ལི་ཤུའི་མཐོ་སློབ།
[ཟླ་ཚེས། 2018-07-24 22:14:01][རྩོམ་པ་པོ། གཟི་གཡང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༧སྨན་རིའི་དགེ་བཤེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེས་ཕྱག་བཏབ་པའི་ལི་ཤུའི་མཐོ་སློབ།
གནམ་གྱི་ལྷ་སྲས་དོག་ལ་ཕེབས་པ་ལོ་རྒྱུས་ཞིག་གི་དབུ་འཁྱུད་ཡིན།།
གསེར་གྱི་གཡུང་དྲུང་ཀླད་ལ་བསྐོར་བ་གཤེན་པོ་རྣམས་ཀྱི་མཛད་རྗེས་ཡིན།།
འགྱུར་མེད་གཡུ་ཡི་བྲག་ཆེན་བལྟམས་པ་མེས་པོས་བསྐྲུན་པའི་ཕྱྭ་མཁར་ཡིན།།
དུང་གི་དྲང་ཤིང་སྲིད་མཐར་བརྐྱངས་པ་རིག་འཛིན་རྣམས་ཀྱི་ཕྱག་སྲོལ་ཡིན།།
བསྟ༵ན་པའི་མེ་རོ་ནུབ་ནས་བསུས་ཏེ་གོ་ལ་ཕྱོགས་འཚམས་དྲོས་པར་མཛད།།
འཛི༵ན་སྐྱོང་སྤེལ་ལ་གྲགས་དཀར་རྒྱས་ཏེ་ས་ཆེན་རབ་ཏུ་གཡོ་བར་བརྩམས།།
དབ༵ང་དང་གཟི་བྱིན་མཁྱེན་དཔྱོད་རྣམས་ཀྱིས་སྐྱེ་འགྲོའི་དྭངས་བ་ལྷག་ཏུ་འདྲེན།།
རྒྱ༵ལ་སྲས་རིགས་འཛིན་གོང་མ་རྣམས་ཀྱི་ཐུགས་སྲས་སྐྱེས་བུ་ཁྱེད་ཉིད་རྒྱལ།།
རྣམ་དཀར་མཛད་འཕྲིན་གྲགས་སྙན་རེ་ལ་སྟོང་རི་ཆེམས་པའི་རླབས་སྒྲ་རེ།།
དུས་ཀྱི་ཉི་ཟེར་ཆིབས་སུ་བཞོན་ཏེ་ལྷོ་གླིང་འཛིན་མའི་ཁྱོན་ཡོངས་སུ།།
དགྱེས་འཛུམས་ཞི་བག་གཤེན་འགྲོས་གོམ་གསུམ་གསེར་གྱི་འཁོར་ལོའི་འོད་དང་བཅས།།
ངལ་བ་མེད་པར་སྐྱེ་དགུའི་མགོན་འདིར་རིགས་འཛིན་གདུང་འཚོབ་བྱོན་པར་རྨད།།
ནུབ་གླིང་བྲེལ་འཕང་འདུ་འཛིའི་གྲོང་ན་དལ་འབྱོར་རྙེད་པའི་བླ་མཁར་བསྐྲུན།།
སྣ་མང་མི་རིགས་ངལ་བའི་ཁྲོད་ན་ཁྱེད་ཀྱིས་ཞི་བདེའི་འོད་སྣང་སྤེལ།།
ཞང་བོད་མེས་པོའི་སྙིང་གདམས་ཟབ་མོས་སྐྱེ་བོ་ཁྲི་སྟོང་འགུག་པར་མཛད།།
དུས་རབས་འདི་ལ་གསེར་ཡིག་བཀོད་པའི་མཛད་རྗེས་རིང་མོ་ཁྱེད་ཀྱིས་ཕབས།།
ཤར་ནུབ་མི་རིགས་དཀར་ནག་ལ་སོགས་གདུལ་བྱའི་དབྱེ་འབྱེད་ཁྱེད་ལ་མེད།།
སྣོད་དང་དད་དམ་རྒྱུད་ལ་ལྡན་པ་སློབ་མ་ཁྲི་སྟོང་གསོ་སྐྱོང་ཕྱིར།།
དབེན་གནས་རྒྱལ་གྲོང་མཐའ་འཁོབ་སོགས་ལ་བོན་ཚོགས་སློབ་གླིང་བརྒྱ་ཕྲག་བརྒལ།།
གཉན་འཕྲང་དུས་ཀྱི་འཁོར་ཁུག་འདི་ན་བསྟན་པའི་དར་ཆེན་བསྒྲེངས་པར་བསྔགས།།
ཞེས་བསྟོད་ཚིག་མེ་ཏོག་ཕྲེང་བས་སྔོན་དུ་བསུས་ཏེ། འདིར་ད་ལན་ལི་ཤུའི་མཐོ་སློབ་དང་འབྲེལ་བའི་སྐོར་ཅུང་ཞིག་ཞུ་ན། ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ཞིང་གཤེགས་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་། གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱིས་སྤྱིར་སྐྱེ་འགྲོ་ཡོངས་དང་སྒོས་སུ་རང་རེའི་བསྟན་དང་བསྟན་འཛིན་གཤེན་པོ་རྣམས་ལ་དུས་དང་རྣམ་པ་ཀུན་ཏུ་ཐུགས་བརྩེ་བ་ཆེན་པོའི་མཐུ་དཔུང་སྡོང་གྲོགས་དང་བཀའ་སློབ་ལམ་སྟོན་གནང་བའི་བསོད་སྐལ་ལ་བརྟེན་ནས། ༧སྨན་རིའི་དགེ་བཤེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་གི་སྔོན་བསགས་རྣམ་དཀར་གྱི་མཐུས། ཞི་བདེའི་དགེ་རྩ་འདི་ལྟ་བུ་ལ་དུས་དང་རྣམ་པ་ཀུན་ཏུ་གཏོང་ཕོད་ཅན་གྱི་བསྟན་པའི་སྦྱིན་བདག་ཆེན་མོ་རྒྱལ་སྤྱི་ལིག་མིན་རྐྱའི་བོན་ཚོགས་དང་། དེ་བཞིན་གཡུང་དྲུང་བོན་ལ་དད་དམ་གཡོ་བ་མེད་པ་དང་། ཟོལ་མེད་ལྷག་བསམ་ཅན་གྱི་ཁོང་གི་རྒྱལ་སྤྱིའི་སློབ་མ་རྣམས་ཀྱིས་རོགས་འདེགས་ལ་བརྟེན་ནས་ལི་ཤུའི་མཐོ་སློབ་དེ་ཉིད་ཕྱི་ལོ་༢༠༠༩ལོར་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་དྷེ་ར་དྷུན་(Dehradun)དུ་ཕྱག་བཏབ་གནང་ཞིང་། ལི་ཤུའི་མཐོ་སློབ་ཀྱི་ཡུལ་ཁྲིམས་དང་བསྟུན་པའི་ཐོག་མའི་ས་ཆ་ཉོ་སྒྲུབ་ནས་བར་གྱི་བཞེངས་བསྐྲུན། མཐའ་མའི་འཛིན་སྐྱོང་གི་གནད་ཆའི་ལས་ཀ་གང་མང་ཞིག་ལ། ༧སྨན་རིའི་དགེ་བཤེས་ཁུ་ནུ་བ་མཐུ་སྟོབས་རྒྱལ་མཚན་ལགས་ནས་དུས་རྣམ་ཀུན་ཏུ་རྒྱབ་སྐྱོར་ཚད་མེད་གནང་སྟེ། དེའང་མཐོ་སློབ་འདི་ཉིད་གནས་ཡུལ་རྒྱལ་ཁབ་དང་འབྲེལ་བའི་གཞུང་འབྲེལ་ཡིག་ཆ་ཁག་བཟོ་བསྐྲུན་མཐུན་སྦྱོར་དང་། ས་གནས་མི་མང་ལ་གོ་བརྡའི་འབྲེལ་མཐུད་སོགས། གང་ལྟར་མཐོ་སློབ་འདི་ཉིད་ཀྱི་ཕྱི་ནང་གསང་གསུམ་གྱི་ཕྱག་ལས་ཐད་ལ་རོགས་འདེགས་དང་བསྟན་པའི་ཞབས་ཕྱི་བསྒྲུབས་དང་སྒྲུབ་མུས་སུ་མཆིས།
སྔོན་འགྲོའི་དབུ་འབྱེད་རྟེན་འབྲེལ་མཛད་སྒོའི་སྐབས་སུ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དང་ཕྱོགས་མཐའ་ཁག་ནས་གདན་འདྲེན་ཞུས་པའི་བླ་སྤྲུལ་དགེ་བཤེས་གྲྭ་མང་དང་། རྒྱལ་སྤྱིའི་ཡུལ་གྲུ་ཁག་ནས་ཆེད་ཕེབས་གནང་བའི་སློབ་འབངས་དང་། ས་གནས་མི་མང་བརྒྱ་ཕྲག་ཁ་ཤས་མཉམ་འཛོམས་ཐོག་སྔ་དྲོར་བསང་གསོལ་རྒྱས་འབུལ་དང་། ལྷ་རྒྱལ། ཡེ་ཤེས་དབལ་མོའི་གར་འཆམ་སོགས་མཇུག་གྲུབ་རྗེས་དགེ་བཤེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་གིས་ཆེད་དུ་ཕེབས་པའི་རྒྱལ་སྤྱིའི་སློབ་མ་རྣམས་ལ་རྟེན་འབྲེལ་གྱི་ཚུལ་དུ་བོན་འཁྲིད་ཀྱི་བཀའ་དྲིན་བསྐྱངས་གནང་ནས། མཐོ་སློབ་འདི་ཉིད་ཀྱི་རྟེན་འབྲེལ་སྔོན་འགྲོའི་མཛད་སྒོ་ཁ་དགེ་བཀྲ་ཤིས་ཀྱི་ངང་ནས་མཇུག་ཡོངས་སུ་ལེགས་པར་གྲུབ།
སྤྱིར་ལི་ཤུའི་མཐོ་སློབ་ཀྱི་མཚན་གནས་འདི་ཡང་རྟེན་འབྲེལ་གྱི་ཚུལ་དུ་སྙ་ཆེན་ལི་ཤུ་སྟག་རིང་གི་མཚན་གནས་ཚུར་རྗེས་བཟླས་སུ་དྲངས་པ་ཞིག་ཡིན། བོན་ཚོགས་དེ་ཉིད་༧དཔལ་གཤེན་བསྟན་སྨན་རིའི་དགོན་ནས་ལྷོ་ཤར་ཕྱོགས་སུ་སྤྱི་ལེ་༡༦༠ཙམ་གྱི་ས་གནས་སུ་སྤོས་དཀར་ཤིང་གིས་ཡོངས་སུ་བརྒྱན་པའི་དེའུ་འབུར་ཞིག་གི་ཐོག་ཏུ་རི་ཁྲོད་ཀྱི་ཚུལ་དུ་གནས་ཡོད། དེ་ནས་སྤྱི་ལེ་༡༤ཙམ་གྱི་རྒྱང་ཐག་ལ་རྫ་སྨོན་རྒྱལ་གཡུང་དྲུང་གླིང་གི་དགོན་པ་ཡོད། བོན་ཚོགས་འདི་ཉིད་ཐོག་མར་ས་བརྟག་གནང་བའི་སྐབས་སུ་ས་གནས་དེར་མེ་ཏོག་ཙམ་པ་ཀ་དཀར་ལམ་མེར་འཐོར་བ་སོགས་བཀྲ་ཤིས་ཀྱི་དགེ་རྟགས་དུ་མ་བྱུང་བར་གླེང་། ཕྱི་ལོ་༢༠༠༩ལོར་ཁྲིམས་མཐུན་ཡིག་ཆའི་ཐོག་ནས་ས་ཆ་དེ་ཉིད་ལི་ཤུའི་བོན་ཚོགས་ཀྱི་བདག་དབང་དུ་འགྱུར་ཏེ། རིམ་པར་༢༠༡༢ལོར་ལི་ཤུའི་མཐོ་སློབ་ཀྱི་ཁང་བརྩེགས་གསུམ་ཅན་ཐོག་མ་དེ་དངོས་སུ་ལེགས་གྲུབ་བྱུང་། དེ་དག་གི་ནང་འཛིན་ཁང་དང་། ཚོགས་ཁང་། དཔེ་མཛོད། ཉལ་ཁང་ལ་སོགས་ཀྱི་རྒྱལ་སྤྱིའི་སློབ་མ་རྣམས་ཀྱི་ཆེད་གང་དགོས་ཀྱི་ཆ་རྐྱེན་ཡོངས་སུ་ཚང་བར་འཛུག་བསྐྲུན་གནང་ཡོད།
ཕྱི་ལོ་༢༠༡༡ཟླ་༢ཚེས་༢༢ནས་ཟླ་༣ཚེས་༤བར་བསྐྱར་དུ་རིན་པོ་ཆེ་མཆོག་རྒྱལ་སྤྱིའི་སློབ་ཚོགས་བརྒྱ་ཕྲག་ལྷག་མཉམ་དུ་ལི་ཤུའི་མཐོ་སློབ་ཏུ་ཕེབས་ནས་བསང་གསོལ་རྒྱས་འབུལ་དང་ལྷ་རྒྱལ་སོགས་གནང་ཞིང་། སློབ་མ་རྣམས་ལ་ལི་ཤུ་སྟག་རིང་གི་ལོ་རྒྱུས་དང་། ཤེས་རབ་བྱམས་མའི་ཉམས་ལེན་གྱི་བོན་ཁྲིད་སོགས་ཀྱི་བཀའ་དྲིན་བསྐྱངས་གནང་མཛད། དེ་ནས་མཐོ་སློབ་ཏུ་གཏན་བཞུགས་ཀྱི་འགན་འཛིན་དང་དགེ་རྒན་སོགས་བསྐོས་བཞག་གནང་ནས་ལོ་གསུམ་གྱི་དུས་ཡུན་(ཕྱི་ལོ་༢༠༡༥ཟླ་༩ཚེས་༡༥ནས་ཕྱི་ལོ་༢༠༡༨ཟླ ༦ཚེས༡༤བར། ) གྱི་རིང་ཕྱི་རྒྱལ་སློབ་མ་ཐར་པ་དོན་གཉེར་ཅན་རྣམས་ལ་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་དཔེ་འཁྲིད་གནང་རྒྱུའི་འཆར་གཞི་འཆར་འགོད་སོགས་ལེགས་པར་གཏན་འབེབས་གནང་སྟེ། ཁོང་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་ཐོག་ལི་ཤུའི་བོན་ཚོགས་དུ་ལོ་གསུམ་གྱི་རིང་ལ། ར་ཤི་ཡ། (Russia) བྷ་ར་ཛིལ། (Brazil) པོ་ལན་ཌི། (Poland) མེག་སི་ཀོ། (Mexico) ཌན་མག། (Denmark) ཧ་ན་གྷ་རི། (Hungary) སི་པན། (Spain) ཀོ་ལམ་བྷི་ཡ། (Columbia) ཕྷ་རན་སི། (France) ཅེཀ་སྤྱི་མཐུས་རྒྱལ་ཁབ། (Czech Republic)ཨ་ཕྷི་རི་ཀ། (Africa)ཨ་རི། (USA) ཕྷིན་ལེན་དྲ་ (Finland) ལ་སོགས་ཀྱི་རྒྱལ་ཁབ་ཁག་ནས་རྒྱལ་སྤྱིའི་སློབ་མ་རྣམས་ཕེབས་ནས་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་དང་འབྲེལ་བའི་སློབ་ཁྲིད་དང་ཉམས་ལེན་སོགས་ཚད་ལྡན་ཚུལ་མཐུན་གནང་ཡོད།
དེ་ཡང་ལི་ཤུའི་མཐོ་སློབ་ཀྱི་གཡུང་དྲུང་བོན་ཚོགས་འདི་ཉིད། དགེ་བཤེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེས་དགོངས་གཞི་དགོས་པ་རྒྱ་ཆེན་པོ་ལ་གཟིགས་ཏེ་རྒྱལ་སྤྱིའི་ཡུལ་གྲུ་ཁག་ཏུ་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡུན་དུ་གནས་པ་དང་། བོན་གྱི་མདོ་སྔགས་སེམས་གསུམ་ལ་སློབ་པ་དོན་དུ་གཉེར་མཁན་དང་། ཞང་བོད་ཀྱི་ཆོས་དང་རིག་གཞུང་ལ་ཉམས་ཞིབ་གནང་མཁན་རྣམས་ལ་ཆེད་དུ་དམིགས་ནས་ཕྱག་བཏབ་པ་ཞིག་ཡིན།
“བདེ་སྟོང་རྩལ་ལས་གསང་ཆེན་ལྷ་སྐུར་བཞེངས།།
གྲོལ་ལམ་རིག་པས་ཤེས་བྱ་བུམ་པར་ཆུད།།
བསྐལ་སྟོང་སངས་རྒྱས་མངོན་གྱུར་ལི་ཤུ་ཡི།།
བོན་གྱི་སྒར་ཆེན་འཛིན་མའི་ཁྱོན་འདིར་གཏམས།།”
ལི་ཤུའི་མཐོ་སློབ་ཏུ་ལོ་གསུམ་གྱི་དཔེ་ཁྲིད་དངོས་སུ་དབུ་འཛུགས་གནང་བའི་སྐོར།
ཕྱི་ལོ་༢༠༡༥ཟླ་༩ཚེས་༡༤སྟེ་བཀྲ་ཤིས་པའི་དུས་བཟང་ཉིན་རྫ་སྨོན་རྒྱལ་གཡུང་དྲུང་གླིང་གི་དབུ་བླ་༧སྨན་རིའི་དགེ་བཤེས་གཡུང་དྲུང་བསྟན་རྒྱལ་སྐུ་འཁོར་བཅས་ལི་ཤུའི་བོན་ཚོགས་སུ་གདན་ཞུས་ཐོག་སྔ་དྲོར་བསང་གསོལ་རྒྱས་འབུལ་དང་ལྷ་རྒྱལ་གསོལ་གནང་ཞིང་། སྐུ་མགྲོན་དང་སློབ་མ་མང་ཚོགས་བཅས་ལ་འབྲས་སིལ་དང་གསོལ་ཇ་སོགས་རྒྱས་འབུལ་ཞུས་ནས་ལོ་གསུམ་གྱི་དཔེ་འཁྲིད་དངོས་སུ་དབུ་འཛུགས་གནང་། དེ་ཡང་ལོ་གསུམ་གྱི་དཔེ་འཁྲིད་ཀྱི་བསླབ་གཞི་གཙོ་བོ་གསུམ་ནི། ལོ་དང་པོར་དབུས་གཏེར་ལུགས་ཀྱི་ཐེག་པ་རིམ་པ་དགུ་དང་། ལོ་གཉིས་པར་ཐབས་དྲུག་ལམ་ཁྱེར་དང་། ལོ་གསུམ་པར་ཞང་ཞུང་སྙན་རྒྱུད་ཀྱི་བཀའ་བརྒྱུད་སྐོར་བཞི་བཅས་ཡིན། ལོ་དང་པོའི་སློབ་འཁྲིད་སྐབས་བཤད་འཁྲིད་གཙོ་བོར་བཟུང་བ་དང་། ལོ་གཉིས་པ་དང་གསུམ་པའི་དཔེ་འཁྲིད་ཀྱི་དུས་ཡུན་རིང་ཁྲིད་ཀ་དང་ཉམས་ལེན་ཟུང་སྦྲེལ་གནང་ཡོད།
སྤྱིར་ལི་ཤུའི་བོན་ཚོགས་སུ་ལོ་གསུམ་དཔེ་འཁྲིད་སློབ་དུས་ཀྱི་བརྒྱུད་རིམ་ནང་རྒྱལ་ཁབ་བཅུ་བཞི་ལྷག་ནས་རྒྱལ་སྤྱིའི་སློབ་མ་སུམ་ཅུ་ལྷག་གིས་དཔེ་ཁྲིད་ཞུས་ཡོད་པ་དང་། དེའི་ནང་ནས་ལོ་གསུམ་གྱི་དཔེ་འཁྲིད་ཧྲིལ་པོར་ཞུས་མཁན་ཕ་རན་སིའི་སློབ་མ་ཊི་ཡ་ན་ཊི་ཕི་(Tiana Tefy)ལགས་ཡིན། སྒོས་སུ་ལོ་དང་པོའི་དཔེ་འཁྲིད་ཆ་ཡོངས་སུ་རྫོགས་པ་ཞུས་མཁན་ཕ་རན་སིའི་སློབ་མ་ཊི་ཡ་ན་ཊི་ཕི་ལགས་དང་། ཧན་གྷ་རི་རྒྱལ་ཁབ་ནས་ཡིན་པའི་ཀེ་ཊ་ལིན་(Katalin)དང་། པོ་ལན་ཌའི་རྒྱལ་ཁབ་ནས་ཡིན་པའི་ཡ་སེཀ་(Jacek)བཅས་སློབ་མ་གསུམ་ལེགས་ཐོན་བྱུང་ཡོད་པ་དང་། ལོ་གཉིས་པའི་དཔེ་འཁྲིད་ཡོངས་སུ་རྫོགས་པར་ཞུས་མཁན་ཕ་རན་སིའི་སློབ་མ་ཊི་ཡ་ན་ཊི་ཕི་ལགས་དང་། ཧན་གྷ་རིའི་ཨ་བེལ་བཅས་སློབ་མ་གཉིས་ལེགས་ཐོན་བྱུང་ཡོད་པ་དང་། ལོ་གསུམ་པའི་དཔེ་འཁྲིད་ཧྲིལ་པོར་ཞུས་མཁན་ཕ་རན་སིའི་སློབ་མ་ཊི་ཡ་ན་ཊི་ཕི་ལགས་དང་། ཧན་གྷ་རི་རྒྱལ་ཁབ་ནས་ཡིན་པའི་ནོར་བྷ་ཊ་ལགས་བཅས་སློབ་མ་གཉིས་ལེགས་ཐོན་བྱུང་ཡོད།
ལི་ཤུའི་མཐོ་སློབ་ཏུ་ལོ་དང་པོའི་སློབ་དུས་དང་དཔེ་ཁྲིད་ཀྱི་སྐོར།
ལོ་དང་པོའི་དཔེ་ཁྲིད་ནི་དབུས་གཏེར་ལུགས་ཀྱི་ཐེག་པ་རིམ་པ་དགུའི་སྐོར་ལ་ཡིན། དེ་ཡང་ཐོག་མར་ཐེག་པ་ཆུང་བ་ལྷ་མི་གཞན་བརྟེན་དང་རང་རྟོགས་གཤེན་རབ་གཉིས་འབུམ་རམས་མ་བཟང་མོ་ལགས་ཀྱིས་སློབ་འཁྲིད་གནང་བ་དང་། དེ་དག་དང་མཉམ་དུ་གཡུང་དྲུང་བོན་གྱི་ཞལ་འདོན་དང་བོད་ཀྱི་སྐད་ཡིག་མདོ་གཟེར་མིག་གི་ལེའུ་དང་པོ་སོགས་ཁྲིད། ལོ་དང་པོའི་སློབ་དུས་དང་པོའི་བར་མཚམས་སུ་༧སྨན་རིའི་དགེ་བཤེས་ཤེས་རབ་བློ་གྲོས་གདན་ཞུས་ནས་ལི་ཤུའི་སློབ་མ་རྣམས་ལ་བསང་བཀའ་སྐྱོང་གི་རྔ་བརྡུང་སོགས་བསླབས། ལི་ཤུའི་སློབ་མ་རྣམ་པས་དམིགས་བསལ་འབོད་བསྐུལ་གྱིས་དཔེ་འཁྲིད་ཀྱི་མཇུག་བསྡོམས་སྐབས་༧སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གདན་ཞུས་ཐོག་ཁོང་ཉིད་ཀྱིས་རྒྱལ་སྤྱིའི་སློབ་མ་རྣམས་ལ་བྱམས་མ་འབུམ་ལྔའི་ཁྲིད་ཀ་དང་ལུང་སོགས་བཀའ་དྲིན་བསྩལ་གནང་བ་དང་། ལོ་དང་པོའི་སློབ་དུས་དང་པོའི་སྐབས་ལ་དགེ་བཤེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་ལི་ཤུའི་མཐོ་སློབ་ཏུ་ཆིབས་བསྒྱུར་བསྐྱངས་ནས་ལི་ཤུའི་དགེ་སློབ་ཡོངས་ལ་བཀའ་སློབ་ལམ་སྟོན་སོགས་བསྩལ་གནང་། དེ་ནས་སློབ་མ་རྣམས་ཀྱི་མོས་འདུན་ལྟར་ཁོང་ཉིད་མཉམ་དུ་ལི་ཤུའི་དགེ་སློབ་རྣམས་༧དཔལ་གཤེན་བསྟན་༧སྨན་རིའི་དགོན་ལ་ཕེབས་ནས་ཁོང་གིས་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་ལི་ཤུའི་སློབ་མ་རྣམས་ལ་མ་རྒྱུད་ཀྱི་རྩ་བའི་འཕྲུལ་འཁོར་རྣམ་ལྔ་སོགས་འཁྲིད་གནང་། དེ་ནས་༧སྐྱབས་རྗེ་དམ་པ་རྒྱལ་བ་༧སྨན་རིའི་ཁྲི་འཛིན་སོ་གསུམ་པ་དང་༧སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ། དེ་བཞིན་༧སྨན་རིའི་བཤད་སྒྲུབ་མཁན་དཔོན་སློབ་སོགས་མཇལ་ནས་ལོ་རིམ་དང་པོའི་དཔེ་འཁྲིད་ཀྱི་སློབ་དུས་དང་པོ་ཁ་དགེ་བཀྲ་ཤིས་ངང་ལེགས་གྲུབ་བྱུང་།།
ལི་ཤུའི་མཐོ་སློབ་ཏུ་ལོ་དང་པོའི་སློབ་དུས་གཉིས་པའི་དཔེ་འཁྲིད་ཀྱི་སྐོར།
༢༠༡༦ལོའི་ཟླ་༡ཚེས་༤ནས་ཟླ་༣ཚེས་༡༡བར་བདུན་ཕྲག་བཅུ་ཡི་རིང་མདོ་ཡི་ལུགས་ཀྱི་ཐེག་པ་ཆེ་བ་གཉིས་ཀྱི་སྐོར་ལ་དཔེ་འཁྲིད་གནང་ཡོད་པ་དང་། ལོ་དང་པོའི་སློབ་དུས་གཉིས་པའི་སྐབས་ནས་༧སྨན་རིའི་དགེ་བཤེས་ཤེས་རབ་བློ་གྲོས་ལགས་ལི་ཤུ་མཐོ་སློབ་ཏུ་གཏན་འཇགས་ཀྱི་དགེ་རྒན་དུ་བསྐོས་གཞག་གནང་སྟེ་ཁོང་གིས་ཐུགས་རྗེ་སེམས་དཔའ་དང་གཡུང་དྲུང་སེམས་དཔའི་ཐེག་པ་སྤྲོས་མེད་པ་གཉིས་ཀྱི་གཞུང་འཁྲིད་ཆ་ཚང་བ་ཉིན་ལྟར་སློབ་ཁྲིད་བཀའ་དྲིན་བསྐྱངས་གནང་བ་དང་། འབུམ་རམས་མ་བཟང་མོ་ལགས་ཀྱིས་དབྱིན་སྐད་ཐོག་གསུང་བསྒྱུར་ཞུས། སྐབས་དེར་ལི་ཤུའི་དགེ་སློབ་རྣམས་༸རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པའི་བརྟན་བཞུགས་ཀྱི་མཛད་སྒོ་དང་སྟབས་བསྟུན་ནས་༸དཔལ་གཤེན་བསྟན་༧སྨན་རིའི་དགོན་ལ་མཇལ་བཅར་ཞུས་ནས་ཕྱག་མཆོད་འབུལ་དང་། ༧སྨན་རིའི་དཔོན་སློབ་རིན་པོ་ཆེའི་སྐི་མདུན་ནས་སལེ་འོད་དང་མ་ཏྲི་དུ་ཏྲི་སུ་བཅས་སྙིང་པོ་རྣམ་གསུམ་གྱི་ལྗགས་ལུང་བཀའ་ཁྲིད་སོགས་ཞུས་ཏེ། ལོ་དང་པོའི་སློབ་དུས་གཉིས་པའི་དཔེ་འཁྲིད་རྣམས་མཇུག་ལེགས་པར་གྲུབ།།
ལི་ཤུའི་མཐོ་སློབ་ཏུ་ལོ་དང་པོའི་སློབ་དུས་གསུམ་པའི་དཔེ་འཁྲིད་ཀྱི་སྐོར།
ཕྱི་ལོ་༢༠༡༦ཟླ་༣ཚེས་༢༨་ནས་ཟླ་༦ཚེས་༤བར་བདུན་ཕྲག་བཅུའི་རིང་ལི་ཤུའི་མཐོ་སློབ་ཏུ་རྒྱལ་སྤྱིའི་སློབ་མ་རྣམས་ལ་ཐེག་འགྲེལ་མེ་ལོང་དགུ་བསྐོར་ནང་གི་སྔགས་རྫོགས་ཐེག་པ་གཉིས་འཆད་ཁྲིད་གནང་བ་དང་། དཔེ་འཁྲིད་དབུ་འཛུགས་མ་གནང་སྔོན་ལི་ཤུའི་དགེ་སློབ་རྣམས་བལ་ཡུལ་༸དཔལ་ཁྲི་བརྟན་ནོར་བུ་རྩེར་གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་བརྟན་བཞུགས་ཀྱི་མཛད་སྒོར་བཅར་ནས་གསོལ་འདེབས་དང་མནྜལ་འདེགས་འབུལ། དེ་བཞིན་༧སྐྱབས་རྗེ་ཡོངས་འཛིན་མཆོག་གི་མདུན་ནས་ཟབ་གདམས་བཀའ་དབང་སོགས་ཞུས། དེ་བཞིན་༧སྐྱབས་རྗེ་མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་མཆོག་དང་༧དཔོན་སློབ་ཚངས་པ་བསྟན་འཛིན། སྒྲུབ་གྲྭའི་མཁན་རིན་པོ་ཆེ་སོགས་ནས་ཀྱང་བོན་འབྲེལ་གྱི་ཟབ་གདམས་གང་འགབ་ཞུས་ཏེ་ལི་ཤུའི་མཐོ་སློབ་ཏུ་ཕྱིར་ཕེབས་གྲུབ་མཚམས་དཔེ་འཁྲིད་རྣམས་མཇུག་ལེགས་པར་བསྐྱངས། དཔེ་འཁྲིད་ཀྱི་མཇུག་བསྡོམས་སུ་ལི་ཤུའི་དགེ་སློབ་རྣམས་༸དཔལ་གཤེན་བསྟན་༧སྨན་རིའི་དགོན་ལ་བཅར་ནས་༸སྐྱབས་རྗེ་དམ་པ་རྒྱལ་བ་༧སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དང་༧སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་༧སྨན་རིའི་བཤད་སྒྲུབ་མཁན་དཔོན་སློབ་སོགས་མཇལ་བཅར་ཞུས་ནས་ལོ་དང་པོའི་སློབ་དུས་གསུམ་པའི་དཔེ་འཁྲིད་ཡོངས་སུ་ཞུས་ཟིན།།
ལི་ཤུའི་མཐོ་སློབ་ཏུ་ལོ་གཉིས་པའི་དཔེ་འཁྲིད་ཀྱི་སྐོར།
ལོ་གཉིས་པའི་དཔེ་འཁྲིད་ནི་མ་བརྒྱུད་ཀྱི་ཐབས་དྲུག་ལམ་ཁྱེར་སྐོར་རེད། དཔེ་འཁྲིད་དབུ་འཛུགས་ཆེད་ལི་ཤུའི་དགེ་སློབ་རྣམ་པས་༧སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གདན་ཞུས་གནང་ནས་གསང་དྲག་གི་ཚོགས་འཁོར་རྒྱས་འབུལ་དང་། ༧དཔོན་སློབ་རིན་པོ་ཆེ་མཆོག་གིས་གེ་ཁོད་གསང་བ་དྲག་ཆེན་དང་བྱམས་མའི་དབང་བཅས་བཀའ་དྲིན་བསྩལ་གནང་བ་དང་དེ་ནས་ལོ་གཉིས་པའི་དཔེ་འཁྲིད་དངོས་སུ་དབུ་འཛུགས་གནང་།།
ལོ་གཉིས་པའི་སློབ་དུས་དང་པོའི་སྐོར།
ཕྱི་ལོ་༢༠༡༦ཟླ་༩ཚེས་༨ནས་ཟླ་༡༡ཚེས་༡༡བར་བདུན་ཕྲག་བཅུའི་རིང་ཐབས་ལམ་ཁྱེར་དང་རྨི་བ་ལམ་འཁྱེར་གཉིས་ཀྱི་གཞུང་འཁྲིད་གནང་བ་དང་། ལི་ཤུའི་སློབ་མ་རྣམ་པས་ཞག་ཞེ་དགུའི་རིང་ཉིན་ལྟར་ཐུན་བཞི་མཉམ་དུ་ཨ་སྙན་རྫོགས་གསུམ་གྱི་རྩ་རླུང་འཁྲུལ་འཁོར་ལ་སྦྱོང་པ་ཉམས་ལེན་གནང་བ་དང་། སྔ་དགོང་གཉིས་སློབ་མ་རྣམ་པས་རང་ཤག་ཏུ་ཉམས་ལེན་གནང་བ་བཅས་མདོར་ན་ཉིན་གཅིག་ལ་ཐུན་དྲུག་ཉམས་ལེན་གནང་གི་ཡོད།
སྐབས་དེར་ལི་ཤུའི་དགེ་སློབ་རྣམས་༧དཔལ་གཤེན་བསྟན་༧སྨན་རིའི་དགོན་ལ་བཅར་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བརྟན་བཞུགས་མཛད་སྒོ་དངོས་ལ་མཇལ་བཅར་ཞུས་ནས་ཕྱག་མཆོད་འབུལ་དང་མནྜལ་འདེགས་འབུལ་སོགས་ཞུས། དེ་བཞིན་༧སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་༧སྨན་རིའི་བཤད་སྒྲུབ་མཁན་དཔོན་སློབ་སོགས་མཇལ་ནས་ལོ་གཉིས་པའི་སློབ་དུས་དང་པོའི་དཔེ་འཁྲིད་རྣམས་ལེགས་གྲུབ་བྱུང་།།
ལོ་གཉིས་པའི་སློབ་དུས་གཉིས་པའི་སྐོར།
ཕྱི་ལོ་༢༠༡༧ཟླ་༡ཚེས་༩ནས་ཟླ་༣ཚེས་༡༧བར་བདུན་ཕྲག་བཅུའི་རིང་གཉན་ས་ལམ་ཁྱེར་དང་འཕེན་པ་ལམ་ཁྱེར་གཉིས་ཀྱི་གཞུང་འཁྲིད་གནང་བ་དང་། དེའི་སྐབས་ལི་ཤུའི་དགེ་སློབ་རྣམ་པས་༧སྨན་རིའི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་རིན་པོ་ཆེ་མཆོག་གདན་ཞུས་གནང་ནས་ཁོང་ཉིད་ཀྱིས་འཕོ་འཁྲིད་ཀྱི་གདམས་པ་སོགས་གནང་ནས། སློབ་མ་རྣམ་པས་ཞག་ཞེ་དགུའི་རིང་ཉིན་ལྟར་ཐུན་བཞི་མཉམ་དུ་འཕོ་བའི་ཉམས་ལེན་གནང་བ་དང་། སྔ་དགོང་གཉིས་སློབ་མ་རྣམ་པས་རང་ཤག་ཏུ་ཉམས་ལེན་གནང་བ་བཅས་མདོར་ན་ཉིན་གཅིག་ལ་ཐུན་དྲུག་ཉམས་ལེན་གནང་གི་ཡོད།
༧སྨན་རིའི་དགེ་བཤེས་ཤེས་རབ་བློ་གྲོས་མཆོག་གིས་གཉན་ས་ལམ་ཁྱེར་གྱི་གཞུང་འཁྲིད་དང་སྟབས་བསྟུན་ནས་སློབ་མ་རྣམས་ལ་མཁའ་འགྲོ་གད་རྒྱངས་ཀྱི་འདོན་དབྱངས་གྱེར་སྟངས་དང་མཉམ་དུ་ཌ་རུ་དང་སིལ་སྙན་དཀྲོལ་སྟངས་སོགས་བསླབ་འཁྲིད་ཀྱི་བཀའ་དྲིན་བསྐྱངས་གནང་། ལོ་དེའི་སློབ་དུས་ཀྱི་མཇུག་མཚམས་སུ་ལི་ཤུའི་སློབ་མ་རྣམ་པས་དམིགས་བསལ་རེ་ཞུས་ཀྱིས་བཙུན་དགོན་༧རཏྣ་སྨན་གླིང་ནས་བཙུན་མ་ཁ་ཤས་ལི་ཤུའི་བོན་སློབ་དུ་གདན་འདྲེན་ཞུས་ནས། ཁོང་རྣམ་པས་མཉམ་མེད་བླ་སྒྲུབ་ཀྱི་ཚོགས་འཁོར་རྒྱས་འབུལ་དང་གཅོད་སོགས་བཏང་གནང་། དེ་ནས་ལི་ཤུའི་དགེ་སློབ་རྣམས་༸དཔལ་གཤེན་བསྟན་སྨན་རིའི་དགོན་ལ་བཅར་ནས་༧སྐྱབས་རྗེ་དམ་པ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དང་། ༧སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་༧སྨན་རིའི་བཤད་སྒྲུབ་མཁན་དཔོན་སློབ་སོགས་མཇལ་ཁ་དང་བྱིན་རླབས་ཞུས། ༧སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་ལི་ཤུའི་སློབ་མ་རྣམས་ལ་འཕོ་བའི་ཉམས་ལེན་ལེགས་གྲུབ་མཚོན་བྱེད་ཀྱི་བཀྲ་ཤིས་པའི་རྟེན་འབྲེལ་དུ་རྩ་ཀུ་ཤ་རེ་བཙུགས་གནང་ནས་ལོ་གཉིས་པའི་སློབ་དུས་གཉིས་པ་བཀྲ་ཤིས་རྟེན་འབྲེལ་གྱི་སྒོ་ནས་མཇུག་བསྡུས་ཞུས།།
ལོ་གཉིས་པའི་སློབ་དུས་གསུམ་པའི་སྐོར།
ཕྱི་ལོ་༢༠༡༧ཟླ་༤ཚེས་༣ནས་ཟླ་༦ཚེས་༩བར་བདུན་ཕྲག་བཅུའི་རིང་གཉིད་པ་ལམ་ཁྱེར་དང་འཆི་བ་ལམ་ཁྱེར་གྱི་གཞུང་འཁྲིད་གནང་བ་དང་། ལི་ཤུའི་དགེ་སློབ་རྣམ་པས་སློབ་དུས་དེའི་སྐབས་༧སྨན་རིའི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་རིན་པོ་ཆེ་མཆོག་གདན་ཞུས་གནང་ནས་ཁོང་ཉིད་ཀྱིས་རིགས་དྲུག་རང་སྦྱོང་གི་ལུང་དང་གདམས་པ་སོགས་གནང་། སློབ་མ་རྣམ་པས་ཀྱང་སྔར་བཞིན་ཞག་ཞེ་དགུའི་རིང་ཉིན་ལྟར་ཐུན་བཞི་མཉམ་དུ་ཉམས་ལེན་གནང་བ་དང་། སྔ་དགོང་གཉིས་སུ་སློབ་མ་རྣམ་པས་རང་ཤག་ཏུ་ཉམས་ལེན་གནང་བ་བཅས་མདོར་ན་ཉིན་གཅིག་ལ་ཐུན་དྲུག་ཉམས་ལེན་གནང་གི་ཡོད།
དེ་ནས་ལི་ཤུའི་དགེ་སློབ་རྣམས་༧དཔལ་གཤེན་བསྟན་༧སྨན་རིའི་དགོན་ལ་བཅར་ནས་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་ལ་ལོ་གཉིས་པའི་དཔེ་འཁྲིད་ཆ་ཡོངས་སུ་རྫོགས་པ་ལེགས་པར་མཇུག་གྲུབ་པའི་བཀྲ་ཤིས་རྟེན་འབྲེལ་གྱི་དོད་དུ་ན་བཟའ་གོས་དྲུག་འདེགས་འབུལ་ཞུས་པ་དང་། ཁོང་གིས་ཧན་གྷ་རིའི་སློབ་མ་ཨ་བེལ་དང་ཕྷ་རན་སིའི་སློབ་མ་ཊི་ཡ་ན་ཊི་ཕི་རྣམ་པ་གཉིས་ལ་ལོ་གཉིས་པའི་དཔེ་འཁྲིད་ཐབས་དྲུག་ལམ་ཁྱེར་གྱི་གཞུང་ཆ་ཚང་བར་དཔེ་འཁྲིད་ཚད་ལྡན་ཚུལ་མཐུན་ངང་ལེགས་པར་མཇུག་བསྐྱངས་ཞུས་ཡོད་པའི་ངོས་འཛིན་གྱི་ཕྱག་འཁྱེར་བསྩལ་གནང་བ་དང་། དེ་དང་ཆབས་ཅིག་༧སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་དང་༧སྨན་རིའི་བཤད་སྒྲུབ་མཁན་དཔོན་སློབ་སོགས་མཇལ་བཅར་བྱིན་རླབས་ཞུས་ནས་ལོ་གཉིས་པའི་དཔེ་འཁྲིད་ཐབས་དྲུག་ལམ་ཁྱེར་གྱི་ཁྲིད་ཡོངས་སུ་མཐར་སོན་བྱུང་།།
ལི་ཤུའི་མཐོ་སློབ་ཏུ་ལོ་གསུམ་པའི་དཔེ་འཁྲིད་ཀྱི་སྐོར།
ལོ་གསུམ་པའི་དཔེ་འཁྲིད་ནི་ཞང་ཞུང་སྙན་བརྒྱུད་བཀའ་བརྒྱུད་བསྐོར་བཞིའི་སྐོར་ལ་རེད། ལོ་གསུམ་པའི་དཔེ་འཁྲིད་ཀྱི་དུས་ཡུན་རིང་ལོ་གསུམ་པའི་སློབ་དུས་དང་པོའི་སྐབས་སུ་ཞང་ཞུང་སྙན་བརྒྱུད་ཀྱི་ཁྲིད་རིམ་ལག་ལེན་དང་། རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ལས་རྒྱུད་བུ་ཆུང་བཅུ་གཉིས་དང་། རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་ལས་སྒོམ་སྐྱོན་སོ་ལྔའི་སྐོར་དང་། བདེར་གཤེགས་དགོངས་བརྒྱུད་དགུ་དང་། འཇའ་ལུས་འཕོ་ཆེན་ཉེར་བཞིའི་རྣམ་ཐར་སོགས་ལ་འཁྲིད་གཞུང་ལེགས་པར་གནང་བ་དང་། སློབ་དུས་དེའི་སྐབས་སུ་སློབ་མ་རྣམ་པས་ཨ་གཏད་དང་ཁྲེགས་ཆོད་ལ་སྦྱོང་པ་ཉམས་ལེན་སོགས་གནང་ཡོད་པ་རེད།། ལོ་གསུམ་པའི་སློབ་དུས་གཉིས་པའི་སྐབས་སུ་ལྷག་མཐོང་འོད་གསལ་གྱི་ཁྲིད་དང་། སྣང་གསལ་ནམ་མཁའི་ཏིང་ངེ་འཛིན་ལ་སྦྱང་བ་དང་། རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ལས་སྒྲོན་མའི་འགྲེལ་བ་ཉི་འོད་རྒྱན་དང་། མན་ངག་ལེའུ་བརྒྱད་པ་བཅས་ལ་གཞུང་ཁྲིད་དང་ཉམས་ལེན་གདམས་པ་སོགས་ཟབ་རྒྱས་གནང་བ་དང་། སློབ་དུས་དེའི་སྐབས་སུ་སློབ་མ་རྣམ་པས་སྣང་གསལ་ནམ་མཁའི་ཏིང་ངེ་འཛིན་ལ་སྦྱོང་པ་ཉམས་ལེན་གང་འགབ་གནང་ཡོད།
ལོ་གསུམ་པའི་སློབ་དུས་གསུམ་པའི་སྐབས་སུ་རང་གསལ་སྒྲོན་མའི་ཏིང་ངེ་འཛིན་དང་། བསྒོམས་པས་ཉམས་དང་འོད་གསལ་འཆར་ཚུལ་དང་། རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ལས་གཟེར་བུ་ཉེར་གཅིག་གི་འགྲེལ་བ་དང་། འོད་གསལ་བདུན་སྐོར་མཚམས་བཅད་དང་། འོད་གསལ་དམིགས་པ་བདུན་སྐོར་སོགས་ལ་གཞུང་ཁྲིད་དང་ཉམས་ལེན་གདམས་པ་བཅས་ལེགས་པར་གནང་བ་དང་། སློབ་དུས་དེའི་སྐབས་སུ་སློབ་མ་རྣམ་པས་རང་གསལ་སྒྲོན་མའི་ཏིང་ངེ་འཛིན་ལ་སྦྱོང་པ་ཉམས་ལེན་སོགས་གནང་།
ལོ་གསུམ་པའི་སློབ་དུས་དང་པོའི་སྐོར།
ཕྱི་ལོ་༢༠༡༧ཟླ་༩ཚེས་༤ནས་ཟླ་༡༡ཚེས་༡༠ཡི་བར་བདུན་ཕྲག་བཅུ་ཡི་རིང་ཕྱི་ལྟ་བ་སྤྱི་སྤྱོད་ཀྱི་གཞུང་ལས་རྒྱུད་བུ་ཆུང་བཅུ་གཉིས་ཀྱི་གཞུང་ཆ་ཚང་བར་གཞུང་ཁྲིད་གནང་བ་དང་། དེའི་སྐབས་སུ་ལི་ཤུའི་དགེ་སློབ་རྣམ་པས་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་རིན་པོ་ཆེ་མཆོག་གདན་ཞུས་གནང་ནས། ཁོང་ཉིད་ཀྱིས་གཞུང་དེ་ཉིད་ཀྱི་ལུང་དང་ཨ་འཁྲིད་ཀྱི་གདམས་པ་སོགས་གནང་ནས་སློབ་མ་རྣམ་པས་ཐུན་བཞི་མཉམ་དུ་ཐོག་མའི་བདུན་ཕྲག་གཉིས་རིང་ཨ་གཏད་ཀྱི་ཉམས་ལེན་དང་བདུན་ཕྲག་ཐ་མ་ལྔ་རིང་ཁྲེགས་ཆོད་ཀྱི་ཉམས་ལེན་གནང་། སྔ་དགོང་གཉིས་ལ་སློབ་མ་རྣམ་པས་རང་ཤག་ཏུ་ཉམས་ལེན་གནང་བ་བཅས་མདོར་ན་ཉིན་གཅིག་ལ་ཐུན་དྲུག་གི་ཉམས་ལེན་ཡང་དག་གནང་།
ཕྱི་ལོ་༢༠༡༧ཟླ་༩ཚེས་༡༥ཉིན་ལི་ཤུའི་དགེ་སློབ་རྣམས་༧དཔལ་གཤེན་བསྟན་སྨན་རིའི་དགོན་ལ་བཅར་ནས་སྐུ་ཞི་བར་གཤེགས་པ་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་དམ་པ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་ཐུགས་དམ་གཡོ་བ་མེད་པའི་ངང་ནས་བཞུགས་ཡོད་པའི་བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་འབར་བའི་སྐུ་གདུང་མཐོང་བ་རང་གྲོལ་གྱི་མཇལ་ཁ་བྱིན་རླབས་ཞུས་པ་དང་། ཕྱིས་སུ་བསྐྱར་དུ་ལི་ཤུའི་དགེ་སློབ་རྣམས་༧སྐྱབས་རྗེ་དམ་པ་མཆོག་གི་སྐུ་གདུང་ཞུགས་འབུལ་གྱི་དུས་ཁྱད་པར་ཅན་ལ་གདུང་འདེབས་མཆོད་འབུལ་དང་། དགོངས་རྫོགས་ཞེ་དགུའི་མཐའ་མ་སོགས་ལ་བཅར་ནས་མཆོད་འབུལ་སྨོན་ལམ་དང་མར་མེ་སྒྲོན་འབུལ་སོགས་གཟབ་རྒྱས་ཞུས།
ལོ་གསུམ་པའི་སློབ་དུས་གཉིས་པའི་སྐོར།
ཕྱི་ལོ་༢༠༡༨ཟླ་༡ཚེས་༡༥ནས་ཟླ་༣ཚེས་༢༣བར་བདུན་ཕྲག་བཅུ་ཡི་རིང་ལ་ནང་མན་ངག་དམར་ཁྲིད་ཀྱི་གཞུང་ལས་སྒྲོན་མ་དྲུག་དང་། གསང་བ་རིག་པ་གཅེར་མཐོང་གི་གཞུང་ལས་མན་ངག་ལེའུ་བརྒྱད་པ་བཅས་ཀྱི་གཞུང་ཆ་ཚང་བའི་གཞུང་འཁྲིད་ཞུས་གནང་བ་དང་། དེའི་སྐབས་ལི་ཤུའི་དགེ་སློབ་རྣམ་པས་༧དཔལ་གཤེན་བསྟན་༧སྨན་རིའི་དགོན་ནས་བཤད་སྒྲུབ་སློབ་དཔོན་དགེ་བཤེས་དགེ་ལེགས་རྒྱ་མཚོ་རིན་པོ་ཆེ་མཆོག་གདན་ཞུས་གནང་ནས་ཁོང་ཉིད་ཀྱིས་ལྷག་མཐོང་འོད་གསལ་གྱི་ཁྲིད་དང་། སྣང་གསལ་ནམ་མཁའི་ཏིང་ངེ་འཛིན་གྱི་ཁྲིད། སྒྲོན་མའི་འགྲེལ་བ་ཉི་འོད་རྒྱན་དང་། མན་ངག་ལེའུ་བརྒྱད་པ་བཅས་ཀྱི་ལུང་དང་གདམས་པ་སོགས་གནང་ནས་ལི་ཤུའི་སློབ་མ་རྣམ་པས་ཀྱང་སྣང་གསལ་ནམ་མཁའི་ཏིང་ངེ་འཛིན་ཞག་ཞེ་དགུའི་རིང་ཉིན་ལྟར་ཐུན་བཞི་སློབ་མ་རྣམས་མཉམ་དུ་ཉམས་ལེན་གནང་བ་དང་། དེ་ནས་དཔེ་འཁྲིད་དང་ཉམས་ལེན་རྣམས་ལེགས་པར་མཇུག་བསྐྱངས་བའི་རྗེས་ལི་ཤུའི་དགེ་སློབ་རྣམས་༧དཔལ་གཤེན་བསྟན་༧སྨན་རིའི་དགོན་ལ་བཅར་ནས་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་དང་། ༧སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་༧སྨན་རིའི་བཤད་སྒྲུབ་མཁན་དཔོན་སློབ་སོགས་མཇལ་བཅར་བྱིན་རླབས་ཞུས་ནས་ལོ་དེའི་སློབ་དུས་གཉིས་པའི་དཔེ་འཁྲིད་དང་ཉམས་ལེན་སོགས་ཀྱི་གྲུབ་འབྲས་ཕུལ་དུ་ཕྱིན་པ་བྱུང་།།
ལོ་གསུམ་པའི་སློབ་དུས་གསུམ་པའི་སྐོར།
ཕྱི་ལོ་༢༠༡༨ཟླ་༤ཚེས་༩ནས་ཟླ་༦ཚེས་༡༥བར་བདུན་ཕྲག་བཅུའི་རིང་ཡང་གསང་གནས་ལུགས་ཕུགས་ཆོད་ཀྱི་གཞུང་ལས་གཟེར་བུ་ཉེར་གཅིག་གི་གཞུང་ཁྲིད་ཆ་ཚང་གནང་བ་དང་། དེའི་སྐབས་༧སྨན་རིའི་དགེ་བཤེས་ཤེས་རབ་བློ་གྲོས་ཁོང་ཉིད་ཀྱིས་གཟེར་བུ་ཉེར་གཅིག་གི་གཞུང་དང་སྣང་གསལ་སྒྲོན་མའི་ཏིང་ངེ་འཛིན་བཅས་ཀྱི་ལུང་དང་གདམས་པ་སོགས་གནང་ནས་ལི་ཤུའི་དགེ་སློབ་རྣམ་པས་ཞག་ཞེ་དགུའི་རིང་ཞོགས་པའི་ཕྱག་ཚོད་དྲུག་པའི་ཐོག་སྒྲོན་མའི་ཏིང་ངེ་འཛིན་ཉམས་སུ་བླངས་པ་དང་ཉམས་ལེན་ཐུན་གཞན་ལྔ་ལ་ཁྲེགས་ཆོད་ཀྱི་ཉམས་སོགས་རྒྱུན་སྐྱོང་གནང་།
དེ་ནས་ལི་ཤུའི་དགེ་སློབ་རྣམས་༧དཔལ་གཤེན་བསྟན་༧སྨན་རིའི་དགོན་ལ་བཅར་ནས་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་༧སྨན་རིའི་ཁྲི་འཛིན་སོ་བཞི་བ་རིན་པོ་ཆེ་མཆོག་དང་། ༧སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་༧སྨན་རིའི་བཤད་སྒྲུབ་མཁན་དཔོན་སློབ་སོགས་མཇལ་ཁ་ཞུས་ནས་རྒྱལ་བ་སྨན་རི་བའི་ཕྱག་ནས་ལི་ཤུའི་སློབ་མ་ཕ་རན་སི་རྒྱལ་ཁབ་ནས་ཡིན་པའི་ཊི་ཡ་ན་ཊི་ཕི་(Tiana Tefy)ལ་ལོ་གསུམ་གྱི་དཔེ་འཁྲིད་ཆ་ཚང་བ་དང་ཉམས་ལེན་སོགས་ལེགས་པར་ཚད་ལྡན་ཚུལ་མཐུན་ངང་མཇུག་བསྐྱངས་ཞུས་ཡོད་པའི་ངོས་འཛིན་གྱི་ཕྱག་འཁྱེར་གནང་བ་དང་། ༧སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་མོ་རང་ལ་ལོ་གསུམ་པའི་དཔེ་འཁྲིད་ཞང་ཞུང་སྙན་བརྒྱུད་བཀའ་བརྒྱུད་སྐོར་བཞིའི་གཞུང་རྣམས་སྒོ་གསུམ་གུས་པ་ཆེན་པོས་དཔེ་འཁྲིད་ཞུས་ཡོད་པའི་བསྔགས་བརྗོད་ཡི་རངས་ཀྱི་ཕྱག་འཁྱེར་བརྩལ་གནང་བ་དང་།
དེ་བཞིན་༧སྨན་རིའི་བཤད་སྒྲུབ་མཁན་པོ་ནས་གེ་ཁོད་ཀྱི་ཐང་སྐུ་དང་བྱིན་རླབས་སོགས་བསྩལ་ནས་ཡི་རངས་གནང་། དེ་ནས་བཙུན་དགོན་༧རཏྣ་སྨན་གླིང་དུ་བཅར་ནས་མཆོད་འབུལ་དང་མར་མེ་སྒྲོན་འབུལ་སོགས་ཞུས་ནས་ལོ་དེའི་སློབ་དུས་གསུམ་པའི་དཔེ་འཁྲིད་དང་ཉམས་ལེན་སོགས་ཁ་དགེ་བཀྲ་ཤིས་ངང་ལེགས་གྲུབ་བྱུང་། ལོ་གསུམ་གྱི་དཔེ་ཁྲིད་ཆ་ཚང་༧སྨན་རིའི་དགེ་བཤེས་ཤེས་རབ་བློ་གྲོས་ཁོང་ཉིད་ཀྱིས་གནང་བ་དང་། བོན་ཁྲིད་དེ་དག་དབྱིན་སྐད་དུ་གསུང་བསྒྱུར་གྱི་ལོ་ཙཱ་བ་ནི་འབུམ་རམས་མ་བཟང་མོ་ལགས་ཀྱིས་ཞུས།
ལོ་གསུམ་གྱི་དཔེ་ཁྲིད་བཀྲ་ཤིས་རྟེན་འབྲེལ་གྱི་ཐོག་ནས་ལེགས་པར་མཇུག་སྐྱོང་ཞུས་པའི་རྗེས་ལི་ཤུ་བོན་ཚོགས་ཀྱི་དབུ་བླ་དགེ་བཤེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེའི་བཀའ་འོག་ལམ་སྟོན་གྱི་ཐོག་ནས་ལི་ཤུའི་བོན་སྒར་དུ་མུ་མཐུད་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཆུ་བོའི་རྒྱུན་བཞིན་བསྟན་དང་འགྲོ་བའི་དོན་དུ་བཞུགས་པའི་ཆེད། ལོ་གཅིག་གི་དུས་ཡུན་རིང་དཔེ་ཁྲིད་ཀྱི་ལེ་མཚན་གསར་པའི་འཆར་གཞི་འཆར་འགོད་སོགས་རྒྱལ་སྤྱིའི་སློབ་མ་རྣམ་པའི་གནས་བབས་དང་བསྟུན་ནས་གཏན་འབེབས་གནང་ཞིང་། དེ་ཡང་ཕྱི་ལོ་༢༠༡༨ཟླ༩ཚེས་༣ནས་ཕྱི་ལོ་༢༠༡༩ཟླ༦ཚེས་༡༤བར་ལོ་གཅིག་གི་འཆད་ཁྲིད་གང་དགོས་ལི་ཤུའི་གཏན་འཇགས་ཀྱི་དགེ་རྒན་རྣམ་པ་ཟུང་གིས་མཛད་རིམ་ཁག་ལེགས་པར་འཆར་བཀོད་གནང་ཟིན།
ལི་ཤུའི་བོན་སྒར་དུ་སྤྱི་ལོ་༢༠༡༨ནས་༢༠༡༩ལོའི་དཔེ་འཁྲིད་ཀྱི་མཛད་རིམ་ནི།
དཔེ་ཁྲིད་ཀྱི་ཚན་པ་དང་པོ།
ཕྱི་ལོ་༢༠༡༨ཟླ་༩ཚེས་༣ནས་ཟླ་༡༡ཚེས་༡༢བར་བདུན་ཕྲག་བརྒྱད་རིང་ཞང་ཞུང་སྙན་བརྒྱུད་ལྟར་སྔོན་འགྲོ་བོན་སྤྱོད་དགུ་རིམ་གྱིས་ཁྲིད་ལུང་དང་། བསགས་སྦྱང་གི་རིམ་པ་རྣམས་དང་། མེ་སྟོན་ཤེས་རབ་འོད་ཟེར་གྱིས་མཛད་པའི་བྱང་ཆུབ་ལམ་རིམ་སོགས་འཁྲིད་གནང་རྒྱུ།། ཕྱི་ལོ་༢༠༡༨ཟླ་༡༡ཚེས་༡༢ནས་༢༥བར་བདུན་ཕྲག་གཉིས་རིང་སྲིད་པའི་རྒྱལ་མོའི་ཆོག་སྒྲུབ་སྐོར་འཁྲིད་གནང་རྒྱུ།
དཔེ་ཁྲིད་ཀྱི་ཚན་པ་གཉིས་པ།
ཕྱི་ལོ་༢༠༡༩ཟླ་༡ཚེས་༧ནས་ཟླ་༣ཚེས་༡བར་དུ་བདུན་ཕྲག་བརྒྱད་རིང་ཐབས་ལམ་ཁྱེར་དང་རྨི་བ་ལམ་ཁྱེར་བཅས་འཁྲིད་གནང་རྒྱུ། ཕྱི་ལོ་༢༠༡༩ཟླ་༣ཚེས་༤ནས་༡༧བར་བདུན་ཕྲག་གཉིས་རིང་ཨ་ཁྲིད་ཀྱི་འཕོ་བའི་ཁྲིད་ལུང་གདམས་པ་སོགས་འཁྲིད་གནང་རྒྱུ།
དཔེ་ཁྲིད་ཀྱི་ཚན་པ་གསུམ་པ།
ཕྱི་ལོ་༢༠༡༩ཟླ༤ཚེས་༡ནས་ཟླ་༦པའི་ཚེས་༨བར་བདུན་ཕྲག་བརྒྱད་རིང་རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ལས་རྒྱུད་བུ་ཆུང་བཅུ་གཉིས་ཀྱི་ཁྲིད་ལུང་གདམས་པ་སོགས་འཁྲིད་གནང་རྒྱུ་བཅས་ཀྱི་གནས་ཚུལ་མདོར་བསྡུས་ཙམ་མོ།།
མཚུངས་པ་མེད་པའི་བསྟ༵ན་པ་འཛི༵ན་པའི་བཤེས།།
དབ༵ང་གི་རྒྱ༵ལ་པོས་བཏབ་པའི་བོན་སྒར་འདིར།།
འཕྲུལ་ངག་བོན་ལ་འདུན་པའི་སློབ་ཚོགས་རྣམས།།
སྨིན་གྲོལ་རྒྱ་མཚོའི་གཏེར་ལ་སྤྱོད་པར་ཤོག།
སྔགས་སེམས་བསྟན་པའི་སྙིང་པོ་རང་རིག་གི།།
བྱིན་རླབས་ཉམས་ཀྱི་བདེ་དྲོད་བྱིན་པོ་ཆེ།།
ཚུལ་བཞིན་བདག་རྒྱུད་བརླན་པའི་རྣལ་འབྱོར་བ།།
རབ་འབྱམས་ཞིང་འདིར་ཡོངས་ཁྱབ་བདལ་བར་ཤོག།