག་ཀུན་ལ་འཆད་སྤེལ་རྒྱ་ཆེན་པོ་མཛད། གངས་དཀར་ཏི་སེ་དང་མ་པང་གཡུ་མཚོ། སྤོས་རི་ངད་ལྡན་སོགས་སྟོད་ཕྱོགས་མངའ་རིས་ཀྱི་སྐོར་དང་། སྤ་དྲོ་སྟག་ཚང་ལ་སོགས་ལྷོ་མོན་གྱི་གནས་རི་དང་། རྨ་ཆེན་པོམ་ར་ལ་སོགས་མདོ་ཁམས་ཀྱི་གནས་རི་དང་སྒྲུབ་ཕུག་བྱིན་ཅན་ཀུན་འགྲིམས་ཏེ་སྒོམ་སྒྲུབ་བཀའ་ཡི་འཁོར་ལོ་བསྐོར། སླར་དགུང་ལོ་ཞེ་ལྔའི་དུས་སུ་གཡས་རུ་མཁར་སྣ་ལ་བཞུགས་ནས་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་ཉིན་མོའི་དཔལ་ལ་སྦྱར།
རྗེས་འཇུག་གི་སློབ་མ་ནི། སྟོད་མངའ་རིས་དང་སྨད་མདོ་ཁམས། བར་དབུས་གཙང་དང་ལྷོ་མོན་བཅས་ཀྱི་སར་གྲངས་མང་བྱུང་བ་ལས། མཆོག་ཏུ་གྱུར་པ་ནི་མཁས་གྲུབ་ནམ་མཁའ་བསོད་ནམས་དང་སྤྲུལ་པའི་སྐུ་མཆོག་རྣམ་རྒྱལ་ཀ་ར་གཉིས་སོ། །མཐར་དགུང་ལོ་རེ་བཞི་བ་ལྕགས་སྦྲུལ(༡༣༤༡)ལ་མཉམ་བཞག་སྐྱིལ་མོ་ཀྲུང་བཅས་དགོངས་པ་བོན་དབྱིངས་སུ་གཟིམས། གདུང་ལས་ཤ་རི་རཾ་དང་ཡིག་འབྲུ་མང་དུ་བྱོན་པ་ལགས་སོ། །
ནམ་མཁའ་བསོད་ནམས།
དམ་པ་དེའི་གདན་ས་འཛིན་པ་ནི། མཁས་གྲུབ་ཆེན་པོ་ནམ་མཁའ་བསོད་ནམས་ཉིད་ཡིན་ཏེ། ལུང་བསྟན་རྐྱང་འཕགས་ཀྱི་དར་དཀར་ལྡེ་མིག་ལས། སུམ་པ་སྤུ་ཁའི་སྤྲུལ་པ་སྟེ། །བྲུ་ལས་དཔལ་སྐྱེས་མཚན་ཅན་འབྱུང་། །མཐུ་སྔགས་བསྐྱེད་རྫོགས་མངའ་བདག་སྟེ། །འབུམ་ཚོ་བཅུ་གཉིས་ཐར་པར་འདྲེན། །ཞེས་ཏེ་འཁྲུངས་ཡུལ་གོང་ལྟར་ལ་ཡབ་བྲུ་སྟོན་ནམ་མཁའ་གཡུང་དྲུང་དང་ཡུམ་ས་སྐྱ་མཁའ་འགྲོ་རྒྱན་གཉིས་ཀྱི་སྲས་སུ་སྐུ་མཆེད་གསུམ་གྱི་གཅུང་བོར། རབ་བྱུང་ལྔ་བའི་ཆུ་ཕོ་རྟ(༡༢༨༢)ལ་ངོ་མཚར་གྱི་ལྟོས་བཟང་པོས་སྣ་དྲངས་ཏེ་སྐུ་འཁྲུངས། རྗེ་བཙུན་འདི་བ་སྐུ་གཞོན་དུས་སུ་སློབ་དཔོན་དཔལ་སྐྱེས་ཞེས་སུ་གྲགས་ཤིང་མཉམ་མེད་རྒྱལ་བ་དང་རྟོགས་ལྡན་ནམ་མཁའ་འོད་ཟེར་སྐུ་མཆེད་ཟུང་གི་མདུན་ནས་རབ་ཏུ་བྱུང་། མཚན་ལ་ནམ་མཁའ་བསོད་ནམས་ཞེས་གསོལ། གཅེན་པོ་བསོད་བློའི་དྲུང་ནས་གསང་སྔགས་ཕྱི་ནང་གི་དབང་ལུང་མན་ངག་ཟབ་མོའི་ཁྲིད་གདམས་དང་། གབ་པ། མཛོད་ཕུག་ཆེན་མོ། ས་ལམ་གཞུང་བཅས་མདོ་སྔགས་སེམས་གསུམ་གྱི་ཁྲིད་དང་ཕྱག་ལེན་ཞུས། བླ་བྲང་ཆེན་མོར་ལོ་འཁོར་བཅུ་གསུམ་དུ་བཞུགས། མདོ་ཁམས་སྟོད་སྨད་ཀུན་ཏུ་གདུལ་བྱ་སྐྱོང་བར་ཕེབས། གོང་མའི་གདན་ས་ལ་སྐུ་གསུང་ཐུགས་རྟེན་བྱིན་ཅན་མང་དུ་བཞེངས། དེ་རྗེས་མཁར་སྣ་ལ་ལོ་ལྔར་བཞུགས་ཏེ་དབྱར་ཁྲིད་དང་དགུན་ཁྲིད་ལ་སོགས་ཐེག་པ་ཆེན་པོའི་བཀའ་འཁོར་རྒྱ་ཆེན་བསྐོར།
ཞལ་སློབ་ལ་སྐུ་དབོན་རྣམ་རྒྱལ་ཀ་ར་དང་མཁས་བཙུན་ནམ་མཁའ་རིན་ཆེན་རྣམ་གཉིས་ཀྱི་གཙོས་བསྟན་དང་འགྲོ་བའི་དོན་ནུས་མང་དུ་བྱོན། སྐུ་ཚེ་དང་འགྲོ་དོན་མཐར་ཕྱིན་ནས་དགུང་ལོ་རེ་དྲུག་པའི་མེ་ཕག(༡༣༤༧)ལ་དབྱིངས་སུ་གཤེགས།
ཚེ་དབང་རྒྱལ་མཚན།
དམ་པ་དེའི་མཁན་བུ་ནི། མ་འོངས་ལུང་ལས་བྲུ་ཤའི་གདུང་འཛིན་པ། །གཡུང་དྲུང་དང་ནི་ནམ་མཁའི་མཚན་ཅན་གྱིས། །རྣམ་དག་བསྟན་པ་སྤེལ་བ་གྲངས་མང་འབྱུང་། །ཞེས་གསུངས་པ་བཞིན། བྲུ་མཚུངས་མེད་བསོད་ནམས་བློ་གྲོས་གཉིས་ཀྱི་གཅེན་པོའི་སྲས་སུ་རབ་བྱུང་ལྔ་བའི་ནང་ལ་སྐུ་བལྟམས། ཁུ་བོ་ལྷན་རྒྱས་ཀྱི་དྲུང་ནས་རབ་ཏུ་བྱུང་སྟེ་ཕྱི་ནང་གསང་གསུམ་གྱི་སྡོམ་པས་ཐུགས་རྒྱུད་ལེགས་པར་གཏམས། མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ཀུན་ལ་ཐོས་བསམ་ཕྱོགས་མེད་དུ་མཛད་པས། རབ་འབྱམས་རྒྱུད་སྡེ་རྒྱ་མཚོ་སྨྲ་བའི་མཁས་གྲུབ་ཆེན་པོར་གྱུར་ཅིང་རྒྱལ་བ་གཤེན་གྱི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་བྱས་ནས་གྲངས་མེད་འགྲོ་བ་སྨིན་གྲོལ་གྱི་ལམ་ལ་བཀོད། གདན་ས་ཆེན་པོ་ལའང་མཛད་པའི་འཕྲིན་ལས་བླ་ན་མེད་པ་ཞིག་ལགས་ཏེ། སྤྱི་སྤུངས་ཉེ་བརྒྱུད་ལས། གོང་མའི་གདན་སར་བསྟན་པའི་དཔལ་དུ་ཤར། །བོན་ཉིད་དབྱིངས་སུ་འཇའ་འོད་སྐུ་རུ་གཤེགས། །ཚེ་དབང་རྒྱལ་མཚན་སྐུ་ལ་གསོལ་བ་འདེབས། །ཞེས་དང་། རྒྱལ་བའི་གདན་སར་ཐོས་བསམ་མཐའ་རུ་ཕྱིན། །རིམ་གཉིས་དགོངས་པའི་འཕྲིན་ལས་ཕྱོགས་བཅུར་རྒྱས། །མཁས་བཙུན་ནམ་རིན་སྐུ་ལ་གསོལ་བ་འདེབས། །ཞེས་པ་ལྟར་འགྲོ་དོན་ཟིན་ནས་དབྱིངས་སུ་གཤེགས་པའི་ཚུལ་བསྟན་པའོ། །
རྣམ་རྒྱལ་ཀ་ར།
དེ་དག་གི་གདན་ས་འཛིན་པ་ནི་སྤྲུལ་པའི་སྐུ་མཆོག་རྣམ་རྒྱལ་ཀ་ར་ཉིད་ཡིན་ཏེ། རིག་འཛིན་ཁ་བྱང་ལས། རྣམ་རྒྱལ་མཚན་ཅན་མཁྱེན་པ་ཅན། །གང་མཇལ་བདེ་ཆེན་ས་ལ་ཕྱིན། །ཞེས་ཏེ། བྲུ་ཤ་འོད་ཟེར་རྒྱལ་མཚན་གྱི་སྲས་སུ་བ་གོར་གནས་སུ་སྐུ་འཁྲུངས། ཆུང་དུས་ནས་མཉེས་གཤིན་གྱི་ཐུགས་རྒྱུད་གཞན་ཕན་སྙིང་རྗེ་ཆེན་པོས་ཡོངས་སུ་གང་ཞིང་བློ་རྩལ་གཞན་ལས་ཁྱད་དུ་འཕགས། དགུང་ལོ་བཅུའི་དུས་སུ། རྗེ་ཉིད་ཀྱི་ཁུ་བོ་བསོད་ནམས་རྒྱལ་མཚན་གྱི་དྲུང་དུ་ཐོས་བསམ་སྒོམ་པས་རྒྱུད་སྦྱངས་ཏེ་མཚན་ཉིད་ཀྱི་གཞུང་རྣམས་ཐུགས་སུ་ཆུབ། བྲུ་སྟོན་མཚུངས་མེད་བསོད་ནམས་བློ་གྲོས་ཀྱི་མདུན་དུ་གནས་ལུགས་རྫོགས་པ་ཆེན་པོ་ངོ་སྤྲོད་ཀྱི་བོན། མན་ངག་རིན་པོ་ཨ་ཁྲིད་དང་། ཞང་ཞུང་སྙན་བརྒྱུད། རྫོགས་ཆེན་ལྷོ་བྲག་མ་སོགས་ཉམས་བརྒྱུད་ཅི་རིགས་ཀྱི་དབང་ལུང་མན་ངག་རྫོགས་པར་ཞུས་ཤིང་། གཡས་རུ་མཁར་སྣ་དཔལ་གྱི་རི་བོ་དང་། བཀྲ་ཤིས་རྩེ་བྲག་ལ་སོགས་དབེན་པའི་གནས་ཀུན་འགྲིམས་ནས་ཉམས་ལེན་ཞུན་མཐར་བཅད། མངོན་ཤེས་དང་རྫུ་འཕྲུལ་གྱི་རྩལ་རྫོགས། སྣང་བ་རང་སར་གྲོལ། མཁྱེན་པ་དང་བརྩེ་བའི་སྟོབས་མངའ་བས་གཞན་སྣང་ཟིལ་གྱིས་གནོན། རབ་འབྱམས་གཞུང་ལུགས་འཆད་རྩོད་གསུམ་གྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། གོང་མའི་གདན་སར་ལོ་ངོ་བདུན་ལ་བཞུགས་ནས་བསྟན་པ་སྤེལ་བའི་འཕྲིན་ལས་རྨད་དུ་བྱུང་ལ། དབུ་རྩེ་དཀར་པོ་ལ་གསེར་འཕྲུ་བཀྲ་ཤིས་འོད་འབར་དང་། དབུ་རྩེ་དམར་པོ་ལ་གསེར་ཁམས་ཡིད་བཞིན་ནོར་བུ་བཞེངས། གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་གསེར་ལས་གྲུབ་པ་ཆ་བརྒྱད་བཅས་བཞེངས་ནས་གདན་ས་ཆེན་པོ་ལེགས་པར་བསྐྱངས།
རྗེས་འཇུག་གི་སློབ་མ། སྟོད་སྨད་བར་གསུམ་ནས་མཁས་པ་དང་གྲུབ་དབང་སེང་ཆེན་འདྲ་བ་དུ་མ་བྱུང་བ་ལས། མཆོག་ཏུ་གྱུར་པ་ནི། གཡུང་དྲུང་ཡེ་ཤེས་དང་མཁས་གྲུབ་རིན་ཆེན་བློ་གྲོས་གཉིས་ཡིན་ནོ། །དེ་ལྟར་རླབས་ཆེ་བའི་མཛད་པ་བཟང་པོས་བསྟན་འགྲོའི་དོན་གྲུབ་ནས་དགུང་ལོ་ང་དྲུག་པ་ལ་འཇའ་འོད་དང་བཅས་ཏེ་དགོངས་པ་བོན་དབྱིངས་སུ་གཟིམས་པའོ། །
རིན་ཆེན་བློ་གྲོས།
དམ་པ་དེའི་གདན་ས་བ་ནི་བྲུའི་འདུལ་འཛིན་མཁས་གྲུབ་རིན་ཆེན་བློ་གྲོས་ཉིད་ཡིན་ཏེ། ལུང་བསྟན་ལས། ཞང་ཞུང་མཁས་པ་སྟོང་རྒྱུང་མཐུ་ཆེན་གྱི། །སྤྲུལ་པ་ཉིད་དུ་རདྞའི་མཚན་ཅན་འབྱུང་། །ལྷོ་སྟོད་ཡུལ་དུ་གང་མཇལ་བདེ་ཆེན་འདྲེན། །ཞེས་ལུང་གིས་ཟིན་པའི་སྐྱེས་མཆོག་འདིའི་འཁྲུངས་ཡུལ་གཡས་རུ་གཙང་གི་བ་གོར་དུ་ཡབ་ཀྱི་མཚན་ལ་དབོན་ཚང་ཀུན་དགའ་དང་ཡུམ་བྲུ་ཟ་རྒྱན་མ་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཆུང་ནས་དད་བརྩོན་དང་ཤེས་རབ་ལྡན་ལ་སྐྱེས་བུ་དམ་པའི་རང་གཤིས་མངོན། དགུང་ལོ་བཅུ་བའི་དུས་སུ་སློབ་དཔོན་གསལ་བ་ཡེ་ཤེས་ཀྱི་མདུན་ནས་ཐོས་བསམ་སྦྱངས་ཤིང་སྒྲོ་འདོགས་ལེགས་པར་བཅད། དེ་ནས་བྲུ་སྟོན་རྣམ་རྒྱལ་ཀ་རའི་དྲུང་དུ་གསང་སྔགས་ཀྱི་དབང་ལུང་དང་ཐེག་ཆེན་གྱི་ངོ་སྤྲོད་ཞུས། དྲིན་ཅན་བླ་མ་གཡུང་དྲུང་ཡེ་ཤེས་ཀྱི་མདུན་ནས་སེམས་ཕྱོགས་ཀྱི་བོན་གདམས་ངག་དམར་ཁྲིད་དང་བཅས་པ་གསན། དབུས་གཙང་དང་མངའ་རིས། མདོ་ཁམས་སྟོད་སྨད་ཀྱི་གནས་ཆེན་ཀུན་ལ་བྱོན་ནས་ཉམས་ལེན་བསྐྱངས། དབུ་མའི་དོན་རྟོགས་ཤིང་ས་དང་ལམ་གྱི་ཡོན་ཏན་ལ་མངའ་བརྙེས། མཆོག་སྐུ་མངོན་སུམ་དུ་མཇལ་ཞིང་ཐོགས་མེད་རྫུ་འཕྲུལ་གྱི་རྩལ་དང་ལྡན། སྐུ་ལུས་ལ་གྲིབ་མ་མེད་པ། སྣང་སྲིད་ཐམས་ཅད་སྒྲིབ་མེད་དུ་མཁྱེན་པ་ལ་སོགས་གྲུབ་རྟགས་བསམ་ལས་འདས་སོ། །གོང་མའི་གདན་ས་ལའང་བཤད་སྒྲུབ་ཀྱི་བཀའ་འཁོར་བསྐོར་ནས་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་བྱིན་ཅན་མང་དུ་བཞེངས། མཆོད་འབུལ་ཚོགས་སྦྱོར་གྱི་དགེ་རྩ་རྒྱ་ཆེན་པོ་མཛད།
རྗེས་འཇུག་བུ་སློབ། རྒྱལ་བ་མཉམ་མེད་ཆེན་པོ་དང་། སྨྲ་དབང་དྲང་སྲོང་རིན་ཆེན་རྒྱལ་མཚན། མཁས་གྲུབ་ནམ་མཁའ་ལ་སོགས་བསྟན་པ་དང་འགྲོ་བའི་དཔལ་མགོན་ས་གསུམ་ན་འགྲན་ཟླ་བྲལ་བ་བསམ་ལས་འདས་སོ། །ལྟ་སྤྱོད་སྒོམ་པའི་མཛོད་ལ་དབང་བསྒྱུར་ཏེ་འཕྲིན་ལས་རྣམ་བཞིས་འགྲོ་དོན་ཕྱོགས་མེད་དུ་མཛད་མཐར། དགུང་ལོ་རེ་བཞི་བ་ལ་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས། གདུང་ལས་རྣམ་རྒྱལ་སྐུ་སོགས་བྱོན་པ་རྣམས་ཕྱི་རབས་ཀྱི་འགྲོ་བ་འདྲེན་པའི་རྟེན་དུ་བཞུགས་པ་ལགས་ཏེ། གཡས་རུ་གཙང་གི་སྟོན་པ་བཅོ་བརྒྱད་ཀྱི་རྣམ་པར་ཐར་པ་མདོར་བསྡུས་སུ་བཀོད་པ་རེ་ཞིག་དེ་ཙམ་གྱིས་རྫོགས་སོ། །
མཉམ་མེད་ཤེས་རབ་རྒྱལ་མཚན།
དུས་འདི་ཙམ་ན་གཡས་རུ་དབེན་ས་ཁ་ཞེས་པའི་གདན་ས་ཆེན་པོ་དེ་ཉིད། འབྱུང་བའི་གཡོ་འཁྲུག་གིས་རྐྱེན་བྱས་ཏེ་ཤྭ་ཆུས་འཇིག(༡༤༠༣)ནས་འབྱུང་བ་མེ་ཆུའི་ཁམས་ལ་རྩིས་སྤྲད་པས། ད་ལྟ་མིང་ཙམ་དུ་གྱུར་མོད། འོན་ཀྱང་རྒྱལ་བ་མཉམ་མེད་ཆེན་པོ་ཤེས་རབ་རྒྱལ་མཚན་ཞེས་མཚན་སྙན་གྱི་བ་དན་དཀར་པོས་ས་ཆེན་མཛེས་པར་བྱས་པའི་སྐྱེས་མཆོག་དེ་ཉིད་རབ་བྱུང་དྲུག་པའི་མེ་སྤྲེལ(༡༣༥༦)ལ་ཤར་ཕྱོགས་རྒྱལ་མོ་རོང་དུ་ཡབ་དབྲ་རིགས་བོན་པོ་ཀླུ་རྒྱལ་དང་ཡུམ་རིན་ཆེན་སྨན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གཞོན་དུས་ནས་མདོ་ཁམས་དབུས་གཙང་གི་གྲྭ་ས་འགྲིམས་ནས་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་ཕུལ་དུ་ཕྱིན་པར་མཛད། དགུང་ལོ་སོ་གཅིག་གི་སྟེང་(༡༣༨༦)གཡས་རུ་དབེན་ས་ཁ་ལ་ཕེབས། རྒྱལ་རིགས་བྲུ་ཡི་གདུང་འཛིན་རྣམ་གཉིས་ཀྱིས་དབུ་རྩེ་དཀར་དམར་གྱི་གདན་ས་ཕུལ། དེ་ནས(དགུང་ལོ་ཞེ་བརྒྱད་སྟེང་)ཡབ་ཡུམ་ལ་མཇལ་འཕྲད་དུ་བྱོན་ཅིང་སླར་དར་རྩེ་མདོ་རུ་ཕེབསཚེ། དབེན་ས་ཁ་འཇིག(༡༤༠༣)ཚུལ་གསན་ནས་དེ་ཕྱོགས་སུ་བཞུགས་ཏེ་མདོ་ཁམས་ཀྱི་གདུལ་བྱ་སྨིན་གྲོལ་ལ་དགོད་པར་དགོངས་ཀྱང་། ཡེ་ཤེས་དབལ་མོས་ལུང་བསྟན་བཞིན་གཙང་དུ་བྱོན། དགུང་ལོ་ལྔ་བཅུ་ཐམ་པ་སྟེ་རབ་བྱུང་བདུན་པའི་ཤིང་བྱ(༡༤༥)ལ་ཐོབ་རྒྱལ་ཕོ་བ་རིའི་མགུལ་དུ། དཔལ་གཤེན་བསྟན་བཀྲ་ཤིས་སྨན་རིའི་དགོན་པ་བཏབས་ནས་གྲྭ་ཚང་གླིང་སྟོད། གླིང་སྨད། གླིང་སྐེད། གླིང་ཟུར་བཞི་གྱེས་ཤིང་། ཁང་ཚན་གྱི་གྲངས་སོགས་སྔོན་མ་ཇི་བཞིན་པར་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་དར་ཁྱབ་ཆེ། དགུང་ལོ་དྲུག་ཅུ་བའི་ཤིང་ལུག(༡༤༡༥)ལ་དགོངས་པ་ཞིང་ཁམས་གཞན་དུ་གཏད་པ་དང་། བསླབ་པ་གསུམ་ལྡན་གྱི་དགེ་བཙུན་ལྔ་བརྒྱ་ལྷག་རྒྱུན་དུ་བཞུགས་ལ། གདན་འཛིན་རྒྱལ་ཚབ་སྨྲ་བའི་དབང་ཕྱུག་རིན་ཆེན་རྒྱལ་མཚན་ནས་བཟུང་། ད་ལྟ་དངོས་སུ་བཞུགས་པའི་མཁན་རབས་སོ་གསུམ་པ་སྐུ་མདུན་ལུང་རྟོགས་བསྟན་པའི་ཉི་མ་འདི་བ་ལ་ཐུག་གི་བར་སྟེ། བཤད་སྒྲུབ་འཁོར་ལོ་གསུམ་གྱི་མཛད་པ་གཅིག་རྗེས་གཉིས་མཐུད་ཀྱིས་བསྟན་འགྲོའི་དོན་མཛད་པ་ལགས་སོ། །
སྨྲས་པ།
རྣམ་དག་བོན་སྐུ་ལྷ་ཡི་ལམ་ཡངས་ངོས། །རྣམ་གསལ་རྫོགས་སྐུ་ཉི་ཟླའི་བཀོད་པ་རྒྱས། །རྣམ་པ་སྤྲུལ་སྐུའི་འོད་ཟེར་བྱེ་བའི་གྲངས། །རྣམ་མང་འགྲོ་ཁམས་མུན་པ་སེལ་བར་བཀྱེས། །ཐོས་པས་སྡེ་སྣོད་རྒྱ་མཚོའི་ཕ་མཐའ་བཅད། །བསམ་པས་སྒྲོ་འདོགས་མཆོང་བུ་ཕྱི་ལ་དོར། །སྒོམ་པས་བསླབ་གསུམ་ཡིད་བཞིན་མཆོག་བླངས་པ། །གཡས་རུ་གཙང་གི་སྟོན་པ་ན་རིམ་མོ། །སྤངས་པའི་ལམ་ལ་ཚུལ་ཁྲིམས་མཐའ་རུ་ཕྱིན། །བསྒྱུར་བའི་ལམ་ལ་གྲུབ་རྟགས་ཕུལ་དུ་བྱུང་། །གྲོལ་བའི་ལམ་ལ་སྟོང་གསལ་བདེ་བ་ཆེ། །རྒྱུད་གསུམ་ནོར་བུའི་གཏེར་སྤྱོད་ཁོ་ནའོ། །སྐུ་ཚེའི་ཚད་དང་མཛད་འཕྲིན་ལས་མཐར་ཕྱིན་པ། །གདུལ་བྱའི་བསོད་ནམས་ཉིད་ལ་རག་ལས་ཤིང་། །སྡོམ་པ་གསུམ་གྱིས་བརྒྱན་པའི་སྐྱེས་བུ་སྟེ། །མཁས་དང་གྲུབ་པའི་ཡོན་ཏན་གཅིག་འདྲ་ཡིན། །མཁས་མཁས་གཙང་གི་སྟོན་པ་བཅོ་བརྒྱད་ཀྱི། །མཚར་མཚར་རྣམ་པར་ཐར་ལས་ཆ་ཤས་ཙམ། །མང་མང་དད་ལྡན་དགྱེས་པའི་དགའ་སྟོན་དུ། །ཉུང་ཉུང་བྱས་འདི་ལྷག་བསམ་དག་པས་སོ། །འདི་ལ་འགལ་འཁྲུལ་རྙོག་པའི་སྐྱོན་སྲིད་ན། །གཟུར་གནས་ཀེ་ཏ་ཀ་ཡིས་བགྲུང་བར་མཛོད། །དགེ་ཚོགས་འགྲོ་ཀུན་བླ་མས་རྗེས་བཟུང་ནས། །གཏན་བདེའི་གོ་འཕང་ཐོབ་པའི་རྒྱུ་རུ་བསྔོ། །ཀུན་རྟོགས་བློ་ཡི་ཆུ་འཛིན་འཁྲིགས་རུམ་ནས། །རྟོགས་བརྗོད་གྲུ་ཆར་བསྙིལ་བས་བདག་སོགས་ཀྱི། །ཀུན་གཞིའི་ཞིང་ས་དད་པས་ལེགས་གཤེར་ཏེ། །སྐྱེ་ཞིང་སྐྱེ་བར་དམ་པའི་སྲས་སུ་ཤོག །
ཅེས་གཡས་རུ་གཙང་གི་འདུ་གནས་ཆེན་མོ་ལྷུན་གྲུབ་དབེན་ས་ཁའི་གདན་རབས་མདོ་རུ་བསྡུས་པ་དད་ལྡན་དགའ་བའི་རྒྱན་ཞེས་བྱ་བ་འདི་ནི། ལོ་རྒྱུས་ཀྱི་དགོས་མཁོ་དང་བསྟུན་ཏེ་བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་དང་ཨ་ཁྲིད་བརྒྱུད་པའི་རྣམ་ཐར་རིན་ཆེན་ཕྲེང་བ་གཞིར་བྱས་ཐོག མཁན་ཆེན་ཉི་མའི་བསྟན་རྩིས་དང་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་མཛད་པའི་བསྟན་རྩིས། ཧོར་པ་དྲུང་རམས་པའི་བསྟན་རྩིས་སོགས་ལ་ཟུར་ལྟ་བྱས་ཏེ། རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་དྲུང་ཡིག་ཆེན་མོའི་མིང་ཙམ་འཛིན་པ། བསོད་ནམས་གཡུང་དྲུང་གིས་རང་ལོ་ཉེར་བརྒྱད་པ་རབ་གནས་ལྕགས་རྟ་ལོའི་ཧོར་ཟླ་༤བའི་ཡར་ཚེས་ལ་བོན་བརྒྱ་སྨན་རི་བཤད་སྒྲུབ་གླིང་དུ་བགྱིས་ཤིང་། རྗེས་སུ་ས་ཕོ་བྱི་བའི་ལོ་ལ་རྩེ་ཞིག་གཡུང་དྲུང་བོན་བསྟན་འཕེལ་རྒྱས་གླིང་ནས་གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་ཆེན་མོར་ཞུ་དག་གི་ཐུན་གསེང་རྣམས་སུ་ཁ་གསབ་ཅུང་ཟད་རེ་བྱས་ནས་བྲིས་པ་ཐ་ཚན་མུ་ཙུག་སྨར་རོ།། །།