ཁྱུང་པོ་སྟེང་ཆེན་རྫོང་སྨན་རྩིས་ཁང་།
[ཟླ་ཚེས། 2018-05-25 22:24:20][རྩོམ་པ་པོ། གླིང་སྨན་གཡུང་དྲུང་བཀྲ་ཤིས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ཁྱུང་པོ་སྟེང་ཆེན་རྫོང་སྨན་རྩིས་ཁང་ནི་༡༩༩༠ལོར་སྟེང་ཆེན་རྫོང་མི་དམངས་སྨན་ཁང་བོད་སྨན་ཚན་ཁག་གི་རྨང་གཞིའི་སྟེང་༢༠༡༦ལོ་ཟླ་༦པའི་ཚེས་༡༨ཉིན་དངོས་སུ་དབུ་བརྙེས་པ་ཞིག་ཡིན་པ་དང་། འདི་ན་ཞང་བོད་གསོ་རིག་གི་བཅོས་ཐབས་ལག་ལེན་ཁྱད་ཆོས་རྣམས་ཕལ་ཆེར་ཚང་བར་བྱས་ཡོད་ཅིང་། སྨན་གྱི་ལས་སྣོན་རྒྱུ་ཆ་རྣམས་རང་བྱུང་ཁོར་ཡུག་གཙང་མ་ལས་ཐོན་པ་ཤ་སྟག་ཡིན། སྤྱོད་བཟང་དང་ཁ་མ་བྲལ་ཞིང་། སྙིང་རྗེ་ཆེན་པོས་རྒྱུད་བརླན་པ་སྟེ། འགྲོ་དོན་རྒྱུན་ཆད་མེད་པར་སྐྱོང་བ་ནི་སྨན་རྩིས་ཁང་འདིའི་སྨན་པ་ཡོངས་ཀྱི་རྩ་དོན་ཉག་ཅིག་ཆགས་ཡོད་ལ། རྒྱུན་དུ་ནད་བཅོས་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ་དང་། ཞབས་ཞུའི་ཆུ་ཚད་གོང་མཐོར་གཏོང་བ། ལག་རྩལ་དང་ཉམས་མྱོང་གསོག་འཇོག་བྱེད་པ། སྲོལ་རྒྱུན་ཉམས་མེད་སྐྱོང་བ་སོགས་གང་གི་ཐད་ནས་འབད་པས་འབུང་བཞིན་པ་ཡིན། དེས་མ་ཚད་ནང་གི་སྒྲིག་ཆས་ཆ་ཚང་ལ་སྔོན་ཐོན་གྱི་ཆ་བྱད་ཀྱང་ཚོགས་པར་བསགས་ཡོད།།
འདས་ཟིན་པའི་ལོ་བཅུ་ཕྲག་གཉིས་ལ་ཉེ་བའི་ནང་གོང་རིམ་གྱི་སྲིད་ཇུས་བཟང་པོའི་ཉེར་ལེན་འོག་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ནས་འཛུགས་རྩ་གནང་ནས་གཉེར་བའི་བོད་སྨན་འཛིན་གྲྭ་ནང་ནས་སློབ་མ་གྲངས་༣༠༠ཙམ་མཐར་ཕྱིན་པས་ད་ཆ་སྟེང་ཆེན་ཁུལ་གྱི་འཕྲོད་བསྟེན་ཁྱབ་ཁོངས་ནང་གི་ལས་ཀ་གནང་མཁན་ཕལ་ཆེར་ཡིན་ལ། དམངས་ཁྲོད་བོད་ལུགས་སྨན་པའི་ཁྱད་ཆོས་ཀྱི་རྒྱུད་པ་འཛིན་མཁན་མང་དུ་བསྐྱེད་བསྲིངས་བྱུང་ཡོད།
མ་ཚད་ཁྱུང་ཡུལ་སྨན་རྩིས་ཁང་གི་རྐང་འཛིན་སྨན་པ་ཕལ་མོ་ཆེ་བོད་ལུགས་སྨན་པ་གསོ་སྐྱོང་འཛིན་གྲྭ་དེ་ནས་རིམ་བཞིན་བསྐྱེད་བསྲིངས་བྱས་ནས་བྱུང་བ་ཆགས་ཡོད། དེང་སྐབས་མུ་མཐུད་རང་རེ་སྟེང་ཆེན་རྫོང་སྨན་རྩིས་ཁང་ནས་དགེ་རྒན་མངགས་གཏོང་ཞུས་ནས་རྫོང་ལས་རིགས་ལག་རྩལ་སློབ་གྲྭའི་ནང་དུ་བོད་སྨན་འཛིན་གྲྭ་དེ་བཞིན་གཉེར་སྐྱོང་གི་འཕྲིན་ལས་སྐྱོང་མུས་སུ་མཆིས།།
ཁ་རྒྱུན་དུ་སྨན་པ་རབ་ལ་རྩིས་པ་འབྲིང་། །རྩིས་པ་རབ་ལ་སྨན་པ་འབྲིང་། །ཟེར་བ་ལྟར་སྨན་རྩིས་ཁང་དེ་ནས་སྨན་རྩིས་ཟུང་འབྲེལ་གྱི་ལས་ལ་ནན་དུ་འབད་བཞིན་པ་སྟེ་སྨན་རྩིས་ཁང་ཞེས་པའི་མིང་དེ་དོན་ལ་གནས་པར་སྐྱོང་བཞིན་ཡོད་དེ། ཇི་སྐད་དུ། འགྲོ་བ་ཀུན་སྨན་སྨན་གྱི་རིག་པ་དང་། །བླང་དོར་ཀུན་རྩིས་རྩིས་ཀྱི་རིག་པ་གཉིས། །གཅིག་ལ་གཅིག་བརྟེན་རྟེན་ཅིང་འབྲེལ་བས་ན། །ནམ་ཡང་མི་འབྲལ་འབྲལ་མེད་སྤྱོད་ན་ལེགས། །ཞེས་གསུངས་པ་བཞིན་སྨན་རྩིས་ཁང་དབུ་ཚུགས་ནས་ད་བར་ནད་བཅོས་ཞབས་ཞུའི་བྱ་བ་གང་ལེགས་སྤེལ་བའི་སྟེང་ལོ་ལྟར་སྨན་རྩིས་ལོ་ཐོ་བསྡུས་པ་དང་རྒྱས་པ་གང་རུང་སྤེལ་ཐབས་ཀྱི་བྱ་བ་གང་ཡག་སྒྲུབ་ཐུབ་པ་ཞུ་བཞིན་ཡོད།།
ཁྱུང་པོ་སྨན་རྩིས་ཁང་ནི་བོད་ཁུལ་དུ་ད་ཡོད་རྫོང་རིམ་པའི་བོད་ལུགས་སྨན་རྩིས་ཁང་ཆ་ཚང་ཤོས་སུ་ངོས་འཛིན་བྱེད་ཐུབ་པ་བྱུང་སོང་ལ། སྨན་རྩིས་ཁང་དུ་གཉེར་བའི་ཚན་ཁག་གཙོ་བོ་སྒོ་བསྟེན་ཁང་དང་། སྡོད་བཅོས་ཁང་། སྨན་སྦྱོར་ཁང་། གཞུང་ལས་ཁང་། ལུམས་བཅོས་ཚན་ཁག དཔྱད་བཅོས་ཚན་ཁག སྨན་རྩལ་ཚན་ཁག སྨན་གཉེར་ཁང་། སྤོས་སྦྱོར་ཁང་། རྩིས་ཁང་། འགྲེམས་སྟོན་ཁང་། གཤགས་བཅོས་ཁང་། མོ་ནད་ཚན་ཁག རྩ་སྦྱོང་ཚན་ཁག་བཅས་ཁྱོན་ཡོངས་ནས་ཞབས་ཞུའི་རྣམ་གྲངས་ཕུན་སུམ་ཚོགས་པོ་གཉེར་མུས་སུ་ཡོད།
དེ་དག་ལ་སྤྱིར་ན་བོད་ལུགས་གསོ་རིག་གི་ཐུན་མོང་ཁྱད་ཆོས་དག་ཚང་བར་བྱས་ཡོད་ལ་སྒོས་སུ་ཞང་ཞུང་དང་ཁྱུང་པོའི་ལུགས་ཏེ་མདོར་ན་ཞང་བོད་ལུགས་ཀྱི་ཁྱད་ཆོས་དག་སྒོ་ཀུན་ནས་མངོན་ཐབས་ཞུ་བཞིན་པའི་རྣམ་པ་ཁྱོན་ཡོངས་ནས་ལེགས་པོ་གཏོད་ཡོད་དོ།།
སྨན་རྩིས་ཁང་འདི་ཉིད་ལ་གོང་རིམ་དབུ་ཁྲིད་ནས་གདེང་འཇོག་རབ་དང་རིམ་པ་གནང་བ་དང་ཕྱོགས་ཐ་གྲུ་ནས་ཕེབས་པའི་གཟིགས་མོ་བ་དང་ཉམས་ཞིབ་པ་མང་པོས་མཐོང་ཆེན་ཐོབ་པར་བརྟེན།
༢༠༡༧ལོའི་ནང་རྒྱལ་ཡོངས་བཻ་ཆུའུ་ཨེན་སྔོན་ཐོན་སྡེ་ཚན་གྱི་རྒྱལ་ཁབ་རིམ་པའི་གཟེངས་བསྟོད་བྱ་དགའ་ཐོབ་པ་དང་།
༢༠༡༨ལོར་རྒྱལ་ཡོངས་ཆེས་མཛེས་པའི་སྨན་ཁང་ཞེས་པའི་རྒྱལ་ཁབ་རིམ་པའི་མཚན་སྙན་གྱི་གཟེངས་བསྟོད་བྱ་དགའི་རྟགས་མ་ཡང་ཐོབ།
ངེད་སྨན་རྩིས་ཁང་གིས་འདས་ཟིན་པའི་འབྲས་བུ་དེ་ཁོ་ནས་བློ་ཡིད་ཚིམ་ནས་མ་བསྡད་པར་ད་དུང་མི་སྣ་གསོ་སྐྱོང་ལ་འབད་པ་དང་། སྨན་རྩྭ་འཐུ་སྒྲུབ་ལ་བརྩོན་པ་དང་འདེབས་འཛུགས་ཀྱི་ལས་ཀའི་འགོ་ཡང་ཚུགས་ཟིན་ཡོད། དེ་སྔོན་སྤེལ་མྱོང་བའི་སྨན་རྩིས་དུས་དེབ་དང་ལོ་ཐོ། སྨན་འཐུའི་ལག་དེབ་སོགས་ཀྱང་མུ་མཐུད་རྩོམ་སྒྲིག་དང་དཔར་སྐྲུན་ཞུ་འཆར་ཡོད།
མ་ཚད་ཁྱུང་པོའི་སྨན་ཐང་ཆེན་མོའམ་གསོ་རིག་འབུམ་བཞིའི་བྲིས་ཆ་ཆེན་མོ་མ་འོངས་དག་བཞེངས་ལ་འབད་རྒྱུའི་གྲ་སྒྲིག་དང་རེ་བ་བྱེད་བཞིན་པ་བཅས་མཚམས་སྦྱོར་མདོར་བསྡུས་ཙམ་འདི་ག་སྨན་རྩིས་ཁང་གི་གླིང་གཙོའི་མིང་ཙམ་འཛིན་པ་གླིང་སྨན་གཡུང་དྲུང་བཀྲ་ཤིས་སུ་འབོད་པས་ལྷ་ལྡན་ཉི་མའི་གྲོང་ནས་སྦྱར་བ་དགེའོ། །
ཐ་ཚན་མུ་ཙུག་སྨར་རོ། །