གནས་ཆེན་དགའ་ལྡན་དཔལ་རི།
[ཟླ་ཚེས། 2026-09-15 20:30:41][རྩོམ་པ་པོ། མཁན་པོ་ཚེ་རིང་ནོར་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ང་རང་སྔོན་མ་ནས་གནས་རི་འདི་དང་འབྲེལ་བའི་དཔྱད་རྩོམ་ཞིག་འབྲི་བའི་འདུན་པ་ཡོད་ཀྱང་། བྱ་བ་མང་བའི་དབང་གིས་ད་བར་འབྲི་མ་ཐུབ། དེ་རིང་དཔྱད་རྩོམ་ཐུང་ཐུང་ཞིག་གི་ལམ་ནས་གནས་རི་འདི་ངོ་སྤྲོད་མདོར་ཙམ་ཞུ་བ་ཡིན་པས་གནས་རི་དང་གཞི་བདག་གི་རིག་གནས་སོགས་ལ་དོ་ཁུར་བྱེད་མི་ཚང་མས་དོ་ཁུར་བྱེད་པའི་རེ་འདུན་ཡོད། དེའང་གནས་ཆེན་དགའ་ལྡན་དཔལ་རི་ཞེས་པ་ནི་ད་ལྟ་སི་ཁྲོན་དཀར་མཛེས་ཁུལ་བྲག་འགོ་རྫོང་གཞི་མདའ་ཤང་དགོན་སེར་གྲོང་ཚོ་དང་གཞི་རིང་གྲོང་ཚོའི་བར་ན་ཡོད། རི་འདི་རྐང་པ་གཡས་བརྐྱངས་གཡོན་སྐུམ་གྱི་ཚུལ་དུ་བཞུགས་ཡོད་པའི་པང་ཐོག་ཏུ་བོན་གྱི་དགོན་པ་ཞིག་ཡོད་པ་ལ་བཀྲ་ཤིས་རི་ཁྲོད། བཀྲ་ཤིས་སྨིན་གྲོལ་གླིང་། བཀྲ་ཤིས་སྨིན་གྲོལ་ཁྲོད་ཀྱང་། གཞི་རིང་དགོན་དང་ལི་ཀྱོ་དགོན་སོགས་འབོད། དེ་ནི་རྒྱལ་རོང་དགེ་ཤེས་ཙ་ཚང་གིས་བསྐྱར་གསོ་རྒྱ་ཆེན་བྱས་པའི་བོན་དགོན་གལ་ཆེན་ཞིག་ཡིན།
རི་འདི་ལ་དགའ་ལྡན་དཔལ་རི་ཞེས་འབོད་པས་ཡུལ་ལུང་ལའང་དགའ་བའི་དཔལ་ལུང་དང་པད་ལུང་སོགས་འབོད་སྲོལ་ཡོད། དམ་ཅན་མཐོང་སྣང་འཇའ་ཚོན་དྲ་བ་རྒྱས་པ་ལྟར་ན། རི་འདི་མ་རྒྱུད་གནས་ཆེན་ཉེར་ལྔ་ལས་ཤར་ཀྱི་གདན་ས་གལ་ཆེན་མཁའ་འགྲོ་སེང་གདོང་ཁྲོས་མའི་གནས་རི་ཞིག་ཏུ་ངོས་འཛིན་གནང་ཡོད་པར་མ་ཟད། དགེ་བཤེས་གཡུང་དྲུང་བསྟན་འཛིན་གྱིས་མ་རྒྱུད་སེང་གདོང་གི་སྒྲུབ་སྐོར་རེའང་མཛད་ཡོད། རྒན་རབས་པའི་ངག་རྒྱུན་ལྟར་ན། གནས་འདི་ལ་ཕྱི་ལྟར་ན་དགའ་ལྡན་དཔལ་རི། ནང་ལྟར་ན་ཀུན་གསལ་བྱམས་མ། གསང་བ་ལྟར་ན་སེང་གདོང་ཁྲོས་མའི་གནས་རི་སོགས་འབོད་པར་མ་ཟད། བོན་གྱི་ལོ་རྒྱུས་ཐོག་མི་སྣ་སྐད་གྲགས་ཅན་ལོ་ཆེན་བཻ་རོ་ཙ་ན་དང་རྒྱ་བོན་ལེགས་ཏང་རྨང་པོ། རྗེ་བཙུན་ཁྲོ་ཚང་འབྲུག་ལྷ། དམུ་གཤེན་རྣམ་པར་རྒྱལ་བ་སོགས་གནས་འདི་ལ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པར་བཤད།
གནས་ཆེན་དེའི་གནས་སྟངས་ནི་རྒྱབ་ལྷོར་གཏད་ཅིང་མདུན་བྱང་ལ་འཁོར་བ། རྩི་ཤིང་ནགས་ཚལ་ཤིན་ཏུ་རྒྱས་པ། ལུས་མཛེས་ཀྱི་རི་དྭགས་དང་།དཔའ་རྔམ་ཆེ་བའི་གཅན་གཟན། སྐད་སྙན་གྱི་བྱ་བྱེའུ་རིགས་ཚོགས་མང་པོ་ཡོད། དེའི་མཐའ་ནས་བཀྲ་ཤིས་རྟགས་བརྒྱད་ཀྱིས་བསྐོར་བ་སོགས་གསང་སྔགས་ཨ་དཀར་ཐེག་པའི་སྒྲུབ་གནས་ཀྱི་དགེ་མཚན་དུ་མ་ཚང་ཡོད། རི་དེའི་གཡས་ཕྱོགས་ཀྱི་ལུང་པ་ཆུང་ངུ་ཞིག་ནས་གནས་ཆུ་ཞེས་པ་རྫ་ཆུ་ཆུང་ཆུང་ཞིག་ཤར་ནས་བྱང་ནུབ་ཕྱོགས་སུ་དྲག་ཏུ་འབབས་ཏེ་ཆུ་མདོ་ཞེས་པ་ནས་གཞི་ཆུ་དང་འདྲེས་ནས་རོ་ཁ་ཕྱོགས་སུ་བཞུར་ཡོད། གཡོན་ཕྱོགས་ནས་རྫས་ཆུ་ཞེས་པའི་ཆུ་ཆུང་ཆུང་ཞིག་ལྷོ་ནས་བྱང་དུ་བཞུར་ཏེ་རྫས་ནང་གྲོང་མཐའ་ནས་གཞི་ཆུ་དང་སྡོང་།མདུན་ཕྱོགས་སུ་གཞི་ཆུ་རིང་མོ་ནུབ་ནས་ཤར་དུ་དལ་གྱིས་བཞུར་ཏེ་ཤེལ་ཆུར་ཐིམ། དེའང་རི་དེའི་རྒྱབ་ཏུ་བ་སྒང་ཞེས་པའི་བ་གནས་ལུང་པའི་སྒང་ཞིག་ཡོད། དེ་ནི་བཀྲ་ཤིས་རྟགས་བརྒྱད་ཀྱི་ནང་ནས་བུམ་པ་མཚོན་པར་བཤད། གཡོན་ཕྱོགས་སུ་རྫི་མཆུ་ཟེར་བའི་རི་དུང་དཀར་འདྲ་ཞིག་ཡོད། དེ་ནི་བཀྲ་ཤིས་རྟགས་བརྒྱད་ཀྱི་ནང་ནས་དུང་དཀར་མཚོན་པར་བཤད། ནུབ་ཕྱོགས་སུ་དུང་རྩེ་གདུགས་ཞེས་གཞི་བདག་ཞིག་གི་རི་རྩེ་གདུགས་ཕུབ་པ་འདྲ་ཞིག་ཡོད། དེ་ནི་བཀྲ་ཤིས་རྟགས་བརྒྱད་ལས་གདུགས་མཚོན་པར་བཤད། དགའ་ལྡན་དཔལ་རིའི་མདུན་ཞོལ་གྱི་ཆུ་བོའི་ཕར་ཀ་ན་གསེར་ཉ་ཟེར་བའི་ཞིང་ཞིག་ཡོད། དེ་ནི་བཀྲ་ཤིས་རྟགས་བརྒྱད་ལས་གསེར་ཉ་མཚོན་པར་བཤད། རི་དེའི་ཤར་ཕྱོགས་སུ་དཔལ་བེའུ་སྒང་ཞེས་སྤང་རི་ཞིག་ཡོད། དེ་ནི་བཀྲ་ཤིས་རྟགས་བརྒྱད་ལས་དཔལ་བེའུ་མཚོན་ཞེས་རྒན་རབས་པས་བཤད་སྲོལ་ཡོད།
གཞན་ཡང་རི་འདིའི་བྱང་ནས་བལྟས་ན་གླང་པོ་ཆེའི་མགོ་དང་འདྲ་བས། རྣ་བ་གཡས་སུ་བ་ནང་གྲོང་བ་དང། རྣ་བ་གཡོན་དུ་རྫི་ནང་ལུང་པར་ཡོད། བྱང་ནུབ་ཕྱོགས་ནས་བལྟས་ན་རི་འདི་བྱ་རྒྱལ་ཁྱུང་ཆེན་གྱིས་བཤོག་ཟུང་གནམ་ལ་བརྐྱང་པ་འདྲ། །རི་དེའི་ཤར་ཕྱོགས་ན་བྱུ་རུ་ཞེས་རི་བྱུ་རུ་འདྲ་བའི་གཞི་བདག་ཅིག་ཡོད། །གཡས་ཕྱོགས་ན་སྤྱི་རི་ཞེས་རིགས་གསུམ་མགོན་པོའི་གནས་རི་དང་ཆད་ཐལ་གནས་རི་སོགས་ཡོད། མདུན་གྱི་རི་རྒྱབ་ན་ཁྲོ་ཆུ་བྲག་ཞེས་འཇམ་དཔལ་དུག་གདོང་དང་མ་མོ་རི་མ་ཏི། མགོན་པོ་ལེགས་ལྡན་ནག་པོ། གུང་གསུམ་བཙན་རྒོད་སྤུན་གསུམ་སོགས་ཀྱི་གནས་རི་དང་གཞི་བདག་སོགས་དུ་མ་ཡོད། རི་དེའི་ནུབ་ཕྱོགས་སུ་སྐུ་བླ་གཡུང་དྲུང་དུང་རྩེ་ཞེས་པའི་བོན་གྱི་གཞི་བདག་ཅིག་ཡོད།
གནས་ཆེན་དགའ་བ་དཔལ་རིའི་རི་རྩེ་ན་སྡེ་བརྒྱད་ཆུ་མིག་ཞེས་པའི་ཆུ་མིག་དྭངས་ཤིང་གཙང་བ་ཞིག་ཡོད་པ་དེ་ནི་དགེ་བཤེས་གཡུང་དྲུང་བསྟན་འཛིན་གྱིས་སྡེ་བརྒྱད་དམ་ལ་བཏགས་པའི་གནས་ཡིན་པ་དམ་ཅན་ཟུར་བྱང་ལས། གཡུང་དྲུང་བསྟན་འཛིན་སྡེ་བརྒྱད་བྲན་དུ་བཀོལ། །གང་ཟག་འགྲོ་འདྲེན་བླ་མ་ཐམས་ཅད་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་པ་དང་། གཞན་ཡང་ཨ་ཁྲིད་བླ་བརྒྱུད་གསོལ་འདེབས་ལས། །དགའ་ལྡན་དཔལ་རི་གསང་བའི་སྒྲུབ་གནས་སུ། །མཚུངས་མེད་གསང་སྔགས་གྲགས་པ་ལ་གསོལ་བ་འདེབས། །ཞེས་ཨ་ཁྲིད་རྫོགས་པ་ཆེན་པོའི་སྒྲུབ་གནས་གལ་ཆེན་ཞིག་ཏུ་ངོས་འཛིན་བྱས་ཡོད། །གནས་དེའི་རི་རྐེད་ན་ལྟ་བ་གོང་མ་ཐང་དང་འོག་མ་ཐང་ཞེས་པའི་སྒྲུབ་གནས་གལ་ཆེན་གཉིས་ཡོད། གོང་མར་དགེ་བཤེས་གཡུང་དྲུང་བསྟན་འཛིན་སོགས་བླ་མ་མང་པོ་ཞབས་ཀྱིས་བཅགས་སའི་གནས་དང་གྲུབ་ཆུ་སོགས་ཡོད། ལྟ་བ་འོག་མའི་ཐང་ལ་ལྟ་བ་ཉི་མའི་ཐང་དང་ཉི་ཟེར་ཐང་། དེ་ལ་མཁའ་འགྲོའི་བྲོ་ར་སོགས་ཟེར། དེ་ནི་སྤྲུལ་སྐུ་སངས་རྒྱས་གླིང་པས་བོན་ལུགས་པདྨ་བཀའ་ཐང་དང་སེངྒེ་སྒྲ་དབྱངས་སོགས་གཏེར་རྒྱ་བཀྲོལ་ཏེ་ཡིག་ཐོག་ཏུ་བཀོད་པའི་ས་ཡིན། ཡིག་ཐོག་ཏུ་བཀོད་ཟིན་པ་དང་སྤྲོས་བྲལ་གྱིས་དགའ་སྟོན་ཚོགས་འཁོར་སོགས་ཕུལ་བས། གནས་གསུམ་གྱི་མཁའ་འགྲོ་མ་ཐམས་ཅད་དབྱིངས་ནས་དོག་ལ་བབས་ཏེ་གར་བསྒྱུར་བྲོ་རྡུང་བས་ཐང་འདི་ལ་མཁའ་འགྲོའི་བྲོ་ར་ཟེར། ད་ལྟའང་དུས་ཆེན་རྣམས་སུ་བུད་མེད་དག་གིས་ཞབས་བྲོ་འཁྲབ་ཀྱིན་ཡོད་པ་ཡུལ་མི་མང་པོས་དངོས་སུ་མཐོང་རབས་ཀྱང་བཤད་དུ་ཡོད།
སྤྱིར་གནས་རི་འདི་ཉིད་མི་ཆེན་པོ་ཞིག་རྐང་བ་གཡས་བརྐྱངས་གཡོན་སྐུམ་གྱི་ཚུལ་དུ་བཞུགས་པ་ལས་གཡོན་སྐུམ་གྱི་པང་ཐོག་ཏུ་བོན་གྱི་གདན་ས་བཞིའི་ཡ་གྱལ་ཤར་གྱི་གདན་ས་བཀྲ་ཤིས་སྨིན་གྲོལ་གླིང་ཟེར་བ་ཡོད། ཨ་ཁྲིད་བླ་བརྒྱུད་གསོལ་འདེབས་ལས། བཀྲ་ཤིས་སྨིན་གྲོལ་ཁྲོད་ཀྱི་སྒྲུབ་གནས་སུ། །འགྲན་བྲལ་གཡུང་བསྟན་འཛིན་ལ་གསོལ་བ་འདེབས། །ཞེས་པས་ཀྱང་ཤེས་ཐུབ། །དགོན་འདི་ནི་དགེ་བཤེས་གཡུང་དྲུང་བསྟན་འཛིན་གྱིས་དུས་རབས་བཅུ་བདུན་པའི་མཇུག་ཙམ་ལ་བསྐྱར་བཞེངས་རྒྱ་ཆེན་བྱས་ཡོད་པར་གསལ། ད་ལྟ་དགོན་པའི་ལྷ་ཁང་གི་ཤུལ་དང་གྲ་ཤག་གི་ཤུལ་སོགས་ལ་དཔྱད་ན་མིག་མཐོང་ལག་ཟིན་དུ་གསལ། ད་ལྟའང་ས་མིང་ལ་དགོན་རྙིང་ཟེར། དགོན་པ་རྙིང་པ་ཞེས་དོན་ཡིན། དགོན་པ་འདི་མ་བཞེངས་སྔོན་ནས་ས་དེར་དམུ་གཤེན་རྣམ་པར་རྒྱལ་བའི་སྒྲུབ་ཁང་ཞེས་པ་སྒྲུབ་པ་མཛད་སའི་ལྷ་ཁང་ཞིག་ཡོད་པ་དགེ་བཤེས་གཡུང་དྲུང་བསྟན་འཛིན་གྱི་རང་རྣམ་ལས་གསུངས། །
གནས་རི་མཇལ་སྐོར་གྱི་རིག་གནས། གཉེན་བསྒྲིགས་ཟིན་ཀྱང་བྱིས་པ་བཙས་མི་ནུས་པ་དང་མཆིན་ཁའི་ནད་ཡོད་པ་དག་གིས་གནའ་ནས་བཟུང་གནས་རི་འདི་ལ་སྐོར་བ་བྱེད་པའི་སྲོལ་ཡོད། ཁྱད་པར་དུ་ལོ་སྐོར་བཅུ་གཉིས་ལས་གླང་ལོ་དང་།ཟླ་བ་བཅུ་གཉིས་ལས་གླང་ཟླའི་ཚེས་པ་བཅོ་ལྔ་སོགས་ལ་རྐང་ཐང་དང་ཕྱག་འཚལ་ནས་སྐོར་བ་བྱེད་མཁན་སོགས་ཤིན་ཏུ་མང་། གཞན་ཡང་སློབ་མ་རྒྱུག་སྤྲོད་མཁན་དང་བྱ་བ་གལ་ཆེན་སྒྲུབ་མཁན་དག་གིས་གནས་འདི་ལ་རླུང་རྟ་འཛུགས་པ་དང་བསང་མཆོད་འབུལ་བ། འདོད་གསོལ་བྱེད་པ་སོགས་ཤིན་ཏུ་མང་། ལྷག་པར་དུ་བོད་ཟླ་དང་པོ་ཚེས་བཅོ་ལྔ་ནི་སྟོན་པ་གཤེན་རབ་ཀྱི་སྐུ་འཁྲུངས་དུས་དང་ཚེས་བཅུ་ནི་བླ་ཆེན་དྲན་པའི་སྐུ་འཁྲུངས་དུས་ཡིན་པས། གཞི་རིང་དགོན་པས་ཀྱང་བོད་ཟླ་དང་པོའི་ཚེས་བཅུའི་ཉིན་གནས་འདི་ལ་དྲན་པ་ཡབ་སྲས་ཀྱི་ཚོགས་འཁོར་འབུལ་བའི་སྲོལ་ཡོད། དེའང་རྒན་རབས་པས་བཤད་པ་ལྟར་ན། ཟླ་བ་དང་པོའི་ཚེས་དགུའི་ཉིན་དགེ་སྐོས་གསར་པ་དང་མཆོད་གཡོག་གཉིས། ཇ་མ་ཁ་ཤས་བཅས་གནས་རིའི་རྩེ་ལ་བྱོན་ཏེ་གུར་ཕུབ་ཅིང་ཐབ་བཟུང་བྱས། ཚེས་པ་བཅུའི་ཉིན་གྲྭ་ཚང་ཡོད་ཚད་རི་རྩེ་ལ་འགྲོ་ནས་དྲན་པ་ཡབ་སྲས་ཀྱི་ཚོགས་འབུལ་ཚུལ་བཤད། ད་ལྟ་གྲྭ་བ་འགའ་འགྲོ་ནས་རླུང་རྟ་རེ་བཙུགས་པ་དང་བསང་མཆོད་འདོན་པ་ཙམ་མ་གཏོགས་གྲྭ་མང་འགྲོ་བའི་སྲོལ་དེ་ཆད་ཡོད། ཚེས་བཅོ་ལྔའི་ཉིན་ལ་གནས་འདི་མཆོད་པའི་སྲོལ་ཡོད།
