ཁམས་བྲག་འགོ་རྒྱལ་རོང་དགོན་ཆེས་མཐོའི་ལྔ་རིག་སློབ་གླིང་གི་འཕྲིན་གསར།
[ཟླ་ཚེས། 2013-09-12 18:57:41][རྩོམ་པ་པོ། དྲུང་ཡིག་པ་ཁྲི་བཙུན་ལྷ་མཛེས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༧མི་རིགས་འདྲ་མཉམ་གྱི་གོམ་ཁ་དུས་རབས་ཉེར་གཅིག་པའི་ཁུག་འགོ་འདིར་སྤོས་ཏེ་ཕོ་མོ་རིས་སུ་མེད་པ་ཤེས་རིག་ཡོན་ཏན་གྱི་གླིང་ཁར་བསྐྱོད་བཞིན་པའི་དུས་མཚུངས་སུ་ངེད་མདོ་ཁམས་བྲག་འགོ་རྒྱལ་རོང་དགོན་ཆེས་མཐོའི་ལྔ་རིག་ནང་བསྟན་སློབ་གླིང་གི་སློབ་གཉེར་བ་བཙུན་མ་རྣམ་པ་ཡང་རྟགས་གསལ་གྱི་བྲེལ་འཚུབ་དང་དམ་བཅའི་རྔམ་བརྗིད་བར་ན་ཐོས་བསམ་འཚོ་བ་རོལ་བའི་སྐལ་བཟང་ཤར་ནས་ལོ་འཁོར་གཅིག་ཧྲིལ་པོ་འཁོར་བ་དང་གཙུག་ལག་ཁང་གསར་ལེགས་གྲུབ་བྱུང་བའི་རྟེན་འབྲེལ་གཉིས་འཛོམས་ཀྱི་མཛད་སྒོ་གྱ་ནོམ་པ་འདི་ལྟར་ཞིག་གཉེར།
ཉིན་དེའི་དུས་ཚོད་༧.༣༠ཐོག་དགོན་འདིའི་བསྟན་བདག་མཆོགསྤྲུལ་སྐུ་འཆི་མེད་གཡུང་དྲུང་རིན་པོ་ཆེ་དང་བླ་མ་འཇམ་དཔལ་རྒྱ་མཚོ་དགེ་བཤེས་ཤེས་རབ་སྦྱིན་པ་སྒྲུབ་ཐོན་པ་བློ་གྲོས་རྒྱ་མཚོ་སྒྲུབ་ཐོན་པ་གཡུང་དྲུང་རིན་ཆེན་སྒྲུབ་ཐོན་པ་བསམ་གཏན་བཟང་པོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་རབས་འབྱམས་པ་ཀུན་བཟང་རྣམ་རྒྱལ་དང་གཞན་གྲྭ་པ་དང་བཙུན་མ་དགུ་བཅུ་ལྷག་ལྷན་འཛོམས་ཀྱི་ཐོག་ནས་གཙུག་ལག་ཁང་གསར་གྱི་རྟེན་དང་བརྟེན་པ་ཡོད་དོ་ཅོག་ལ་མངའ་དབུལ་བཀྲ་ཤིས་གཏེར་མཛོད་ཀྱི་སྒོ་ནས་རབ་གནས་མཛད། དུས་ཚོད་༡༠་པའི་ཐོག་སློབ་གླིང་གི་བཤད་གྲྭ་བ་བཙུན་མ་རྣམ་པས་དགོན་འདིའི་ལྷ་མི་སྡེ་གསུམ་ཡོངས་ལ་རྩོད་པ་དང་དམ་བཅའི་གཟིགས་འབུལ་ཞུས་ཤིང་རྒྱལ་རོང་དགོན་ཆེས་མཐོའི་ལྔ་རིག་སློབ་གླིང་གི་སློབ་དཔོན་དཔལ་ལྡན་ཁྲི་བརྟན་ནོར་རྩེའི་དགེ་བཤེས་ཤེས་རབ་སྦྱིན་པས་ལྷ་སྡེ་མི་མང་དག་ལ་བོན་བསྟན་ལ་ཤ་ཞེན་དགོས་ཚུལ་དང་སློབ་གླིང་འདི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་བའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱིས་བཀའ་དགོངས་གཞི་བཟུང་དང་ཁོང་རྣམ་གཉིས་གསར་དུ་བཙུགས་པའི་བཙུན་མའི་འདུས་སྡེ་གཤག་མ་ཞིག་ཡིན་པའི་ཆ་ནས་ང་ཚོས་གཟི་བརྗིད་དང་སྤོབས་པ་ཆེར་བསྐྱོད་ཀྱི་ཐོག་འཛམ་གླིང་རིམ་པའི་སློབ་སྦྱོང་གི་འགྲན་རྩོད་ནང་དུ་ཞུགས་ཐུབ་པར་བརྩོན་ལེན་བྱེད་དགོས།ཞེས་གསུངས་སོང། དུས་ཚོད་༡༡ཐོག་དམིགས་གསལ་བློ་རྒྱུགས་འབུལ་མཁན་རྣམས་ལ་གཟེངས་རྟགས་སྤྲད། བློ་རྒྱུགས་འབུལ་མཁན་ནི། བདེ་ཆེན་དབང་མོས། ཐུན་མོང་སྡུད་གྲྭའི་རྣམ་བཞག་སྤྱིར་བསྟན་སྐོར་དང་རྟགས་ཀྱི་རིགས་པའི་རྣམ་བཞག་སྐོར་ཆ་ཚང་། ཁྲི་བཙུན་དཔལ་མཛེས་ནས། ཐུན་མོང་སྡུད་གྲྭའི་རྣམ་བཞག་སྤྱིར་བསྟན་སྐོར་ཆ་ཚང་དང་རྟགས་ཀྱི་རིགས་པའི་རྣམ་བཞག་སྐོར་ཆ་ཚང་། ཁྲི་བཙུན་ལྷ་མཛེས་ནས། ཐུན་མོང་སྡུད་གྲྭའི་རྣམ་བཞག་སྤྱིར་བསྟན་སྐོར་ཆ་ཚང་། ཚུལ་ཁྲིམས་དཔལ་མཚོ་ནས། རྟགས་ཀྱི་རིགས་པའི་རྣམ་བཞག་སྐོར་ཆ་ཚང་། འགྲོ་བ་བཟང་མོ་ནས་ཐུན་མོང་སྡུད་གྲྭའི་རྣམ་བཞག་སྤྱིར་བསྟན་སྐོར་ཆ་ཚང་། བསམ་གཏན་སྒྲོན་མ་ནས་ཐུན་མོང་སྡུད་གྲྭའི་རྣམ་བཞག་སྤྱིར་བསྟན་སྐོར་ཆ་ཚང་། སྨོན་ལམ་ཚུལ་འཛིན་ནས་ཐུན་མོང་སྡུད་གྲྭའི་རྣམ་བཞག་སྤྱིར་བསྟན་སྐོར་ཆ་ཚང་། ཀུན་གྲོལ་བཟང་མོ་ནས་ཐུན་མོང་སྡུད་གྲྭའི་རྣམ་བཞག་སྤྱིར་བསྟན་སྐོར་ཆ་ཚང་། རིག་གྲོལ་བཟང་མོ་ནས་ཐུན་མོང་སྡུད་གྲྭའི་རྣམ་བཞག་སྤྱིར་བསྟན་སྐོར་ཆ་ཚང་། རྣམ་དག་བྱམས་མ་ནས་ཐུན་མོང་སྡུད་གྲྭའི་རྣམ་བཞག་སྤྱིར་བསྟན་སྐོར་ཆ་ཚང་། དགེ་རྒྱས་དབང་མོ་ནས་ནས་ཐུན་མོང་སྡུད་གྲྭའི་རྣམ་བཞག་སྤྱིར་བསྟན་སྐོར་ཆ་ཚང་། གཞན་ཕན་ཚུལ་འཛིན་ནས་ཐུན་མོང་སྡུད་གྲྭའི་རྣམ་བཞག་སྤྱིར་བསྟན་སྐོར་ཆ་ཚང་། ཤེས་རབ་མཚོ་མོ་ནས་ཐུན་མོང་སྡུད་གྲྭའི་རྣམ་བཞག་སྤྱིར་བསྟན་སྐོར་ཆ་ཚང་བཅས་བློ་རྒྱུགས་འབུལ་མཁན་སློབ་གཉེར་བ་གྲངས་བཅུ་གསུམ་ལ་གཟེངས་རྟགས་སྤྲད། དུས་ཚོད་༡པོའི་ཐོག་བླ་སྤྲུལ་དགེ་བཤེས་རྣམ་པས་དད་ལྡན་མང་ཚོགས་ཡོངས་ལ་ཚེ་སྒྲུབ་བྱ་རི་མའི་བཀའ་དབང་རྒྱས་པར་བསྐུལ་ཞིང་བླ་མ་རྣམ་གཉིས་ནས་དབང་དམ་དང་འབྲེལ་བའི་བཀའ་སློབ་ཟབ་རྒྱས་སུ་གནང་སྟེ་ཉིན་དེའི་མཛད་རིམ་དེ་ཉིད་ཁ་དགེ་བཀྲ་ཤིས་ངང་ཡོངས་སུ་གྲུབ་པ་རེད། རྒྱལ་རོང་དགོན་ཆེས་མཐོའི་ལྔ་རིག་སློབ་གླིང་གི་ཡིག་ཚང་ནས།