དགའ་མལ་དགོན་ཆེན་གྱི་མདོ་སྔགས་བཤད་སྒྲུབ་གླིང་།
[ཟླ་ཚེས། 2014-07-16 15:34:44][རྩོམ་པ་པོ། དགོན་ཆེན་དྲུང་ཡིག་ཚན་ཁག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
མདོ་སྨད་ཟིང་ཆུ་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་མདོ་སྔགས་བཤད་སྒྲུབ་གླིང་སྒྲུབ་གྲྭ་ཁང་།
དགའ་མལ་དགོན་ཆེན་གྱི་སྒྲུབ་གྲྭ་ཁང་༼ མདོ་སྔགས་བཤད་སྒྲུབ་གླིང་།༽
༧ མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས། སྒྲུབ་སློབ་ཤེས་རབ་ལྷུན་གྲུབ། ཀྲུའུ་རེན་ལུང་རྟོགས་རྒྱ་མཚོ་བཅས།
༧ མཁན་སློབ་གཙོས་པའི་ད་ཡོད་ཀྱི་དངོས་བཞུགས་སྒྲུབ་གྲྭ་བ།
དེ་ཡང་མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་སྒྲུབ་གྲྭ་༼མདོ་སྔགས་བཤད་སྒྲུབ་གླིང་༽ནི་སྤྱི་ལོ་༡༩༨༥ལོར་མདོ་སྨད་ཟིང་ཆུ་ཁོག་གི་ནང་དགོན་ཁག་ལྔ་དང་ཕྱི་དགོན་ལག་བཅུ་གསུམ་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་དང་དཔོན་སློབ་བསྐལ་བཟང་དར་རྒྱས་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་ཐུགས་འགན་གནང་སྟེ་ཟིང་ཆུ་ཁོག་གི་བོན་དགོན་ཐུན་མོང་གི་གདན་ས་༧དགའ་མལ་དགོན་ཆེན་དུ་བཤད་གྲྭ་དང་སྒྲུབ་གྲྭ་གཉིས་ཟུང་འབྲེལ་གྱི་བསྟན་པ་སྤེལ་བའི་གཞི་བཟུང་སྟེ་དགོན་ཆེན་གྱི་སྒྲུབ་གྲྭ་ཁང་༼མདོ་སྔགས་བཤད་སྒྲུབ་གླིང་༽དབུ་ཚུགས་གནང་ནས་རིམ་བཞིན་སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་རིན་པོ་ཆེ་དང་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་རིན་པོ་ཆེ་བཅས་ཀྱིས་བཤད་སྒྲུབ་ཀྱི་བསྟན་པ་སྤེལ་ཏེ་༢༠༡༤ལོའི་བར་མི་ལོ་སུམ་ཅུར་སོན་ཡོད་པ་དང་།
༧ མཁན་ཆེན་ཤེས་རབ་མཐར་ཕྱིན་རིན་པོ་ཆེ།
༧ དཔོན་སློབ་བསྐལ་བཟང་དར་རྒྱས་རིན་པོ་ཆེ།
མདོ་དབུས་ཁམས་གསུམ་ནས་ཕེབས་པའི་སྒྲུབ་ཐོན་པ་བརྒྱ་ཕྲག་ལྷག་གསོ་སྐྱོང་གནང་སྟེ་ད་ཆ་སྒྲུབ་ཐོན་པ་རྣམས་ཕྱོགས་སོ་སོར་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་གནང་དང་གནང་བཞིན་པ་དང་། ད་ཆར་ཡང་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ། དཔོན་སློབ་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན་རིན་པོ་ཆེ། སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་རིན་པོ་ཆེ་བཅས་ཀྱིས་ཐུགས་འགན་རྒྱ་ཆེར་བཞེས་ཐོག་དགོན་ཆེན་གྱི་བཤད་སྒྲུབ་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བའི་མཛད་འཕྲིན་བསྐྱངས་ཏེ་བཤད་གྲྭ་དང་སྒྲུབ་གྲྭ་བའི་སློབ་གཉེར་བ་བརྒྱ་ཕྲག་ལྷག་གསོ་སྐྱོང་གནང་བཞིན་པ་དང་།
དེ་ཡང་དང་ཐོག་༧མཁན་ཆེན་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་དང་དཔོན་སློབ་བསྐལ་བཟང་དར་རྒྱས་རིན་པོ་ཆེ་རྣམ་གཉིས་ཀྱིས་༡༩༨༥ལོ་ནས་༡༩༨༩ལོའི་བར་མི་ལོ་ལྔ་ཡི་རིང་ལ་མདོ་སྔགས་བཤད་སྒྲུབ་གླིང་གི་སྒྲུབ་ཐོན་པ་དུ་མར་གསོ་སྐྱོང་གནང་བ་དང་།
དེ་ནས་༡༩༨༩ལོར་དཔོན་སློབ་བསྐལ་བཟང་དར་རྒྱས་རིན་པོ་ཆེ་(མཆན། དཔོན་སློབ་བསྐལ་བཟང་དར་རྒྱས་རིན་པོ་ཆེའི་རྣམ་ཐར།http://www.himalayabon.com/figure/great/2013-12-21/321.html)དགོངས་པ་བོན་དབྱིངས་སུ་གཤེགས་པ་དང་དཔོན་སློབ་རིན་པོ་ཆེ་མཆོག་གི་རྒྱལ་ཚབ་སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་རིན་པོ་ཆེ་(མཆན། སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་རིན་པོ་ཆེའི་རྣམ་ཐར་གཞན་དུ་གསལ།)མཆོག་གིས་མདོ་སྔགས་བཤད་སྒྲུབ་གླིང་གི་བླ་སློབ་གཅིག་ལྕོགས་ཀྱི་འགན་བཞེས་གནང་སྟེ་སྤྱི་ལོ་༡༩༨༨ལོ་ནས་༢༠༡༤བར་མི་ལོ་ཉེར་དྲུག་གི་རིང་ལ་དགོན་ཆེན་གྱི་མདོ་སྔགས་བཤད་སྒྲུབ་གླིང་གི་བསྟན་པ་འཛིན་སྐྱོང་སྤེལ་བའི་མཛད་འཕྲིན་རྒྱ་ཆེར་བསྐྱངས་པ་དང་། གཞན་ཡང་དགོན་ཆེན་གྱི་ཀྲུའུ་རེན་ཆེན་མོ་ལུང་རྟོགས་རྒྱ་མཚོའམ་ཨ་ཁུ་རྣམ་རྣམ་མཆོག་ནས་༡༩༨༥ལོ་ནས་༢༠༡༤ལོའི་བར་དུ་དགོན་ཆེན་གྱི་མདོ་སྔགས་བཤད་སྒྲུབ་གླིང་གི་བསྟན་པ་འཛིན་སྐྱོང་སྤེལ་བའི་ཐད་ལ་ཕྱོགས་ཡོངས་ནས་རོགས་འགན་རྒྱ་ཆེར་གནང་།
སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་རིན་པོ་ཆེ་དང་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་མཆོག
༢༠༠༩་ལོ་ནས་༢༠༡༤ལོའི་བར་མི་ལོ་དྲུག་གི་རིང་ལ་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་མཆོག་མདོ་སྔགས་བཤད་སྒྲུབ་གླིང་ལ་བཞུགས་ཏེ་སྒྲུབ་གྲྭའི་བསྟན་པ་འཛིན་སྐྱོང་སྤེལ་བ་ལ་རོགས་འགན་རྒྱ་ཆེར་གནང་བ་དང་།
༧ མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས། སྒྲུབ་སློབ་ཤེས་རབ་ལྷུན་གྲུབ།
༢༠༡༤ལོ་ནས་སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་ཀྱི་རྒྱལ་ཚབ་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་མཆོག་གིས་མདོ་སྔགས་བཤད་སྒྲུབ་གླིང་གི་བླ་སློབ་གཅིག་ལྕོགས་ཀྱི་འགན་བཞེས་གནང་ནས་ད་ཆར་མདོ་སྔགས་བཤད་སྒྲུབ་གླིང་གི་བསྟན་པ་འཛིན་སྐྱོང་སྤེལ་དང་སྤེལ་བཞིན་པའོ། །
དགའ་མལ་དགོན་ཆེན་གྱི་མདོ་སྔགས་བཤད་སྒྲུབ་གླིང་གི་སྒྲུབ་གྲྭའི་ཟིན་རིས་རིན་ཆེན་ཐེམ་སྐས།
ཕྱི་ནང་གསང་གསུམ་རྩ་བརྒྱུད་བླ་མ་དང་། །རྒྱུད་གསུམ་བསྟན་པའི་མངའ་བདག་ཤར་རྫ་བ། །
བརྒྱུད་པའི་མདོ་འཛིན་དྲིན་ཅན་བླ་མ་ལ། །གུས་པས་འདུད་དོ་བརྩེ་བས་རྗེས་བཟུང་གསོལ། །
བསླུ་མེད་སྐྱབས་མཆོག་རིན་ཆེན་རྣམ་གསུམ་དང་། །རྩ་གསུམ་དམ་ཅན་རྒྱ་མཚོའི་ལྷ་ཚོགས་ལ། །
བདག་སོགས་འགྲོ་ཀུན་ཕྱག་བཤགས་མཆོད་བསྟོད་འབུལ། །དུས་ཀུན་ཐུགས་རྗེས་གཟིགས་ལ་བྱིན་མཐུ་སྩོལ། །
སྔ་རབས་མཁས་གྲུབ་དུ་མའི་སྲོལ་བཟང་ལྟར། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་གྱིས། །
ཚེ་གཅིག་བླ་མེད་བྱང་ཆུབ་བསྒྲུབ་པའི་ཕྱིར། །སྒྲུབ་གྲྭར་འཆད་ཉན་སྒོམ་སྒྲུབ་བྱ་ཚུལ་བྲི། །
དེ་ལ་སྔོན་བྱོན་གྱི་མཁས་གྲུབ་སྐྱེས་མཆོག་མང་བོ་དང་། ཁྱད་པར་རྗེ་བཙུན་རི་ཁྲོད་པ་ཆེན་པོ་དང་རྒྱལ་བ་གཉིས་པ་སྨན་རི་བ་རིན་པོ་ཆེའི་རིང་ལུགས་དྲི་མ་མེད་པ་ལྟར། བཀའ་རྒྱུད་ཕྱི་ནང་གསང་གསུམ་འགལ་མེད་དུ་ཉམས་སུ་ལེན་པ་ལ། དད་བྲཙོན་ཤེས་རབ་ཆེ་བའི་གང་ཟག་རབ་ཀྱིས་གཏན་སྲིད་མ་ཟིན་བར་དུ་དང་། འབྲིང་གིས་ཉམས་ལེན་ལ་བརྟན་པ་མ་ཐོབ་བར་དུ་དང་། ཐ་མས་ཀྱང་ལོ་གསུམ་གྱི་བར་དུ་གདམས་ངག་བསྟེན་ཅིང་ཉམས་སུ་ལེན་དགོས་པས། སྐབས་འདིར་ལོ་གསུམ་གྱི་དབང་དུ་བགྱི་ན། ལོ་རེ་བཞིན་དུ་བོན་ལ་སྤྱོད་ཚུལ་ནི། ལོ་རེ་ལ་དང་བོའི་དཀྱིད་ཟླ་ར་བའི་ཡར་ཚེས་གཟའ་སྐར་དུས་སྦྱོར་བཟང་བོ་ཕུན་སུམ་ཚོགས་པའི་ཉིན་ནས་ཚོགས་ཁྲིད་ཆེན་པོའི་སྔོན་འགྲོ་བཀའ་ལུང་རྒྱ་མཚོའི་དབུ་བཟུང་ལ་ཟླ་བ་གཅིག་དང་འཕོ་བ་ཉི་མ་བཅུའམ་བཅུ་གཉིས་ཙམ་སྦྱང་། དེའི་ཞོར་དུ་བཀའ་ལུང་རྒྱ་མཚོ་སློབ་བུ་ཚད་དང་སྦྱར་ལ་འགྲེལ་བཤད་ཀྱི་དབུ་བཙུགས་ཏེ་ས་བཅད་དང་ལུང་འདྲེན་རྒྱས་པ་མ་ལྕོགས་ནའང་འབྲིང་བོ་ཙམ་ཞིག་བློ་ལ་འདོན་རྒྱུད་ཡོད་ངེས་པར་བྱ་ལ་ཁྲིད་རིམ་སྡེ་ཚན་རེ་རེའི་དོན་རྣམས་མྱོང་བ་བྱོན་པའམ་ཉིན་བཅུའི་བར་དུ་སྒོམ་དགོས་པ་ཞལ་རྒྱུན་ཡིན། ཚོགས་ཁྲིད་ཆེན་མོ་ཟིན་ནས་སྔན་འགྲོའི་སྒོམ་རིམ་ཁྲིད་ནས་ཨ་ཁྲིད་ཀྱི་ཚིགབ་ཤད་དང་གཉིས་པོ་སྦྲགས་ལ་ཉིན་ཞག་རེ་ལ་སྒོམ་རིམ་ལྟ་དམིགས་རིམ་ལྡན་པའི་ངང་ནས་སེམས་བསྐྱེད་སྟོང་གཅིག ཕྱག་དང་སྐྱབས་འགྲོ་ལྷན་དུ་སྟོང་རེ་རེ། ཡིག་བརྒྱ་སྟོང་། མཎྜལ་སྟོང་། བླ་མའི་རྣལ་འབྱོར་སྟོང་རེ་དང་མཇུག་ཏུ་དབང་བཞི་བླང་བ་དང་ཞུ་ཐིམ་བཅས་བྱ། ཞལ་བརྒྱ་ལ་བསགས་སྦྱོང་འབུམ་ཕྲག་དྲུག་རྫོགས་དགོས། དེ་ལྟར་དེ་ནས་ཀུནབ་ཟང་ཨ་གསལ་གཞུང་བསྲང་ལ་སལེ་འོད་ཉིན་རེ་ཁྲི་རེ། མ་ཏྲིའི་ཆོ་ག་གསེར་ཞུན་ལྟ་བུ་གཞུང་རེ་བརྗོད་ཅིང་ཉིན་རེར་བསྙེན་པ་ཁྲི་གཉིས་རེ། དུ་ཏྲི་སུའི་སྒྲིབ་སྦྱང་གི་གཞུང་གང་རུང་བརྗོད། ལ་ལས་དུ་ཏྲི་སུ་ཉིན་རེ་ཁྲི་གཉིས་རེ་འདོན་ན་ཉིན་བཅོ་ལྔ་ལ་སྙིང་བོ་རྣམ་གསུམ་འབུམ་གསུམ་ལོངས་པའོ། །དེ་ཡན་སྔོན་འགྲོའི་བསགས་སྦྱང་འབུམ་དགུ་རྫོགས་པའོ། །དེ་དག་གི་སྐབས་སུ་ནངས་པར་ཆུ་གཏོར་དང་བསང་མཆོད་དཀར་གསུར། དགོང་མོར་སྲུང་མའི་སྐོང་གསོལ་བསྡུས་པ་རེ་དང་གཏོར་འབུལ། དམར་གསུམ། ཉིན་ཕྱེད་གསོལ་ཇའི་སྐབས་སུ་ཟས་ལྷག་བསྔོ་དགོས་པས། རྒྱུན་སྤྱོད་ཀྱི་ལུང་དང་ཁྲིད་ཞུ། ཀུན་གྲོལ་གྱིས་མཛད་པའི་གཏོར་མའི་རྣམ་བཤད་ཁྲིད་ན་ལེགས། སྔར་རབ་ཏུ་བྱུང་མེད་ན་གཙང་གཙུག་གི་སྡོམ་པ་ཞུ་ལ་དགོངས་བཅད། བྱང་སྡོམ་ཞུ་ལ་བྱང་སྡོམ་བསླབ་པ་ལྔ་བཅུ་བ་ཁྲིད། སོ་བྱང་གཉིས་སྡོམ་པ་ཞུ་དུས་དང་སྔོན་འགྲོའི་སྐབས་ནས་སྐྱབས་སྡོམ་ཐོབ་ཡོད་པས། དེ་ཙམ་ནས་སྐྱབས་འགྲོའི་ཆོ་ག་དང་འདུལ་བའི་གསོ་སྦྱོང་དང་བྱང་སྡོམ་གསོ་སྦྱོང་གཉིས་ལུང་འདོན་ཕྱག་རྒྱ་རྣམས་སློབ། ཟླ་རེའི་ནང་ཉ་ཐམས་ཅད་སྐྱབས་འགྲོའི་མཆོད་པ་དང་གསོ་སྦྱོང་མ་ཆད་པར་བྱ། ཡང་སྔོན་འགྲོའི་བསགས་སྦྱོང་རྫོགས་ནས་བཟུང་རྒྱུད་སྦྱང་དང་སྡིག་སྦྱང་ཚོགས་བསགས་རྒྱུན་མི་ཆད་ཕྱིར་སྔོན་འགྲོའི་ངག་འདོན་ཉིན་རེར་ཚར་རེ་མི་ཆག་པར་བྱ་བ་གལ་ཆེའོ། །
དེ་ནས་དབྱར་ཟླ་འབྲིང་བོའི་མཇུག་གམ་དབྱར་ཟླ་ཐ་མའི་ནང་ཙམ་ལ་དགོངས་གཞི་སྐུ་གསུམ་རང་ཤར་ལྟར་ཨ་གཏད་བྱ་ལ་ཞི་གནས་ཞག་བདུན་ལ་སྦྱང་བཅུག དངོས་གཞིའི་སེམས་སྦྱང་སྟབས་ལྟར་སེམས་ཀྱི་རྩ་བཅད་ལ་སོགས་ལེགས་པར་སྦྱང་བཅུག་སྟེ་བླ་སློབ་གཉིས་ཀས་དོན་གཉེར་ཆེན་པོ་བྱེད་པ་གཅེས་སོ། །
དེ་ལྟར་གྱིས་སེམས་ཉིད་ངོ་སྤྲད་ནས་ཞི་ལྷག་ཟུང་འཇུག་གི་སྒོམ་གྱི་དབུ་ཚུགས་ཙམ་ནས་ཐུན་བཞིའི་རྣལ་འབྱོར་སྐྱོང་དགོས་ཏེ། ཐོ་རངས། སྔ་དྲོ། ཕྱི་དྲོ། ནུབ་མོ་བཅས་ཐུན་བཞིའི་དབུ་སྐྱབས་སེམས་དང་གསོལ་འདེབས། བླ་མའི་རྣལ་འབྱོར་འདོད་འབྱུང་གཏེར་གྱི་བུམ་བཟང་བརྗོད་ཅིང་། བྱིན་རླབས་ཞུ་ཐིམ་བྱ་བ་དང་། ཞི་ལྷག་ཟུང་འཇུག་གི་སྒོམ་ལ་ནན་ཏན་བྱ་དགོས། མཇུག་ཏུ་བསྔོ་སྨོན་བཅས་དམ་པ་གསུམ་དང་འབྲེལ་ངེས་བྱ། དེའི་ཞོར་དུ་དཀྱིལ་འཁོར་གྱི་སྤྱི་ཐིག་ཙམ་རེ་མ་གཏོགས་གཞན་པ་རི་མོ་བྲི་བཟོ་སོགས་ཡེངས་སྐྱོན་འབྱུང་བའི་གནས་ཐམས་ཅད་བཀག་སྡོམ་བྱེད་པ་གལ་ཆེའོ། །
ཟླ་བ་བདུན་པའི་ཚེས་བཅུ་ནས་ཨ་ཁྲིད་སྙན་རྒྱུད་གཉིས་ཀྱི་འཁྲུལ་འཁོར་སྦྱང་བ་ལ་ནན་ཏན་བྱེད། བརྒྱད་པའི་ཚེས་འགོ་ནས་རྫོགས་ཆེན་དབང་བཞི་ཅི་རིགས་ཞུ། སྒྲུབ་སྐོར་གྱི་ལུང་འདོན། དེའི་ཚེས་བཅོ་ལྔ་ཙམ་ནས་གཞལ་ཡས་ཁང་དང་སྟོང་ར་ཁྲིད་ནས་བློ་འཛིན་བྱ། ནམ་གང་ལ་བློ་རྒྱུགས་ཕུལ། ཟླ་བ་དགུ་བའི་ཚེས་གཅིག་ནས་རྫོགས་ཆེན་སྒྲུབ་པ་དང་རྩ་རླུང་གཉིས་ཀྱི་འགོ་བཟུང་ལ་འཇམ་རླུང་ནས་དྲག་རླུང་མཐར་ཕྱིན་བར་དུ་ཉམས་སུ་ལེན་ཚུལ་རྩ་རླུང་ཞལ་ཤེས་ལྟར་བྱ་ལ། ཐུན་བར་རྣམས་སུ་སྒྲུབ་བསྙེན་གཞུང་བཞི་པོའི་སྙིང་བོ་འབུམ་ཐེར་གསུམ་གསུམ་འདོན་དགོས། མཐར་རླུང་རས་དང་ཆུ་རས་ཕུད། འོག་སྒོའི་ཐུར་མའི་བཅུད་ལེན་བཅས་སྦྱང་བ་བྱའོ། །
ལོ་ཕྱི་མའི་སྒྲུབ་པ་འགོ་མ་ཚུགས་ཚུན་ལ་ནངས་པར་རྫོགས་ཆེན་སྐོང་བཤགས་དང་དགོང་མོར་རྫོགས་ཆེན་སྲུང་མ་རྣམས་ཉིན་ལྟར་འདོན་དགོས། ལོ་དེར་ཁོམ་ན་བོན་འཆད་མགུལ་རྒྱན་དང་། སྐྱབས་འགྲོའི་རྣམ་གཞག་ཉི་ཤུ་བ། བྱང་སྡོམ་ལྔ་བཅུ་བ། བརྒྱ་རྩ་བའི་འགྲེལ་བ། དཀོན་མཆོག་རྗེས་དྲན་འགྲེལ་བ། བྱམས་མ་འབུམ་བཞིའི་ཆོ་གའི་རྣམ་བཤད་རྣམས་ཁྲིད་བཤད་སོགས་གང་འགྲུབ་རེ་སྦྱང་བར་བྱའོ། །
ཡང་དེའི་ལོ་བར་མ་ལ། ཁྲིད་ནི་སྡོམ་གསུམ་རྩ་འགྲེལ་ས་བཅད་གཏམ་བརྒྱུད་དང་བཅས་ཁྲིད་ལ། རྩ་བ་ཉིན་བཞིན་བློ་རྒྱུགས་ལེན་དགོས། དེ་ཁྲིད་ཟིན་ནས་གསང་སྔགས་བསྐྱེད་རྫོགས་དང་སྔར་གྱི་ཁྲིད་ཡིག་སྦྱང་འཕྲོ་གང་ཡོད་རྣམས་སྦྱང་དགོས། སྔ་ལོ་བཅུད་ལེན་གྱི་རྫས་རྣམས་གྲུབ་ཡོད་ན་སྐུ་གསུམ་བཅུད་ལེན་ལ་སྡོད་ན་ལེགས། ཡང་ན་རིགས་དྲུག་རང་སྦྱོང་ཞག་གང་འགྲུབ་རེ་བསྡད་ཀྱང་ཆོག སྟོན་ཟླ་གང་རུང་ནང་དུ་བདེ་འདུས་དབང་ལུང་ཞུ་ལ་དེའི་གྱེར་བརྡུང་གཤེན་ལུགས་ལྟར་སྦྱོང་བཅུག དགུན་ཐོག་སྒྲུབ་པ་བདེ་འདུས་ཞག་བརྒྱ་དང་མཉམ་དུ་མཁའ་འགྲོ་གསང་མཛོད་རྩ་རླུང་ཞག་བརྒྱ་ལ་སྦྱང་དགོས། དེའི་བསྙེན་པ་བྱེ་བ་གསུམ་དང་གཞུང་བཞིན་བསྙེན་སྒྲུབ་རབ་འབྲིང་ཐ་གསུམ་གང་ནུས་ཞུགསས། བསང་སྐབས་སྐོང་བ་ཡན་ལག་བཞི་ལྡན་དང་། རྒྱུན་ཚོགས་སྐབས་རྒྱལ་མོ་གསང་བསྐུལ་ཉིན་བཞིན་དགོས་སོ། །
ཡང་ལོ་གསུམ་པ་ལ་སྡེ་སྣོད་མཛོད་རྩ་འགྲེལ་སྦྱར་ཏེ་ཁྲིད་ལ་ཅི་ཁྲིད་ཉིན་རེ་བཞིན་བློ་རྒྱུགས་ལེན་དགོས་ལ། ཁོམ་ལོང་ཡོད་ན་དབྱིངས་རིག་མཛོད་ཁྲིད་ཞུ་ལ་སློབ་གཉེར་བྱ། དབྱར་དང་སྟོན་དུས་སུ་ཐོད་རྒལ་འོད་གསལ་སྦྱང་། དགུན་ཐོག་བོད་ཡུལ་མའང་མ་རྒྱུད་གཉིས་པོ་གང་རུང་གི་རྩ་རླུང་དང་སྒྲུབ་པ་ཞེ་དགུ་རྫོགས་ནས་ནག་ཁྲིད་མུན་མཚམས་ཞེ་དགུ་བཅས་ཀྱིས་ཉམས་ལེན་མཐར་ཕྱིན་པར་བྱའོ། །དེ་ལྟར་ལོ་གསུམ་གྱི་ཁྲིད་དང་སྒྲུབ་པ་གཉིས་ཀྱི་བསགས་སྦྱོང་བྱ་ཚུལ་རགས་རིམ་ཙམ་བསྟན་ཟིན་པའོ། །
གོང་བཤད་ལྟར་ལོ་རིམ་ཧྲིལ་བོ་གསུམ་ལ་བླ་མེད་ཐེག་ཆེན་ལུགས་ཀྱི་སྔོན་དངོས་རྗེས་གསུམ་གྱི་བོན་སྤྱོད་རྣམས་སུ་བླངས་པ་ཙམ་གྱིས་ཆོག་ཤེས་འཛིན་མི་རུང་སྟེ། ཕལ་ཆེར་ལས་དང་པོ་བ་ཡིན་པས་འཆད་ཉན་སྒོམ་སྒྲུབ་བགྱིད་ཚུལ་གྱི་ཕྱག་བཞེས་དང་བཀའ་སྲོལ་ཤས་ཙམ་ལས་མྱོང་གོམས་ཆེར་མེད་པས་སོ། །དེ་ནས་མུ་མཐུད་ནས་བཤད་སྒྲུབ་ཟུང་འཇུག་དང་ལྟ་སྤྱོད་ཟུང་འབྲེལ་གྱིས་བོན་སེམས་འདྲེས་མའི་ཉམས་ལེན་ལ་བརྩོན་ན། ཡར་ངོའི་ཟླ་བ་བཞིན་དུ་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་གྱི་རྩལ་རྫོགས་པར་འགྱུར་བར་གསུངས་པས་ན། ལམ་གྱི་རྩ་བ་གསུམ་སོགས་ལ་རྨང་གཞི་བྱས་ཏེ་དལ་འབྱོར་ཐོབ་པ་སྙིང་ཡོད། བསྟན་དང་མཇལ་བ་དོན་ལྡན། བླ་མ་བསྟེན་པ་མདོ་ཡོད་ཅིག་མཛད་པར་འཚལ། །
སྨྲས་པ། རྒྱལ་བའི་བཀའ་གསུང་ཟུང་འབྲེལ་ཉམས་ལེན་པ། །མཁས་གྲུབ་གོང་མའི་མཛད་སྲོལ་ཁྱད་འཕགས་ལགས། །
དེ་ཕྱིར་དེ་ཉིད་མི་ཉམས་དར་རྒྱས་ཕྱིར། །བླ་མའི་གསུང་བཞིན་ལྷག་བསམ་དགེ་བས་བྲིས། །
འོན་ཀྱང་རྨོངས་པའི་དབང་གིས་ནོར་འཁྲུལ་ཆ། །གང་མཆིས་མཆོག་གསུམ་རྩ་གསུམ་སྲུང་མར་བཤགས། །
འདི་བྲིས་ལས་བྱུང་རྣམ་དཀར་ཉིན་བྱེད་གཟི། །འགྲོ་བའི་ལས་ཉོན་མུན་སྟུག་སེལ་དང་ལྷན། །
བཤད་སྒྲུབ་བསྟན་པའི་པད་ཚལ་འབུམ་བཞད་དེ། །སྐལ་ལྡན་སྨིན་གྲོལ་རྩི་བཅུད་ལ་རོལ་ཤོག །
ཅེས་སྒྲུབ་གྲྭའི་ཟིན་རིས་རིན་ཆེན་ཐེམ་སྐས་ཞེས་བྱ་བ་འདི་ནི་མདོ་སྨད་བྱང་གི་གནས་ཆེན་བྱ་དུར་མདུན་ཞེས་དཔལ་གཤེན་བསྟན་དགའ་མལ་ཀུན་ཁྱབ་བདེ་ཆེན་གླིང་གི་མདོ་སྔགས་བཤད་སྒྲུབ་གླིང་གི་སྒྲུབ་གྲྭའི་སློབ་དཔོན་རྒན་ཤེས་རབ་ཚུལ་ཁྲིམས་བདག་གིས་དཔོན་སློབ་གོང་མའི་གསུང་རྒྱུན་བཞིན་དུ་ཡང་བསྡུས་ཏེ་བོན་རབ་བྱུང་༡༧པའི་ལྕགས་རྟ་ལོའི་ས་ག་ཟླ་བའི་རྫོགས་པ་གསུམ་ཉིན་ལ་མཇུག་རྫོགས་པར་བྱས་དགེ་འབྲས་ཅི་མཆིས་མཉམ་མེད་བླ་མའི་སྒྲུབ་རྒྱུད་ཀྱི་བསྟན་པ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག