༼རྒྱལ་རོང་བཤད་སྒྲུབ་སློབ་གླིང་༽གི་གསལ་བརྡ།
[ཟླ་ཚེས། 2013-04-16 22:58:59][རྩོམ་པ་པོ། ][རྩོམ་ཁུངས། ][ཀློག་གྲངས། ]
རྒྱལ་རོང་མཚོ་སྟེང་དགོན་ངོ་མཚར་ནོར་བུའི་གླིང་གི་འཚོགས་ཁང་ཆེན་མོ།
༄༅།། གཡུང་དྲུང་བོན་གྱི་བསྟན་པའི་སྒོར་ཞུགས་པའི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པའི་སྙན་ལམ་དུ་ཞུ་གསོལ། ད་ལམ་འདིར་གནས་མཆོག་རྒྱལ་མོ་དམུ་རྡོ་ལྷ་གཉན་གངས་ཀྱི་འདབ་རོལ། གཡུང་དྲུང་བོན་གྱི་བསྟན་པའི་བ་དན་མཁའ་རུ་བསྒྲེངས་ཤིང་སྐྱེས་ཆེན་བླ་སྦྲུལ་མང་པོའི་འཁྲུངས་གཞིས་ཤར་རྒྱལ་མོ་རོང་གི་ས་ཆ་རུ་གནས་པའི་མཚོ་སྟེང་དགོན་ངོ་མཚར་ནོར་བུའི་གླིང་དུ《རྒྱལ་རོང་བཤད་སྒྲུབ་སློབ་གླིང》ཞེས་མདོ་སྔགས་རྫོགས་གསུམ་གྱི་སློབ་ཁྲིད་ཆ་ཚང་ཞིང་རིག་པའི་གནས་བཅས་སློབ་སྦྱོང་བྱེད་སའི་གནས་གཞི་ཞིག་འཛུགས་རྒྱུར་གཏན་ཁེལ་བྱས་ཡོད་ལ་གནས་སྐབས་སུ་འཛིན་རིམ་གསུམ་ཙམ་བསྡུ་རྒྱུ་ཡིན། འཛིན་རིམ་དང་པོ་ཡིག་རྨོངས་སེལ་བའི་ཆེད་དུ་བོད་ཡིག་དང་རྒྱ་ཡིག་གཉིས་ཀྱི་སློབ་ཚན་འཛིན་གྲྭ་གཅིག་དང་། གཉིས་པ་རིག་གནས་དང་བཤད་གྲྭའི་འཛིན་གྲྭ་གཅིག གསུམ་པ་སྒྲུབ་གྲྭའི་འཛིན་གྲྭ་བཅས་ཁྱོན་འཛིན་རིམ་གསུམ་བྱེད་རྒྱུ་ཡིན། ལོའི་ཡུན་ཚད་འཛིན་གྲྭ་དང་པོ་ལོ་གཉིས་དང་གཞན་གཉིས་གསུམ་རེ་ཡིན། མདོར་ན་ཡིག་རྨོངས་སེལ་བ་ནས་བཟུང་སུམ་རྟགས་དག་གསུམ་དང་། སྙན་ངག རྩིས་དཀར་ནག མདོ་སྔགས་རྫོགས་གསུམ་བཅས་དཔེ་ཁྲིད་ཆ་ཚང་ཡོད་ལ། དེ་ལྟར་དཔེ་ཁྲིད་རིམ་པ་བཞིན་ཆ་ཚང་འགྲོ་ཐུབ་ན་ལོ་ངོ་བརྒྱད་ཀྱི་རིང་དུ་བཞུགས་དགོས། དེ་མིན་གོང་ཞུས་ལྟར་འཛིན་གྲྭའི་ལོ་རིམ་གྱི་ཡུན་ཚད་མ་གཏོགས་མ་བཞུགས་ན་ཡང་ཆོག་པ་ཡིན།
༼རྒྱལ་རོང་བཤད་སྒྲུབ་སློབ་གླིང་༽གི་སློབ་ཁང་།
གཞན་སློབ་མའི་སྡོད་ཁང་དང་། བཞེས་ལག སློབ་དེབ། ལོ་རེ་ན་བཟའ་ཆ་ཚང་ཐེངས་གཉིས་རེ་གནང་རྒྱུའི་ཆ་རྐྱེན་བཅས་བསྒྲུབ་རྒྱུ་ཡིན། སློབ་ཁྲིད་ཀྱི་དགེ་རྒན་ཕྱོགས་ནས་དགེ་རྒན་ཆེན་མོ་བཞི་གྲ་སྒྲིག་བྱས་ཡོད་པ་ལྟར། སྨན་རིའི་དགེ་བཤེས་ཤེས་རབ་གྲགས་པ་མཆོག་དང་། བོན་བརྒྱ་དགོན་པའི་དགེ་བཤེས་ཡེ་ཤེས་བློ་གྲོས། ཤར་རྫའི་བཤད་གྲྭའི་དགེ་རྒན་དགེ་བཤེས་བསྟན་འཛིན་དབང་གྲགས། རྒྱ་ཡིག་གི་དགེ་རྒན་གཅིག་བཅས་གདན་འདྲེན་བྱས་ཡོད་པས་དེ་ལུགས་སུ་ཞུགས་འདོད་ཡོད་རིགས་རྣམ་པའི་དེ་ལྟར་འབྲེལ་བ་གནང་རོགས་ཞུ།
བོད་ཟླ་བཞི་བའི་ཚེས་གསུམ་སྟེ། སྤྱི་ལོ༢༠༡༣ལོའི་ཟླ༥པའི་ཚེས་བཅུ༡༣ཉིན་《རྒྱལ་རོང་བཤད་སྒྲུབ་སློབ་གླིང》གི་སྒོ་འབྱེད་དང་འབྲེལ་དཔེ་ཁྲིད་ཀྱི་འགོ་འཛུགས་རྒྱུ་ཡིན་པས་དེ་ལྟར་དགོངས་འཇགས་ཞུ།
དགོན་གནས། རྒྱལ་རོང་ཆུ་ཆེན་རྫོང་མཚོ་སྟེང་དགོན།
འབྲེལ་གཏུག་བྱ་ཡུལ།
སྤྱི་ཁྱབ་འགན་འཛིན་པ། ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན། ༡༣༥༤༠༩༩༩༤༣༨
སྨན་རིའི་དགེ་བཤེས་ཤེས་རབ་གྲགས་པ། ༡༣༩༠༩༠༤༡༢༢༢
དགེ་བཤེས་ཡེ་ཤེས་བློ་གྲོས། ༡༥༢༩༧༠༣༥༨༡༧
དགེ་བཤེས་བསྟན་འཛིན་དབང་གྲགས། ༡༣༥༤༡༨༩༩༥༧༥
ལས་སྣེ་བ་ཕུན་ཚོགས། ༡༣༥༤༡༥༧༥༢༠༨ བཅས་ཡིན། །
ཞེས་ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་གྱིས་ཤར་རྒྱལ་མོ་རོང་ནས་ཕུལ།