ཡོངས་འཛིན་སྨྲ་བའི་དབང་པོའི་བོད་ཡུལ་གནས་ཀྱི་ལམ་ཡིག་མཇལ་བའི་མྱོང་ཚོར།
[ཟླ་ཚེས། 2025-05-12 10:43:55][རྩོམ་པ་པོ། གཙང་ཚ་བསམ་གཏན་འགྱུར་མེད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ནང་དོན་གནད་བསྡུས། གཡུང་དྲུང་བོན་གྱི་མཁས་གྲུབ་རིམ་བྱོན་གྱིས་མཛད་པའི་ཡིག་ཆ་སྣ་མང་ཁྲོད་དུ་མདོ་སྔགས་རྫོགས་གསུམ་གྱི་གསུང་རབ་གཞུང་འགྲེལ་དུ་མ་དང་། དེ་བཞིན་རིག་གནས་ཀྱི་བསྟན་བཅོས་སོགས་རི་བོའི་ལྟོས་དང་མཉམ་པའི་གསུང་རབ་ཤིན་ཏུ་མང་པོ་ཡོད། ཡོངས་འཛིན་སྨྲ་བའི་དབང་པོས་ཀྱང་གོང་གི་གསུང་རབ་དག་ལ་གཞུང་འགྲེལ་དང་ཟབ་ཁྲིད་སོགས་གལ་ཆེའི་ལྗགས་རྩོམ་མཛད་གནང་བའི་ནང་དབྱིན་སྐད་གཙོས་སྐད་ཡིག་གཞན་ཐོག་འཁོད་པའི་དེབ་ཐེར་དྲུག་ཅུ་ཡར་ལྷག་ཡོད་པར་གྲགས་ལ། བོད་ཡིག་ཐོག་ད་ལྟར་ཡོད་པ་དཔེར་ན། སྟོན་པ་སངས་རྒྱས་ཀྱི་སྐྱེས་རབས་དང་བསྟན་འབྱུང་ལོ་རྒྱུས་སྐོར། སྐྱེས་ཆེན་དུ་མའི་རྣམ་ཐར་སྐོར། གནས་ཀྱི་ལམ་ཡིག་དང་རྒྱུ་ཐེག་སྐོར། བཟོ་རིག་པའི་སྐོར། དཀྱིལ་འཁོར་གྱི་སྐོར། རབས་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཞལ་ཐང་བཀོད་པ། བཀའ་སློབ་གསུང་ཕྲིན་ཐོར་བུའི་སྐོར། ལོ་རྒྱུས་སོགས་དཔྱད་བརྗོད་སྐོར། བསྡུས་རྟགས་ལམ་རིམ་སྐོར། དབུ་མའི་སྐོར། འདུལ་བའི་སྐོར། གསང་སྔགས་རྣམ་བཤད་མཆན་བཀའ་འགྲེལ། གསང་སྔགས་སྤྱི་སྤུངས་སྐོར། གསང་སྔགས་མ་རྒྱུད་སྐོར། གསང་སྔགས་ཆོག་ཁྲིག་སྐོར། རྫོགས་ཆེན་སྐོར་སོགས་པོད་གྲངས་ཉི་ཤུ་རྩ་གཉིས་ཙམ་བློ་རབ་འབྲིང་ཐ་གསུམ་ལ་ལྟོས་པའི་བོན་སྐལ་ཁ་གསལ་གོ་བདེ་ལག་ལེན་ཞལ་ཁྲིད་དང་བཅས་པ་བསྟན་པའི་མཛེས་རྒྱན་དུ་རྗེས་བཞག་གནང་ཡོད། བོན་གྱི་གནས་ཡིག་ལ་མཚོན་ན། འདུ་གནས་དང་སྒྲུབ་གནས། བྱིན་གྱིས་རླབས་པའི་གནས་ཆེན་དག་གི་མིང་ཐར་ཐོར་དང་གནས་རི་སྒེར་གྱི་གནས་ཡིག་རེ་ཟུང་ཙམ་ལས། སྔོན་བྱོན་བོན་གཤེན་རིག་འཛིན་མཁས་གྲུབ་རིམ་བྱོན་རྣམས་ཀྱིས་མཛད་པའི་གཅེས་བསྡུས་ཀྱི་གནས་ཡིག་ཅིག་མཇལ་ཡུལ་དུ་བཞུགས་མེད། དེ་སྔོན་གནས་ཡིག་འདི་འདྲ་མེད་པས་ཆོས་ལུགས་དང་ཆབ་སྲིད་ཀྱི་འགྱུར་བའི་ཁྲོད་དུ་ཞང་བོད་ལྗོངས་ཆེན་པོའི་སྔར་གྱི་རྩ་ཆེན་གནས་རི་དེ་དག་གི་ལོ་རྒྱུས་རྣམས་བག་ལ་ཞ་ནས་མིང་གི་ལྷག་མ་ཙམ་ཡང་མེད་པར་འགྱུར་འགྲོ་བཞིན་ཡོད། དེ་ལྟ་བུའི་གནས་ཚུལ་ལ་དམིགས་ནས་༧ཡོངས་འཛིན་བླ་མས་བོན་དཔེའི་ཁྲོད་ཀྱི་བཀའ་ལུང་ལ་གཞི་བཅོལ་ཞིང་སྐུ་དངོས་སུ་ཕེབས་པ་དེ་དག་དང་། མ་ཕེབས་ས་རྣམས་སྙན་ཐོས་ཀྱི་ཟུར་རྒྱན་མཛད་ནས་བོད་ཡུལ་གནས་ཀྱི་ལམ་ཡིག་འདི་ལྗགས་རྩོམ་མཛད་པས་སྟོང་ཆ་ཆེན་པོ་ཞིག་ཁ་བསྐངས་གནང་ཡོད་ལ། ཐ་མལ་སྐྱེ་བོ་ཕོ་མོའི་ཕྱག་སྐོར་སྒྲིབ་སྦྱོང་བྱེད་ཡུལ་བོད་ཡུལ་སྤྱི་ལ་ཁྱབ་པའི་གནས་ཡིག་རྨང་གཞི་འདི་འདྲ་གསར་རྩོམ་གནང་ཡོད་པ་དེ་ཤིན་ཏུ་བཀའ་དྲིན་ཆེན་པོ་ཆགས་ཡོད། དེ་ལ་ཁོ་བོས་གཤམ་དུ་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་བླ་མའི་བོད་ཡུལ་གནས་ཀྱི་ལམ་ཡིག་མཇལ་བའི་གཞུང་དོན་དཔྱད་གླེང་བྱེད་པ་ལ། ལམ་ཡིག་འདི་མཛད་པའི་སྐབས་ཀྱི་དཔྱད་གཞིའི་ཡིག་རིགས་སྐོར་དང་། སྐུ་དངོས་སུ་ཕེབས་མྱོང་བའི་གནས་རི། དམ་པ་ཉིད་ཀྱིས་དམིགས་བསལ་བྱིན་གྱིས་བརླབས་པའི་གནས་རི། སྐུ་དངོས་སུ་མ་ཕེབས་ཀྱང་གནས་ཡིག་ཏུ་བཀོད་པ། བོད་ཡུལ་གནས་ཀྱི་ལམ་ཡིག་པར་གཞི་དང་པོའི་ནང་དུ་འཁོད་པའི་གནས་དགོན། རྗེས་སུ་བོད་ཡུལ་གནས་ཀྱི་ལམ་ཡིག་ཁ་གསབ་མཛད་གནང་བ། གནས་ཡིག་ལ་བཟོ་བཅོས་འཕེལ་རྒྱས་གཏོང་དགོས་པ། ༧ཡོངས་འཛིན་རིན་པོ་ཆེས་བོད་ཡུལ་གནས་ཀྱི་ལམ་ཡིག་འདི་མཛད་པའི་དགེ་མཚན་བཅས་དོན་ཚན་བརྒྱད་ཀྱི་ལམ་ནས་མྱོང་ཚོར་བཤད་རྒྱུ་ཡིན།
བརྡ་ཆད་གཙོ་བོ། འདུ་གནས་དང་སྒྲུབ་གནས། གནས་ཆེན་ཉེར་ལྔ། བོད་ཡུལ་གནས་ཀྱི་ལམ་ཡིག །
དང་པོ། བོད་ཡུལ་གནས་ཀྱི་ལམ་ཡིག་མཛད་པའི་སྐབས་ཀྱི་དཔྱད་གཞིའི་ཡིག་རིགས་སྐོར།
འདུ་གནས་སོ་བདུན་དང་སྒྲུབ་གནས་སོ་བདུན་སྐོར་བཀོད་ཡོད་པའི་དཔེ་ཆ་གྲགས་ཆེ་བ་དང་དུས་རབས་ཅུང་སྔ་བའི་དུས་སུ་མཛད་པའི་བོན་གྱི་དེབ་ཐེར་ཁག་འགའ་ཤས་ཡོད་པ་དཔེར་ན་<<བསྒྲགས་པ་རིན་ཆེན་གླིང་གྲགས་>>དང་། <<མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག>> <<དར་རྒྱས་གསལ་སྒྲོན།>> <<སྐྱབས་སྟོན་ཁྲོ་འགྲེལ།>> <<ཡང་རྩེ་ཀློང་ཆེན་གྱི་འགྲེལ།>> <<རྒྱལ་རབས་བོན་གྱི་འབྱུང་གནས>>དང་། <<ཤར་རྫའི་ལེགས་བཤད་མཛོད་>> <<བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་>>ལྟ་བུ། མ་རྒྱུད་གནས་ཆེན་ཉེར་ལྔའི་སྐོར་ལ་གོང་གི་དཔེ་ཆ་ཁ་ཤས་དང་། <<མ་རྒྱུད་ལྷ་སུམ་བརྒྱ་དྲུག་ཅུའི་སྒྲུབ་གཞུང་།>>སོགས་ཡིན། གནས་ཆེན་གཞན་དག་སྐོར་ལ་སྟོན་པའི་རྣམ་ཐར་<མདོ་གཟེར་མིག་>>དང་། <<དྲི་མེད་གཟི་བརྗིད།>> <<བོན་རིའི་དཀར་ཆག་ཡིད་བཞིན་ལྗོན་པའི་ཕྲེང་བ།>> <<སྲིད་པ་རྒྱུད་ཀྱི་ཁ་བྱང་།>> <<ཚེ་དབང་བོད་ཡུལ་མ།>> <<ཚེ་དབང་གནས་བརྒྱད་བསྟོད་པ།>> <<ཞང་ཞུང་སྙན་རྒྱུད་བླ་མའི་རྣམ་ཐར།>> <<མེ་རི་གྱད་ཕུར་གྱི་ཕྲིན་ལས།>> <<རྒྱུད་སྡོང་པོ་དགུ་འདུས།>> <<སྤྲུལ་སྐུ་བློ་ལྡན་ཟུར་བྱང་།>> <<གངས་རིའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག>> <<ཀ་གདམས་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་གངས་རི་མཚོ་གསུམ་གྱི་དཀར་ཆག >> << དུང་དཀར་ཚིག་མཛོད་>>སོགས་ཡིན་འདུག
གཉིས་པ། སྐུ་དངོས་སུ་ཕེབས་མྱོང་བའི་གནས།
ཁྱུང་པོ་རི་བོ་རྩེ་དྲུག་དང་སྟེང་ཆེན་དགོན་པ་སོགས་ཁྱུང་ཡུལ་གྱི་གནས་དགོན་ཕལ་ཆེ་བ་དང་། གྲྭ་ས་སྨན་རི་དགོན་དང་གཡུང་དྲུང་གླིང་། མཁར་སྣ། རྟ་ནག་འགུ་རྣོན་རྩེ། གཤེན་དར་ལྡིང་། ཞུ་རི་ཞིང་སོགས་གཙང་གཞིས་ཀ་རྩེའི་དགོན་གནས་མང་པོ། གངས་རི་མཚོ་གསུམ་སྐོར་ཞིབ་རྒྱས། གནས་ཆེན་ཀོང་པོ་བོན་རི་ཆེན་མོ་དང་དེའི་གཡས་གཡོན་ཉིང་ཁྲི་གྲོང་ཁྱེར་གྱི་འདུ་གནས་དང་དགོན་པ། ལྷ་སའི་ཇོ་ཁང་རྨེའུ་ཚང་སོགས་དབུས་ཀྱི་གནས་རྟེན་དགོན་པ་འགའ། དྭང་ར་གཡུ་མཚོ་དང་རྟ་སྒོའི་རྒྱུད། གནམ་མཚོ་དང་ཐང་ལྷའི་རྒྱུད། གློ་ཡུལ་བོན་གནས་ཁག་དང་། འཕགས་པ་ཤིང་ཀུན་སོགས་རྒྱ་བལ་གནས་དགོན། ཀླུ་དགོན་གཡུང་དྲུང་བདེ་ཆེན་གླིང་སོགས་ཧོར་ཡུལ་གནས་དགོན། དགའ་མལ་དགོན་ཆེན་སོགས་ཤར་ཁོག་གནས་དགོན་ཁ་ཤས། རྔ་བ་སྣང་ཞིག་དགོན་ཆེན། རྒྱ་ནག་གླང་ཆེན་འགྱིང་རི། བྱམས་པ་ཆུ་གཟིགས་མ་སོགས་ཡིན།
གསུམ་པ། དམ་པ་ཉིད་ཀྱིས་དམིགས་བསལ་བྱིན་གྱིས་བརླབས་པའི་གནས།
གྱེར་མཚོ་བདེ་གསལ་ཕུག་གམ་གྱེར་མཚོའི་དོ་གླང་ཆེན་ཕུག་ནི་སྔར་མཁས་པ་སྟོང་རྒྱུང་སོགས་ཀྱི་བྱིན་གྱིས་རླབས་པའི་གནས་ཡིན་ལ་དམིགས་བསལ་དུ་གཡུང་དྲུང་གླིང་གི་༧ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་དང་༧ཡོངས་འཛིན་སྨྲ་བའི་དབང་པོ་བླ་སློབ་རྣམ་གཉིས་ཀྱིས་སྒྲུབ་པ་ཉམས་ལེན་མཛད་ནས་ཡུན་རིང་བཞུགས་མྱོང་བའི་ས་གནས་བྱིན་ཆེན་ཡིན། རིན་པོ་ཆེ་འདི་གར་ཆ་རྐྱེན་ཞན་པས་ལུག་རིལ་གདན་དུ་གནང་ནས་བོན་གྱི་ཐུན་མོང་དང་ཐུན་མིན་གྱི་ཤེས་བྱ་ཡོན་ཏན་སྦྱོང་པ་མཛད་དེ་བཞུགས་པའི་ལོ་རྒྱུས་ཡོད། དྭང་ར་སེ་ཞིག་དགོན་པར་དགུན་གཞུང་གཅིག་རིང་མ་རྒྱུད་སྒྲུབ་པ་གནང་ནས་བཞུགས་མྱོང་བའི་བཞུགས་གནས་གཟིམ་ཆུང་ད་ཆ་ཡང་སྔར་བཞིན་མ་ཉམས་པར་གནས་ཡོད་ལ་དེ་བཞིན་འདུ་ཁང་སོགས་སྔར་བཞིན་ཉམས་ཆགས་མེད་པར་གནས་ཡོད། ལུག་རྡོ་བྲག་ནི་ཡོངས་འཛིན་སྨྲ་བའི་དབང་པོས་དུས་འགྱུར་སྐབས་སུ་༧རྒྱལ་བ་མཉམ་མེད་ཆེན་པོའི་སྐུ་གདུང་གཏེར་དུ་སྦས་སའི་གནས་བྱིན་ཆེན་ཡིན་ལ། དེང་སྐབས་གནས་དེར་མཉམ་མེད་ཆེན་པོའི་ཕྱག་སྐོར་སོགས་རྟེན་བྱིན་ཆེན་བཞུགས་ཡོད། གཞན་དུ་དབྱིན་ཡུལ་ལོན་ཌོན་བོན་གྱི་མཆོད་རྟེན། བོན་གཞིས་ཐོབ་རྒྱལ་གསར་པའི་བོན་གྱི་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རི་དགོན། ༧གདན་ས་ཆེན་པོ་བལ་ཡུལ་ཁྲི་བརྟན་ནོར་བུའི་རྩེ། ཨ་རིའི་ལོ་སན་ཨན་ཇི་ལར་[གཡུང་དྲུང་བོན་གྱི་ལྷན་ཁང་།] ཧྥ་རན་སི་གཤེན་བསྟན་དར་རྒྱས་གླིང་། བལ་ཡུལ་རྒྱལ་གཤེན་སྤོར་སོགས་ཡོད།
བཞི་པ། སྐུ་དངོས་སུ་མ་ཕེབས་ཀྱང་གནས་ཡིག་དུ་བཀོད་པ།
རྩ་རི་དང་མཁར་ཆུ་སོགས་ལྷོ་གནས་འགའ་ཞིག་དང་། རྒྱ་ནག་རི་བོ་རྩེ་ལྔ། རྨ་ཆེན་པོམ་རའི་རྒྱུད་ཀྱི་གནས་རྟེན། རྒྱ་རོང་དམུ་རྡོ། ཁ་བ་དཀར་པོ་སོགས་གནས་དགོན་གནད་ཡོད་རྩ་ཆེན་འགའ་བཀོད་གནང་ཡོད།
ལྔ་པ། བོད་ཡུལ་གནས་ཀྱི་ལམ་ཡིག་པར་གཞི་དང་པོའི་ནང་དུ་འཁོད་པའི་གནས།
༧ཡོངས་འཛིན་གྱིས་སྤྱི་ལོ་ ༡༩༨༦ ལོར་ཐོག་མར་བོད་ཡུལ་གནས་ཀྱི་ལམ་ཡིག་གསར་དུ་མཛད་ནས་མཁས་མཆོག་རྡོ་རྗེས་ལག་བྲིས་བྱས་པ་དམ་པ་ཉིད་སྤྱི་ལོ་ ༡༩༨༦ ལོར་ཐོག་མར་བོད་དུ་ཕེབས་སྐབས་གཞིས་སྡོད་སེར་སྐྱ་རྣམས་ལ་བྱིན་རྟེན་དུ་བསྩལ་རྒྱུའི་དེབ་སེར་ནང་དུ་མཚན་དངོས་སུ་འཁོད་པའི་གནས་དགོན་རྟེན་བཅས་ ༢༢༧ ཙམ་ཡོད་ལ་དེའི་ནང་གསེས་སུ་འདུ་གནས་སོ་བདུན་ནང་ཚན་ཉི་ཤུ་ཙམ་ཚུད་ཡོད། ད་དུང་གྲངས་བཞི་ཙམ་སྟེ་དཔེར་ན་<<མ་རྩེགས་སྲིད་པའི་རི་བོ་ཆེན་པོ་བཞི། མ་བདལ་བྱུང་བའི་ཐང་ཆེན་པོ་བཞི། མ་བཀོད་འཁྱིལ་བའི་མཚོ་ཆེན་པོ་བཞི།>>ལྟ་བུ་འམ་ཡང་ན་<<གསང་བའི་སྦས་གནས་བཅུ་གསུམ། ལྷ་ཡི་ཁྲུས་ཆབ་བཅུ་གསུམ། སྐུ་གདུང་མཆོད་རྟེན་བཅུ་གསུམ། མི་འགྱུར་ས་རྟགས་བཅུ་གསུམ།>>ལྟ་བུ་གྲངས་བཞི་འཁོད་པ་བསྡོམས་ན་ ༡༦༧ ཙམ་འཁོད་ཡོད་འདུག།
དྲུག་པ། རྗེས་སུ་བོད་ཡུལ་གནས་ཀྱི་ལམ་ཡིག་ཁ་གསབ་མཛད་གནང་བ།
ད་ལྟའི་གསུང་འབུམ་ནང་དུ་འཁོད་པ་ནི་གོང་གི་དེབ་སེར་ལ་ཁ་སྐོང་མཛད་འདུག་པ་དཔེར་ན། སྤྱི་ལོ་ ༢༠༠༧ ལོར་བོད་དུ་གཞིས་སྐོར་ཐེངས་ལྔ་པར་སྟོད་ལུང་བོན་གྱི་དགོན་ཤུལ་དུ་ཕེབས་སྐབས་མ་མཆོག་སྲིད་རྒྱལ་ཞལ་གཟིགས་བྱུང་བ་དང་། དུང་དཀར་ཚིག་མཛོད་ལས་ལུང་དྲང་ནས། ༼ཞང་སྟོན་ལྷ་ཁང་། སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་གྲོང་རྡལ་ཁོངས་ཞང་སྟོན་གྲོང་ཚོའི་ལྷོ་ངོས་རི་ལྡེབས་སུ་མཆོད་ཁང་ཞེས་པའི་གྱང་རོ་ཆེན་པོ་ཞིག་ཡོད་པ་དེ་ནི་གནའ་དུས་གཉའ་ཁྲི་བཙན་པོའི་སྐུ་དུས་སུ་བྱུང་བའི་བོན་གྱི་ཤེས་པ་ཅན་བཅུ་གཉིས་གྲས་མཁས་པ་སྨེའུས་ཕྱག་བཏབ་པའི་སྟོད་ལུང་ཞང་སྟོན་འཕགས་པའི་གདན་ས་ཞེས་པ་དེ་ཡིན། དེ་གར་བོན་མདོ་དང་སྔགས་ཀྱི་བསྟན་པའི་གནས་གཞི་བཟུང་ནས་དར་བ་མཛད། གྲི་གུམ་བཙད་པོས་བོན་བསྣུབས་སྐབས་སྨེའུ་སྟོན་གྱིམ་བུ་ཐེལ་རྒྱལ་གྱིས་བོན་གྱི་རིག་གཞུང་གི་རྩ་བ་བཀའ་བོན་སྒོ་བཞི་སྲུང་སྐྱོབ་གནང་སྟེ་རྒྱལ་སྲས་སྤུ་དེ་གུང་རྒྱལ་གྱི་རིང་ལ་བོན་གྱི་རིག་གཞུང་གོང་འཕེལ་བཏང་། སྲོང་བཙན་སྒམ་པོའི་སྐབས་ཞང་ཞུང་སྨེའུ་སྟོན་གྱི་གདུང་རྒྱུད་ནས་ཇི་སྲིད་བར་ལྷ་ས་གཙུག་ལག་ཁང་གི་སྟེང་དུ་སྲིད་པའི་རྒྱལ་མོའི་བསྐང་གསོ་གཏོང་དགོས་པའི་བཀའ་གཏན་གསེར་ཡིག་བསྩལ་བ་སོགས་གཟིགས་མཐོང་ཚད་མེད་གནང་། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོན་བསྣུབས་སྟབས་སྨེའུ་སྟོན་གྱི་རྒྱུད་པ་མཁས་པ་གཡུ་གཤེན་གྱིས་བྲག་ལ་ཞབས་རྗེས་བཞག་པ་སོགས་རྫུ་འཕྲུལ་བསྟན་པས་ཁྲི་སྲོང་ལྡེ་བཙན་ངོ་མཚར་སྐྱེས་ཏེ་སྔར་གྱི་བཀའ་གཏན་སོར་གནས་བྱུང་། བསྟན་པ་ཕྱི་དར་གྱི་སྐབས་བོན་ཆོས་གཉིས་ཀ་དར་བས་ལྷ་ས་གཙུག་ལག་ཁང་དུ་སྲིད་རྒྱལ་གསོལ་མཆོད་བསྐྱར་གསོ་བྱུང་། དགའ་ལྡན་ཕོ་བྲང་པའི་དབང་བསྒྱུར་སྐབས་ལྷ་སའི་གཙུག་ལག་ཁང་གི་བླ་བྲང་སྟེང་དུ་སྤ་མའི་ཕུང་གསོག་ཆེན་པོ་ཞིག་ཡོད་པ་དེར་ལོ་ལྟར་བོད་ཟླ་བཅུ་བའི་ནང་སྤ་མ་ཁ་གསོས་རྒྱག་པ་དང་འབྲེལ་སྲིད་པའི་རྒྱལ་མོ་གསོལ་མཆོད་དང་། གཡང་སྐྱབས་ཉིན་གསུམ་བྱེད་མི་ཞང་སྟོན་ཁུལ་ནས་ཞང་སྟོན་སྨེའུའི་གདུང་རྒྱུད་གཅིག་ཡོང་དགོས་པར་བླ་བྲང་ཕྱག་མཛོད་ནས་གཏོང་སྒོ་ལེན་རྒྱུ་ཡོད། ཞང་སྟོན་འཕགས་པའི་གདན་ས་ཞེས་པ་དེ་སོག་པོས་གཏོར་སྐད་ཀྱིས་དགོན་ཤུལ་གྱང་རོ་ཡིན་ཡང་། སྲིད་རྒྱལ་གྱི་མགོན་ཁང་ཞིག་དང་མཁས་པ་གཡུ་གཤེན་གྱིས་བྲག་ལ་ཞབས་རྗེས་བཞག་པ་དེ་ད་ལྟ་ཡོད་བར་༽ཞེས་བཀོད་འདུག ཡང་མང་མཁར་ལྕགས་འཕྲང་ལ་གནས་གཟིགས་ཕེབས་པ་དང་། དེ་ལ་༼དེ་ནས་བྱང་ཕྱོགས་སུ་གངས་རི་ཞིག་མཐོང་བ་དེ་གཙང་གི་ལྷ་རྒོད་མདུང་རྩེ་ཡིན།༽ཞེས་ཁ་གསབ་གནང་འདུག། ད་དུང་འདི་ལོར་གནམ་མཚོར་ཕེབས་པ་དང་༼གནམ་མཚོའི་ནུབ་ཕྱོགས་སུ་གངས་རི་ཤེལ་ཚ་རྒྱལ་གངས་ཟེར་བ་དེའི་འདབས་ཀྱི་ལུང་པ་སྟག་ལུང་ཕུ་ཟེར་བ་རྗེ་བཙུན་ཁྲོ་ཚང་དང་ཕ་དམ་པ་སངས་རྒྱས་གཉིས་ཀྱིས་རྫུ་འཕྲུལ་གྱིས་བཞེངས་པའི་མཆོད་རྟེན་ཞིག་ཤུལ་དང་གནས་ཀྱང་ཡིན། དེ་ཡི་ལྷོ་ཕྱོགས་སུ་ཡོང་ནས་དྲུམ་བུ་ཁྲ་ཚང་ཟེར་བའི་ཡུལ་དྲུམ་གྱི་སྟག་ཚལ་དུ། གྲུབ་ཆེན་ཤད་པུ་ར་ཁུག་གི་སྒྲུབ་གནས་དང་། གནམ་མཚོའི་ནུབ་ཕྱོགས་སུ་ཡུལ་སྒོ་མང་རུ་བའི་ནང་། ཤྭ་བ་བྲག་ཅེས་པའི་རི་རྩར་སྒྲུབ་ཕུག་ངོ་མཚར་ཅན་དང་། བྲག་གི་ལྡེབ་ངོས་སུ་བརྩེག་ཤུལ་དང་། བྲག་ངོས་སུ་ཡིག་འབྲུ་གསལ་བར་འདུག གནས་འདི་ནས་བོན་ཞིག་གཡུང་དྲུང་གླིང་པས་སྐུ་གསུམ་ཁྲིད་རྒྱུད་ཆ་ལག་དང་། སྲུང་མ་དྲེལ་དཀར་དམར་ནག་གསུམ་ཡོད་པ་བཅས་གཏེར་བཞེས་པ་གཡས་རུ་དབེན་སའི་གྲོང་གསེབ་ཏུ་ཡོད་པ་མཇལ་ཡང་ནུབ། གནས་དེ་རེ་རྒྱ་ཤ་མཐའ་ཁ་ཞེས་པ་དེ་མིན་ནམ་སྙམ།༽བར་ཁ་གསབ་གནང་ནས་གནས་རྟེན་ལྔ་ཙམ་ངོས་འཛིན་གནང་བ་དང་། ད་དུང་མཆོག་གོན་རྒྱལ་མོའི་སྐོར་ལ་ཕྱག་བྲིས་གནང་བ་ཞིག་ཀྱང་ཡོད་པ་བཅས་སོ། །
བདུན་པ། གནས་ཡིག་ལ་བཟོ་བཅོས་དང་འཕེལ་རྒྱས་གཏོང་དགོས་པ།
ལམ་ཡིག་གི་མཇུག་དེར་༼བོད་ཡུལ་གནས་ཀྱི་ལམ་ཡིག་འདི་ཉིད་ལུང་དང་བསྟུན་ཏེ་བྲིས་ཤིང་ངོས་འཛིན་གྱི་ཚུལ་སོགས་ལ་ནོར་བ་གང་མཆིས་མཁྱེན་ལྡན་རྣམས་ཀྱིས་འཆོས་པར་མཛད་ཅིང་གསལ་བར་མཛད་དུ་གསོལ།༽ཞེས་གསུངས་འདུག་པས་ཁོང་ཉིད་སྐུ་དངོས་ཕེབས་མ་མྱོང་སར་ཡིག་ཐོག་བཀོད་པ་དག་ལ་ནོར་བ་ཡོད་ན་ང་ཚོས་བཅོས་ཆོག་ལ་དཔེ་རྙིང་དུ་ཐེབས་ཀྱང་གནས་ཡིག་ལ་མ་འཁོད་པ་རྣམས་དེངས་སྐབས་འགྲིམ་འགྲུལ་སྟབས་བདེ་ཡིན་པས་ང་ཚོས་ཡུལ་དངོས་ལ་སོང་ནས་ཞིབ་འཇུག་དང་ཁ་གསབ་བྱེད་དགོས་ལ་འཕེལ་རྒྱས་གཏོང་ཆོག་པའི་ལུང་བསྟན་གནང་ཡོད་པས། ༧ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ཉིད་དངོས་སུ་ཕེབས་མྱོང་སར་ཁ་ཕྱོགས་ཅུང་ཙམ་ནོར་བ་དང་ཕེབས་མ་ཐུབ་པའི་ས་གནས་གཞན་གྱི་ངག་སྒྲོས་ལ་བསན་ནས་བྲིས་པས་དཔེར་ན་བསམ་གཏན་གངས་བཟང་ལྷ་རྒོད་སྙིང་ཁྲོམ་ལ་ངོས་འཛིན་བྱས་པ་ལྟ་བུ་དེ་དག་ནོར་བཅོས་དགོས་ལ། གནས་རི་དེ་དག་དམིགས་བསལ་དུ་དེང་དུས་སྲིད་འཛིན་ས་ཁོངས་རྫོང་དང་གྲོང་རྡལ་གང་ཡིན་པ་ང་ཚོས་ས་བཀྲའི་ལམ་ནས་གསལ་བཤད་བྱས་ཏེ་ལམ་ཡིག་བཟོས་ན་དགེ་མཚན་ཆེ་ལ་བརྟག་དཔྱད་ཤེས་རྟོགས་བྱེད་བདེ་བའི་དགེ་མཚན་ལྡན་ཡོད། ད་དུང་གནའ་བོའི་ཡིག་ཐོག་ཏུ་འཁོད་པའི་གནས་རི་དེ་དག་དུས་ཕྱིས་ཆོས་སྲིད་ལམ་ནས་མིང་འགྱུར་གང་འདྲ་ཐེབས་པ་སོགས་ཁ་གསལ་འབྲི་དགོས།
བརྒྱད་པ། ༧ཡོངས་འཛིན་རིན་པོ་ཆེས་བོད་ཡུལ་ལམ་ཡིག་འདི་མཛད་པའི་དགེ་མཚན།
༡ སྐུ་གསུང་ཐུགས་རྟེན་དང་གནས་རི་བླ་རྟེན་དུ་མ་ཞིག་ལོ་རྒྱུས་དང་ཡིག་ཆར་འཁོད་ཀྱང་མིང་འགྱུར་འོག་ཏུ་གནན་ནས་ངོས་འཛིན་མི་ཐུབ་པར་འགྱུར་བཞིན་པ་དེ་དག་རིག་དངོས་ཤུལ་བཞག་དང་དད་མོས་ཕྱག་སྐོར་བྱེད་པར་ངོ་སྤྲོད་ཟབ་མོ་གནང་ཡོད་པ།
༢ ལམ་ཡིག་འདི་ཉིད་བོན་གྱི་དཔེ་རྙིང་དུ་མའི་དགོངས་དོན་གཙོར་འདོན་བྱས་ནས་ཡོད་པས་ང་ཚོ་ཞིབ་འཇུག་བྱེད་མཁན་དང་གནས་སྐོར་དགའ་མཁན་ལ་དམིགས་བསམ་གྱི་ལམ་སྟོན་གནང་ཡོད་པ།
༣ བོད་ཀྱི་གནའ་བོའི་རིག་གཞུང་དགོངས་དོན་དེང་རབས་ཚན་རིག་དང་མཐུན་པར་རི་ཆུ་ནགས་གསུམ་འཁོར་ཡུག་སྲུང་སྐྱོབས་བྱས་པས་དེ་དང་དེ་འབྲེལ་སྲོག་ཆགས་ལ་མཉམ་གནས་ཀྱི་ཕན་པ་བླ་ན་མེད་པ་ཐོབ་ཡོད་པ།
༤ གནའ་མིས་རི་ཆུར་ལྷ་སྲུང་བརྩིས་པའི་འདུ་ཤེས་ཟབ་མོ་ཡོད་པ་དེར་ལྗགས་རྩོམ་གནས་ཡིག་འདིས་འཁོར་ཡུག་སྲུང་སྐྱོབས་བྱེད་པར་བག་ཆགས་བཟང་པོ་འཇོག་ཐུབ་པ།
༥ འཛམ་གླིང་ཤེས་རིག་དར་ལ་ཤེས་འཇོན་ལྡན་པའི་མཐོ་རིམ་མི་སྣས་ས་སྒང་ཚེ་སྲོག་ལྟར་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཡོད་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་༼སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ལས་ལྷག༽གསུངས་པའི་སྲིད་ཇུས་བཀའ་སློབ་ཀྱི་དགོངས་དོན་དང་ཡོངས་སུ་མཐུན་ཡོད་པས་ནུས་པ་ཤུགས་ཆེན་འདོན་ཐུབ་པའི་དགེ་མཚན་ཡོད་པ་བཅས་སོ།།
དཔྱད་གཞིའི་ཡིག་རིགས།༣ བོད་ཀྱི་གནའ་བོའི་རིག་གཞུང་དགོངས་དོན་དེང་རབས་ཚན་རིག་དང་མཐུན་པར་རི་ཆུ་ནགས་གསུམ་འཁོར་ཡུག་སྲུང་སྐྱོབས་བྱས་པས་དེ་དང་དེ་འབྲེལ་སྲོག་ཆགས་ལ་མཉམ་གནས་ཀྱི་ཕན་པ་བླ་ན་མེད་པ་ཐོབ་ཡོད་པ།
༤ གནའ་མིས་རི་ཆུར་ལྷ་སྲུང་བརྩིས་པའི་འདུ་ཤེས་ཟབ་མོ་ཡོད་པ་དེར་ལྗགས་རྩོམ་གནས་ཡིག་འདིས་འཁོར་ཡུག་སྲུང་སྐྱོབས་བྱེད་པར་བག་ཆགས་བཟང་པོ་འཇོག་ཐུབ་པ།
༥ འཛམ་གླིང་ཤེས་རིག་དར་ལ་ཤེས་འཇོན་ལྡན་པའི་མཐོ་རིམ་མི་སྣས་ས་སྒང་ཚེ་སྲོག་ལྟར་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཡོད་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་༼སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ལས་ལྷག༽གསུངས་པའི་སྲིད་ཇུས་བཀའ་སློབ་ཀྱི་དགོངས་དོན་དང་ཡོངས་སུ་མཐུན་ཡོད་པས་ནུས་པ་ཤུགས་ཆེན་འདོན་ཐུབ་པའི་དགེ་མཚན་ཡོད་པ་བཅས་སོ།།
བོད་ཡུལ་གནས་ཀྱི་ལམ་ཡིག་གསལ་བའི་དམིག་བུ། གསར་རྙིང་།
༧ སྐྱབས་རྗེ་ཡོངས་འཛིན་ཆེན་པོའི་གསུང་འབུམ།
༧ སྐྱབས་རྗེ་སྨན་རི་བའི་ཡོངས་འཛིན་སྨྲ་བའི་སེང་གེ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་སྐུ་ཚེའི་མཛད་རྣམ་འབྲེལ་བའི་ལོ་རྒྱུས་ཕྱོགས་སུ་བསྡུས་པ་རབ་གསལ་མེ་ལོང་།
༧གྲོགས་མཆེད་ཧོར་ཚང་དགེ་བཤེས་བསམ་གཏན་གཙུག་ཕུད་མཆོག་ནས་བོད་ཡུལ་གནས་ཀྱི་ལམ་ཡིག་གསལ་བའི་དམིག་བུའི་སྐོར་ལ་ཉམས་ཞིབ་བྱས་པའི་རྩོམ་ཡིག་འབྲི་བའི་འོས་འགན་བདག་ལ་ཡོད་པའི་བཀའ་སློབ་དང་། ཁྲི་བརྟན་ནོར་རྩེའི་བརྒྱ་སྟོན་རྩོམ་བསྡུ་ཚན་ཆུང་གི་རྩོམ་བསྡུའི་བརྡ་ཐོ་བཅས་གནང་བྱུང་བས་རྩོམ་འདི་འབྲི་ཁུལ་བགྱིས་པས་དགེ་དེས་༧ཡོངས་འཛིན་བླ་མའི་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་སྲིད་མཐར་ཁྱབ་པའི་སྨོན་ལམ་དང་བཅས་ལྷ་ལྡན་གྲོང་ནས་གཙང་ཚ་བསམ་གཏན་འགྱུར་མེད་གྱིས་བྲིས་སོ།། །།
གདན་ས་ཁྲི་བརྟན་ནོར་བུ་རྩེ་ནས་དཔར་འགྲིམས་ཞུས་པའི་༼དཔོན་གསས་བླ་མའི་རླབས་ཆེའི་མཛད་འཕྲིན་ལ་ཕུལ་བའི་བརྒྱ་སྟོན་གསེར་གྱི་མཎཌལ༽དེབ་གཉིས་པའི་ནང་དུ་བཀོད་་ཟིན།