ཁྲི་ཀའི་བོན་པོ་གདོང་སྣ།

[ཟླ་ཚེས། 2024-10-17 08:02:32][རྩོམ་པ་པོ། ཚུལ་ཁྲིམས་བསྟན་པ་འབྲུག་གྲགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


ཁྲི་ཀའི་བོན་པོ་གདོང་སྣ།

  བོན་པོ་གདོང་སྣ་ནི། ཁྲི་ཀ་རྫོང་མཁར་གྱི་ལྷོ་ཕྱོགས་སུ་སྤྱི་ལེ་གཉིས་ཙམ་གྱི་ས་གནས་སུ་བཞུགས་ཡོད་ལ། སྤྱི་ལོ༨༨༨ལོར་མཁན་ཆེན་མུ་ཟི་གསལ་བཟང་འགོག་སྙོམས་ལས་བཞེངས་ཏེ། འདུལ་བསྟན་ཕྱི་མ་མདོ་ཁམས་སྨད་ནས་གསོས། །ཞེས་པ་ནང་བཞིན། ཁྲི་ཀའི་ལྗོངས་འདི་ཡུལ་དབུས་ཀྱི་གཙོ་བོར་གྱུར་པ་དང་། མདོ་སྨད་ཀྱི་མཁན་བརྒྱུད་རྣམ་ལྔ་ནས་བཟུང་གཤེན་ཆེན་དགུ་རྒྱུད་ཀྱི་རིག་འཛིན་རྣམས་ཀྱང་མེ་ཉག་རྒྱལ་པོ་རབ་རྩེ་འདུས་ཀྱིས་མཆོད་གནས་སུ་བཀུར་ཏེ། གནས་དེར་མཆོད་ཡོན་ཟུང་འབྲེལ་གྱིས་ཀུན་བཟང་གཤེན་ལྷ་འོད་དཀར་གྱི་ལྷ་ཁང་བཞེངས། སྐུ་རྟེན་དུ་ཀུན་བཟང་རྒྱལ་འདུས་ཞལ་ལྔ་ཕྱག་བཅུ་དང་། རྒྱལ་ཡུམ་ཐུགས་རྗེ་བྱམས་མ། ཡུམ་ཆེན་ནམ་མཁའི་ལྷ་མོ། རིགས་དྲུག་འདུལ་བ་གཤེན་དྲུག དུས་བཞིའི་རྒྱལ་མོ་བཞི་ལ་སོགས་པའི་སྐུ་གཟུགས་དང་། གསུང་རྟེན་ལ། འདུལ་བ་རྒྱུད་དྲུག་དང་སྤྱི་སྤུངས་ཁྲོ་བོ་རྒྱུད་དྲུག ཁྲོ་བོ་ངོ་མཚར་རྒྱས་པ། དབལ་རམ་འབུམ་གསུམ་གྱི་གླེགས་བམ་སོགས་བཀའ་དང་བཀའ་བརྟེན་སྣ་ཚོགས་བཞུགས། མཁན་ཆེན་མུ་ཟི་གསལ་བཟང་གི་སྐུ་གདུང་རིང་སྲེལ་རྟེན་དུ་བཞུགས་པའི་ཐུགས་རྟེན་གཡུང་དྲུང་བཀོད་ལེགས་སོགས་སྐུ་གསུང་ཐུགས་ཀྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་བཞུགས་ཤིང་། མདོ་སྔགས་གཉིས་ཀྱི་རྟེན་མཆོག་རྨད་དུ་བྱུང་བ་གནས་པའི་རི་ལ་བོན་པོ་གདོང་སྣ་ཞེས་སུ་བཏགས་པ་ཡིན་ཞེས་ཀུན་གྱིས་ངག་རྒྱུན་ལས་རླུང་ལྟར་གྲགས་པ་བཞིན་ནོ། །

  དེ་བཞིན་དུ་གནས་མཆོག་འདིར་བོན་གྱི་རྒྱལ་མཚན་འཛིན་པའི་སེམས་དཔའ་དང་རིག་འཛིན་དུ་མའང་གནས་འདིར་གྲུབ་སྟེ། ཐོས་བསམ་ཉམས་ལེན་གྱི་རྒྱུན་བསྐྱངས་ནས་སྒྲུབ་བརྒྱུད་ཀྱི་བ་དན་མཐོན་པོར་བསྒྲེངས་པ་ཡིན་ལ། སེ་བརྒྱའི་བོན་པོ་དབོ་ལུགས་དང་། ཡག་ཉེ་བོན་པོ་ཀུན་བཟང་། བོན་པོ་སྟག་ལྷ། ཁྱུང་མོ་བསྟན་པ་བློ་གྲོས་སོགས་ཀྱིས་མཚོན། གནས་ཆེན་འདི་རུ་བསམ་གཏན་སྒོམ་སྒྲུབ་ཉམས་ལེན་མཛད་དེ་ཉམས་དྲོད་ཚད་མཐའ་རུ་ཕྱིན་པ་གྲངས་མང་བྱོན་པ་མ་ཟད། རིག་གསར་རྗེས་ཀྱི་ལྕགས་བྱ་སྟེ་སྤྱི་ལོ༡༩༨༡ལོར་ཡང་བསྐྱར་སེ་བརྒྱའི་བོན་མང་འདུས་སྤྱི་ཐུན་མོང་གིས་གྲོས་མཐུན་དུ་གཤོང་པའི་བོན་གཤེན་སྔགས་འཆང་བསྟན་པ་རབ་རྒྱས་ཀྱི་འགན་ཁུར་ཏེ་མཚམས་ཁང་གྱན་གསུམ་ཅན་དུ་གསར་བཞེངས་བྱས། སེ་བརྒྱའི་སྔགས་འཆང་རྣམས་ཀྱིས་རེས་སྐོར་ཏེ་ལོ་དང་ཟླ་མཐུད་ནས། ཞི་བ་ཨ་གསལ་གྱི་བྱེ་བསྙེན་ལ་བཞུགས་པ་དང་། ཚེ་དབང་བོད་ཡུལ་མའི་གསང་གཅོད་ཉམས་ལེན། ཆུ་མིག་རི་བརྒྱ་གཉན་ཁྲོད་ལ་འགྲིམས་སའི་གནས་གཞི་གལ་ཆེན་དུ་གྱུར། དུས་འགྱུར་གྱི་དབང་གིས་མེ་བྱི་སྟེ་སྤྱི་ལོ༡༩༩༦ལོར་སྔོན་གྱི་མཚམས་ཁང་དེ་ཞིག་རལ་དུ་གྱུར་པས་ན། དེར་མཐུད་སྟབས་བདེ་ཚོགས་གུར་གྱི་རྣམ་པར་བསྒྱུར་ཏེ། ལོ་རེ་བཞིན་ཧོར་ཟླ་བཞི་པའི་ཚེས་བཅུ་གཉིས་ནས་ཚེས་བཅུ་དྲུག་བར་ཉིན་ལྔའི་རིང་ལ། སེ་བརྒྱའི་བོན་མང་གི་བོན་གཤེན་རྣམས་ཕེབས་ཏེ་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་དང་ཟབ་མོ་གཅོད་ཀྱི་ཉམས་ལེན་བཅས་ད་ལྟའི་བར་དུ་ཆགས་མེད་དུ་སྒྲུབ་བཞིན་ཡོད།

མདོ་སྨད་མཁན་བརྒྱུད་རྣམ་ལྔའི་བསླབ་ཁྲིམས་གཙང་། །

གཤེན་ཆེན་བརྒྱུད་པའི་རིག་འཛིན་ཟམ་མ་ཆད། །

སྣ་ཚོགས་རྟེན་གསུམ་བཀོད་པ་འབྱམས་ཡས་སྣང་། །

བོན་པོའི་གདོང་ཞེས་མཚན་སྙན་རླུང་ལྟར་གྲགས། །

བརྡེག་འཇོག་སོར་མོས་མ་བསྐྲུན་རང་བྱུང་གནས། །

སྲིད་དབང་ཁྲིམས་ཀྱིས་མ་བསྐྱངས་དབེན་པའི་རི། །

མཁའ་འགྲོ་འདུ་འཚོགས་སྡེ་བརྒྱད་ཟ་ལམ་མྱུར། །

སྤྱི་མཐུན་རྒྱ་བོད་ཀུན་གྱིས་མཆོད་པའི་ཡུལ། །

(མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་བསླབ་གཞིའི་དེབ་ཕྲེང་《མདོ་སྨད་ཁྲི་ཀའི་ཆོས་འབྱུང་རྫོགས་ལྡན་འཆར་བའི་མེ་ལོང་》ཞེས་པ་ལས་དྲངས།)

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།