སྟག་ཞིག་དགོན་གྱི་སྒྲུབ་གྲྭ་ཁང་།

[ཟླ་ཚེས། 2015-04-07 10:04:21][རྩོམ་པ་པོ། ཡེ་ཤེས་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

10.jpg

   སྟག་ཞིག་དགོན་པ་ནི་མདོ་ཁམས་ཞིག་ཆེན་བཅོ་བརྒྱད་ཀྱི་གྲས་སུ་གཏོགས་ཤིང་ཞུ་སྒོམ་འཁྲུལ་ཞིག་གི་དངོས་སློབ་སྟག་ཞིག་སྐྱེ་མེད་ཆེན་པོས་ཕྱག་བཏབ་པར་གྲགས། དེ་ནས་རིམ་བཞིན་སྤྱི་ཚོགས་ཀྱི་ཆོས་ཉིད་དངོས་པོའི་འཕེལ་འགྲིབ་ཅི་རིགས་ཀྱི་དབང་གིས་དར་རྒུད་སྣ་ཚོགས་བྱུང་ནའང་། སྔོན་བྱོན་རིག་འཛིན་རྣམས་ཀྱི་སྨོན་ལམ་དང་རྗེས་འཇུག་སྐྱེས་ཆེན་དུ་མའི་ཐུགས་བསྐྱེད་ཀྱིས། གྲུབ་པའི་གདུང་རབས་དང་སྤྲུལ་པའི་ཕྲེང་རབས་དུ་མ་ཞིག་གིས་བསྟན་རྒྱུན་ནུབ་མེད་དུ་བསྐྱངས་བ་དང་། རིག་གསར་རླུང་འཚུབ་དུས་ངན་སྨག་རུམ་གྱི་རྒྱ་ལས་གྲོལ་ཏེ། ཆོས་དད་རང་མོས་གུ་ཡངས་སྲིད་བཟང་གི་ཉིན་བྱེད་མངོན་དུ་འཆར་བའི་ཡང་དར་བསྟན་པའི་དུས་སུ་གྲུབ་ཆེན་ཉི་མ་རིན་པོ་ཆེས། མཆོག་སྤྲུལ་མི་ཤིག་བསྟན་པའི་ཉི་མ་དང་། བླ་མ་སེང་གེ་ཉི་མ་རྣམ་པ་གཉིས་ཀྱི་ཡང་སྤྲུལ་ངོས་འཛིན་། དགོན་གནས་ས་འདུལ། རྟེན་བཞེངས་ཞལ་བཀོད་གནང་སྟེ་དགོན་པ་འདིའི་བསྟན་པའི་མེ་རོ་གསོས་ཏེ་བཀའ་དྲིན་བླ་ན་མེད་པས་བསྐྱངས། དེ་ནས་དགོན་གྱི་ཚོགས་ཁང་དང་ཇ་ཁང་གྲྭ་ཤག་སོགས་གང་ལ་གང་འཚམས་བསྐྱར་བསྐྲུན་ལེགས་གྲུབ་བྱུང་ཞིང་། སྔར་གྱི་དུས་མཆོད་སྒྲུབ་འཚོགས་དང་། གར་འཆམ་འབུད་རྡུང་། ཆོ་གའི་ཕྱག་ལེན་སོགས་སྲོལ་རྒྱུན་གྱི་མཛད་སྒོ་ཁག་ཀྱང་གནའ་བཟང་དེང་སྤྱོད་ཀྱི་དཔེ་ལྟར་རྒྱུན་འཁྱོངས་ལག་བསྟར་ཐུབ་པའི་སྐལ་བཟང་ཤར། སེ་ཞིག་དགོན་གྱི་མཆོག་སྤྲུལ་བསྟན་འཛིན་རྣམ་རྒྱལ་དང་བླ་མ་ཚེ་དབང་འཕྲིན་ལས་རྣམ་གཉིས་ཀྱིས་སྔོན་ནས་སྟག་ཞིག་དགོན་དུ་སྒྲུབ་སྡེ་ཞིག་གཟུག་དགོས་པའི་བཀས་སྐུལ་ཡང་ཡང་གནང་བ་དང་། ལྷག་པར་དུ་མཆོག་སྤྲུལ་ཀུན་བཟང་བློ་གསལ་ལ་རང་དགོན་དུ་སྒྲུབ་པ་ཉམས་ལེན་བྱ་ཡུལ་གྱི་སྒྲུབ་ཁང་ཞིག་བཞེངས་པའི་ཐུགས་འདུན་འགོག་མེད་འཁྲུངས་ཏེ་བླ་གྲྭ་མི་དམངས་ཀུན་གྱིས་ཕྱར་བ་གྲུ་འདེགས་ཀྱིས་མི་རིང་བར་སྒྲུབ་ཁང་ལེགས་གྲུབ་བྱུང་།

 7.jpg
9.jpg
༧ བླ་མ་རྒྱ་མཚོ་ནོར་བུ་རིན་པོ་ཆེ་སྟག་ཞིག་དགོན་དུ་ཕེབས་སྐབས།

   དེ་ནས་ཁྱུང་པོ་སྟེང་ཆེན་དགོན་གྱི་དབུ་བླ་རྒྱ་མཚོ་རིན་པོ་ཆེས་ཀུན་མཁྱེན་ཤར་རྫ་པའི་བཀའ་སྲོལ་ལྟར་ལོ་བཞི་རུ་འཆད་ཉན་ཉམས་ལེན་ཟུང་འབྲེལ་གྱིས་སྒྲུབ་སྡེ་གཟུག་དགོས་པའི་ཞལ་བཀོད་དང་རོགས་རམ་དཔག་མེད་གནང་། སྤྱི་ལོ༢༠༠༦ལོའི་སྤྱི་ཟླ་༡༡ ཚེས་ ༢༧བོད་རབ་བྱུང་བཅུ་བདུན་པའི་ཧོར་ཟླ་༡༠ཚེས་༧ ཟླ་བ་གྲོ་བཞིན་འགྲུབ་སྦྱོར་ཉིན་སྒྲུབ་གྲྭ་དབུ་འཛུགས་སྒོ་འབྱེད་ཀྱི་མཛད་སྒོ་སྤེལ་ཏེ་སྒྲུབ་གྲྭར་དངོས་ཞུགས་གྲྭ་བཙུན། མཁྱེན་རབ་ནོར་བུ། གར་དབང་རྣམ་རྒྱལ། གཡུང་དྲུང་ཀུན་གྲགས། གཡུང་དྲུང་རྒྱ་མཚོ། གཡུང་དྲུང་ཚེ་དབང་། ལྷུན་གྲུབ་དཔལ་ལྡན། ཚེ་བརྟན་ཡེ་ཤེས། ཚུལ་ཁྲིམས་སྟོབས་ལྡན། དངོས་གྲུབ་འཕྲིན་ལས། འཕྲིན་ལས་རྒྱ་མཚོ། ཚུལ་ཁྲིམས་ཡེ་ཤེས། བཅུ་གཅིག་དང་ཟུར་ཞུགས་བཅོ་ལྔ་ཡས་མན་། མཚམས་པ་སྒོ་བཅད་པ་གསུམ་བཅས་ལོ་ངོ་བཞི་ཡི་རིང་ལ་ཤར་རྫ་པའི་ཨ་ཁྲིད་སྔོན་དངོས་རྗེས་གསུམ་གྱི་གདམས་པ་གཙོ་བོར་གྱུར་པའི་ཁྲིད་དང་ཤར་རྫའི་བཀའ་འབུམ་ཡོངས་རྫོགས་དང་བདེ་གླིང་བཀའ་འབུམ་བཅས་ཀྱི་ལུང་། ཡི་དམ་ཕྱི་ནང་གསང་གསུམ་གྱི་དབང་བཅས་གང་ལ་གང་འཚམས་དང་། སྔོན་འགྲོ་འབུམ་དགུ། རིགས་དྲུག་རང་སྦྱོང་ཞེ་དགུ། རྩ་རླུང་ཞག་བརྒྱ། མུན་མཚམས་ཞེ་དགུ་བཅས་བསགས་སྦྱོང་ཉམས་ལེན་གང་འོས་གནང་བ་དང་། སྐབས་དེ་རྣམས་སུ་དགེ་བཤེས་གཡུང་དྲུང་འགྱུར་མེད་ཞིང་གཤེགས་ཀྱིས་ལོ་ངོ་གཅིག་ལྷག་ཙམ་ལ་སློབ་ཁྲིད་གནང་བ་དང་།

6.jpg
༧ གྲུབ་ཆེན་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་སྟག་ཞིག་དགོན་དུ་ཕེབས་སྐབས།

   གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ཐེངས་མང་ཕེབས་ཏེ་ཟང་ཟིང་གི་རོགས་རམ་དང་དབང་ལུང་གི་སྐྱབས་འཇུག་གནང་། བླ་མ་རྒྱ་མཚོ་རིན་པོ་ཆེ་དངོས་སུ་ཞབས་བཅག་ཏེ་སློབ་སྟོན་དང་བཀའ་དབང་དངོས་སྦྱིན་ཕངས་མེད་བསྩལ།

8.jpg
༧ ཤར་རྫའི་རྒྱལ་ཚབ་ཨ་འཇིགས་རིན་པོ་ཆེ་སྟག་ཞིག་དགོན་དུ་ཕེབས་སྐབས།

   རྒྱལ་ཚབ་འཇིགས་མེད་དབང་ཕྱུག་སྔ་ཕྱིར་ལན་གཉིས་ཆིབས་སྒྱུར་ཞབས་བཀོད་གནང་བ་དང་འབྲེལ་དངོས་གཞི་ཡང་ཏིག་དང་ཚེ་སྒྲུབ་བྱ་རི་མ་དགེ་སྤྱོད་རྣམ་པར་དག་པའི་ཁྲིད་དབང་བསྩལ།

0.jpg
༧ དང་ར་བླ་མ་ཀུན་བཟང་བསྟན་འཛིན་རིན་པོ་ཆེ་སྟག་ཞིག་དགོན་དུ་ཕེབས་སྐབས།

   དེ་བཞིན་རིགས་མཐུན་སློབ་གྲོགས་དུ་མ་ཞིག་གིས་འཆད་ཁྲིད་ལམ་སྟོན་གྱི་བཀའ་དྲིན་བསྐྱངས་ཏེ་དེ་ནས་སྤྱི་ལོ༢༠༡༡ལོའི་ཟླ་བ་༥ཚེས་༣བོད་རབ་བྱུང་བཅུ་བདུན་པའི་ལྕགས་མོ་ཡོས་ལོའི་ཟླ་བ་༢ ཚེས༣༠ མིག་དམར་ཐ་སྐར་འགྲུབ་སྦྱོར་ཉིན་མཇུག་གྲོལ།

5.jpg
སྐབས་དང་པོའི་སྒྲུབ་གྲྭའི་དགེ་སློབ།
4.jpg
སྐབས་གཉིས་པའི་སྒྲུབ་ཐོན་དགེ་སློབ།

   སྐབས་གཉིས་པའི་སྒྲུབ་གྲྭའི་དབུ་འབྱེད་མཛད་སྒོ་ཡང་ཉིན་དེ་རང་ལ་སྤེལ་ཏེ་སྒྲུབ་གྲར་དངོས་ཞུགས། རིན་ཆེན་རྒྱལ་མཚན། ཚེ་དབང་འཆི་མེད། རྒྱལ་མཚན་ཕུན་ཚོགས།འཕྲིན་ལས་རྒྱ་མཚོ། ཕུན་ཚོགས་ཚེ་དབང་། ཤེས་རབ་གཡུང་དྲུང་། བཀྲ་ཤིས་འགྱུར་མེད། སྐལ་བཟང་ཚེ་དབང་། གཡུང་དྲུང་འཕགས་མཆོག བཀྲ་ཤིས་དགེ་ལེགས། གཡུང་དྲུང་ཚེ་བརྟན། བསོད་ནམས་ཟླ་བ་བཅས། བཙུན་ཆུང་བཅུ་གཉིས་ལོ་ངོ་བཞི་ཡི་རིང་ལ་སྔ་ལྟར་བཤད་ཉན་སྒྲུབ་པ་ཟུང་འབྲེལ་གྱིས་འབད་བརྩོན་ལྷོད་མེད་གནང་།

1.jpg
སྐབས་གཉིས་པ་དང་གསུམ་པའི་སྒྲུབ་གྲྭ་བ་ཡོངས།

   རང་དགོན་གྱི་མཁན་པོ་འཕྲིན་ལས་འོད་ཟེར་གྱིས་སྐབས་འདིའི་སྒྲུབ་གྲྭའི་གཙོ་སྐྱོང་གནང་སྟེ། རབ་གནས་ལུགས་གཞི་ཡི་ངོ་སྤྲོད་ནས། འབྲིང་འབུད་རྡུང་དཀྲོལ་གསུམ་ཆོ་གའི་ཕྱག་ལེན། ཐ་མ་ཟ་ཉལ་འགྲོ་འདུག་འཚོ་བ་རོལ་ཚུལ་ཡན་གྱི་སློབ་ཁྲིད་ཞལ་བགོས་གནང་སྟེ། ཁོང་རང་ཉིད་ཀྱང་ཐུན་བཞི་མཉམ་བཅད་དང་སྒྲུབ་ལ་མཉམ་གཞོལ་མཛད་དེ་རང་དཔེ་གཞན་སྟོན་གྱིས་བླ་སློབ་ཐུགས་མཐུན་དམ་གཙང་གིས་བསྟན་དོན་དུ་མཛད་འཕྲིན་བླ་མེད་སྐྱོང་།

2.jpg

   ཟུར་ཞུགས་གྲྭ་ཆུང་བཅོ་ལྔ་ཙམ་ལ་འབྲི་ཀློག་གི་དགེ་རྒན་ཡང་མཛད་དེ་སྒྲུབ་གྲྭ་བ་དང་འཚོ་བ་གཅིག་གྱུར་གྱིས་གཟིགས་སྐྱོང་གནང་སྟེ་མ་འོངས་བསྟན་པའི་སོན་རྩ་གང་ལེགས་བསྐྲུན་པ་ནི་ཡི་རང་བའི་གནས་སུ་གྱུར། དེ་ནས་སྤྱི་ལོ་༢༠༡༥ཟླ་༣ཚེས་༩བོད་ཤིང་མོ་ལུག་གི་ཧོར་ཟླ་༡ཚེས་༡༨ཉི་མ་མེ་བཞིའི་འགྲུབ་སྦྱོར་ཉིན་སྔ་དྲོར་བླ་སྒྲུབ་འདོད་འབྱུང་རིན་ཆེན་གྱི་ཚོགས་འཁོར་རྒྱས་འབུལ་དང་རང་དགོན་གྱི་བླ་གྲྭ་ཐུན་མོང་ལ་སྒྲུབ་གྲྭ་སྤྱི་ཡོངས་ནས་སྐུ་འགྱེད་དང་གསོལ་སྟོན་དྲངས་ཏེ། ལོ་ངོ་བཞིའི་རིང་གི་ཡོང་འབབ་འགྲོ་སོང་ལྷག་འཕྲོས་ཀྱི་རྟེན་བཞེངས་རྩིས་འབུལ་གནང་བ་དང་། སྟག་དགོན་བླ་བྲང་གི་ངོས་ནས་སྒྲུབ་གྲྭའི་དགེ་སློབ་ཀུན་ལ་སྐུ་གསུང་ཐུགས་རྟེན་ཕུལ་ཏེ་ཐུགས་རྗེའི་ལེགས་གསོལ་ཞུས་པ་དང་མ་འོངས་པའི་ཆར། ཁྱེད་སྒྲུབ་ཐོན་བཙུན་ཆུང་རྣམ་པས། གཅིག་ནས་ལུང་རྟོགས་བསྟན་པ་ལ་འཆད་ཉན་ཉམས་ལེན་གནང་རྒྱུ་དང་། གཉིས་ནས་དགོན་པ་ལ་ལྷག་བསམ་ཟོལ་མེད་ཀྱི་ཞབས་ཞུ་རྣམ་དག་བསྒྲུབ་རྒྱུར་གྲྭ་བ་ཞིག་གི་ངོས་ནས་མི་ཚེའི་ཁ་ཕྱོགས་སམ་འོས་འགན་ཞིག་ཏུ་བརྩི་དགོས་པའི་རེ་སྐུལ་དང་། ལྷག་པར་དུ་ཁྱེད་རྣམ་པ་མུ་མཐུད་ནས་གྲྭ་ས་གཞན་ལ་སློབ་སྦྱང་དུ་ཕེབས་པའི་ཁས་ལེན་དགོས་ཚུལ་གྱི་རེ་འདུན་ཞུས་ཏེ་ཟབ་ལམ་བླ་མའི་རྣལ་འབྱོར་དལ་བུར་བཀླགས་ནས་མི་དམིགས་མཉམ་པའི་ངང་ལ་དར་ཅིག་སྡོད་ཁུལ་གྱི་མཚམས་ནས་བསྔོ་བ་བདེ་ལེགས་ཀུན་འབྱུང་དང་བསྟན་རྒྱས་སྨོན་ལམ་གྱེར་ཏེ་མཇུག་གྲོལ་ལོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།