མདོ་སྨད་ཁྲི་ཀའི་རྨ་རི་དེའུ་གསུམ་བྲག་ཕུག་གམ་མེ་ལུང་བྲག་ཕུག

[ཟླ་ཚེས། 2024-09-08 17:59:57][རྩོམ་པ་པོ། ཚུལ་ཁྲིམས་བསྟན་པ་འབྲུག་གྲགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

རྨ་རི་དེའུ་གསུམ་བྲག་ཕུག་གམ་མེ་ལུང་བྲག་ཕུག

  རྨ་རི་དེའུ་གསུམ་བྲག་ཕུག་གམ་མེ་ལུང་བྲག་ཕུག་ནི། ཁྲི་ཀ་རྫོང་མཁར་ནས་སྤྱི་ལེ་བཅོ་བརྒྱད་ཀྱི་ས་མཚམས་ཏེ། སྲིན་པོའི་རྫ་རྔའམ་རྫོང་མཁར་ནས་བལྟས་ན་ཤར་སྟོད་ཀྱི་མཚམས་སུ་གནས་ཡོད། གནས་འདི་ལ་བོན་གྱི་ལོ་རྒྱུས་ལྟར་ན། ཞང་ཞུང་རྒྱལ་པོ་མུ་ལ་མུ་སངས་དང་། བོད་རྒྱལ་དིང་ཁྲི་བཙན་པོ་སྤྱི་ལོ་སྔོན་གྱི༩༦༧ལོར་འཁྲུངས་པར་བཞེད་པའི་སྐུ་ཚེ་སྨད་དུ། ཞང་ཞུང་གི་ཡུལ་དུ་བོན་གྱི་འདུལ་བའི་སྡེ་ཆེན་པོ་གཉིས་ཏེ། ཕམ་ཤི་དབང་ཕྱུག་དང་ཡ་གོང་རྒྱལ་བ་གཉིས་ཀྱི་སྡེ་རིས་སོ་སོར་གྱེས་ཏེ་མ་འཆམ་པར་འདུལ་བའི་ནང་འཁྲུགས་བྱུང་བ་ལ་བརྟེན་ནས། ཡ་གོང་དང་ཕམ་ཤི་གཉིས་ཀྱི་དྲུང་ནས་སྡོམ་པ་བཞེས་པའི་མཁན་ཆེན་མུ་ཟི་གསལ་བཟང་མཆོག་ཐུགས་སུན་བྱུང་སྟེ། མདོ་ཁམས་སྨད་ཀྱི་ཡུལ་གྲུ་འདིར་བྱོན་ཏེ་རྨ་རི་དེའུ་གསུམ་བྲག་ཕུག་ཏུ་སྤྱི་ལོ་སྔོན་གྱི༩༡༢ལོ་ནས་འགོག་སྙོམས་ལ་བཞུགས་པ་ནི། བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་ལས། བོད་རྒྱལ་དེང་ཁྲི་བཙན་པོའི་སྐུ་ཚེ་སྨད། །འདུལ་བསྟན་ནང་འཁྲུགས་རིམ་བཞིན་ཉམས་གྱུར་ཏེ། །ཞེས་དང་། མུ་ཟི་གསལ་བཟང་མ་འོངས་འདུལ་ཁྲིམས་ཀྱི། །བརྒྱུད་པའི་རྩ་བར་མདོ་སྨད་རྨ་རིའི་ཕུག །འགོག་པར་སྙོམས་འཇུག་བསམ་གཏན་སྒོམ་ལ་བཞུགས། །ཞེས་དང་། འགོག་བཞུགས་མི་ལོ་ཆིག་སྟོང་བརྒྱད་བརྒྱའི་མཚམས། །མེ་ཉག་རྒྱལ་པོ་རབ་རྩེ་འདུས་ཀྱི་འབངས། །རྟ་རྫི་སོག་པོ་སྤྲེལ་སླག་ཅན་བྱ་བས། །མཐོང་སྟེ་ཉིན་རིམ་ཡང་ཡང་གསོལ་བཏབ་པས། །ཞེས་པས་ཀྱང་གསལ། འདིར་རྨ་རི་དེའུ་གསུམ་བྲག་དཀར་ཞེས་པའང་། རྨ་ནི་རྨ་ཆུ་སྔོན་མོའི་ནང་ལུང་། རི་ནི་གནས་ཆེན་པྲ་མ་རི་རྒན། དེའུ་ནི་དེའུ་དཀར་མེ་ལུང་ཅོག་འདུས་ཀྱི་བསྡུས་མིང་གཅིག་ཏུ་འཚོགས་ཏེ་གྲགས་ཞེས་བཤད་རྒྱུན་ཡོད། བོད་རྒྱལ་འུ་དུམ་བཙན་པོས་སངས་རྒྱས་ཀྱི་བསྟན་པ་བསྣུབས་རྗེས། སོག་པོའི་ཡུལ་ནས་སྤྱུགས་པའི་སོག་པོ་སྤྲེལ་སླག་ཅན་དེ་ཁྲི་ཀའི་ཡུལ་འདིར་འཁྱམས་ནས་འོང་ཞིང་། མེ་ཉག་རྒྱལ་པོ་རབ་རྩེ་འདུས་ཀྱི་རྟ་རྫི་བྱས། དེ་རྗེས་སྲིན་པོའི་རྫ་རྒྱུད་དུ་རྟ་འཚོ་བའི་བརྒྱུད་རིམ་ཁྲོད་ནས། ས་བྱ་སྟེ་སྤྱི་ལོ༨༨༨ལོར་མཁན་ཆེན་མུ་ཟི་གསལ་བཟང་འགོག་སྙོམས་ལས་བཞེངས་པས། མཁན་ཆེན་དེའི་དྲུང་ནས་དྲང་སྲོང་ཆིག་རྫོགས་ཀྱི་སྡོམ་པ་ཞུས་ཏེ་ཚུལ་མཚན་ལ་ཁྲི་འབར་ཚུལ་ཁྲིམས་སུ་གསོལ། དེའི་མཁན་བུ་ནི་འདན་མ་གཡག་སླག་ཅན་ཏེ་རྒྱལ་བ་གཙུག་ཕུད། དེའི་མཁན་བུ་ནི་དྲུམ་བུ་ཤིང་སླག་ཅན་ཏེ་གཙུག་ཕུད་ཚུལ་ཁྲིམས། དེའི་མཁན་བུ་ནི་ཡ་ཟི་བོན་སྟོན་ཁྲོམ་འབར་གཡུང་དྲུང་བསྟན་འཛིན་གྱི་སྲས་བླ་ཆེན་མུ་ཐུར་རམ་དགོངས་པ་རབ་གསལ་ཡིན་པས་དེ་དག་ལ་མདོ་སྨད་ཀྱི་མཁན་བརྒྱུད་རྣམ་ལྔ་ཟེར་བའང་གནས་འདིར་བཞུགས་པ་ཡིན་ནོ། །

  ནང་གསང་སྔགས་ནས་བཤད་པ་ལྟར་ན། བོད་རྒྱལ་འུ་དུམ་བཙན་པོས་སངས་རྒྱས་ཀྱི་བསྟན་པ་བསྣུབས་རྗེས། བོན་གྱི་རིག་འཛིན་རྣམས་ཀྱང་རང་རང་ལ་མེ་ཏོག་གི་ལྷ་སྐལ་ཕོག་པའི་ཡི་དམ་སོ་སོའི་གདམས་ངག་གླེགས་བམ་དུ་བཟོས་ཏེ་མདོ་སྨད་ཁྲི་ཀའི་ཡུལ་དུ་བྱོན་པ་ནི། ཁྲོ་འགྲེལ་ལས། སུམ་པ་ཁ་རྩེ་བྱ་ཐུལ་ལ་སོགས་རྫུ་འཕྲུལ་གྱིས་བོན་རྣམས་ཁྱེར་ནས་སོག་པོ་སྤྲེལ་སླག་ཅན་དུ་བྱོན། ཞེས་པས་དབལ་རམ་འབུམ་པའི་བསྐྱེད་རིམ་ལ་མངའ་བརྙེས་པའི་གཤེན་ཆེན་དགུ་རྒྱུད་ཕྱོགས་འདིར་བྱོན་པ་ཡིན་ཏེ། རམ་པ་ཁྲག་འཐུང་ཀློང་དམར་གྱི་བསྐུལ་བའི་ཡིག་ཆུང་ལས། ཡུལ་ཡང་ཁྲི་ཀ་སྲིན་པོ་རི། །སྲིན་པོ་རྟ་མགོ་ཕུར་བཏབས་བསད། །དེ་ནས་པྲ་བོན་རེ་རྒན་གྱིས་བསྒྲུབས། །ཞེས་གསུངས་པས། གཤེན་ཆེན་དགུ་རྒྱུད་ནི། མཚེ་བོན་དབུ་དཀར་དང་། བཙོ་བོན་ཕྱག་དཀར། རྔོག་བོན་མཐུ་ཆེན། པྲ་བོ་རེ་རྒན། བས་ཐང་ཟླ་མིག གྲུབ་ཆེན་སྐར་མིག བསེ་ཆེན་ཤེལ་སྤྱན། སྦ་བོན་དགུ་རྒྱུད། སྤ་བོན་རྒྱལ་འབར་བཅས་ཡིན་པ་མ་ཟད། དེ་ལས་གྲུབ་ཆེན་གཅིག་གནས་དེར་བཞུགས་ཙ་ན། རི་དྭགས་རྔོན་པ་ཞིག་གིས་ཤ་བ་ཡུ་མོ་གཅིག་བདས་ནས་གནས་དེར་ཕྱིན་ཚེ། ཡུ་མོ་ཕུག་པའི་ནང་དུ་བྲོས་ཏེ་གྲུབ་ཆེན་གྱི་ཐུ་འོག་ཏུ་འཛུལ་ནས་ཉམ་ཆུང་གིས་འདུག་པ་ལ། རྔོན་པས་མདའ་གཞུ་ཐོགས། སྡིག་གྲི་ཕྱར་ནས་ནང་དུ་ཕྱིན་ཏེ་གསོད་པར་བརྩམ་པ་ན། གྲུབ་ཆེན་ཉིད་ཐུགས་ཁྲོས་ཏེ་དབལ་ཕུར་དགུང་དུ་ཕྱར་ཏེ། རི་ལུང་ཐམས་ཅད་མེ་ཡིས་བཀང་བའི་རྫུ་འཕྲུལ་ལ་རྔོན་པ་སྐྲག་སྟེ་ཡུ་མོ་གསོད་མ་ནུས་སོ། །དེ་བས་གྲུབ་གནས་དེའི་ས་མིང་ལ་མེ་ལུང་བྲག་དཀར་རམ་གཉན་ལུང་བྲག་དཀར་ཞེས་སུ་ཐོགས་པ་ཡིན་ནོ། །

  ཕྱིས་སུ་ཡང་གྲུབ་གནས་འདིར་མདོ་སྔགས་གཉིས་ཀྱི་སྒྲུབ་པ་བྱེད་མཁན་མང་པོ་གྲུབ་མྱོང་སྟེ། བཀྲ་གསལ་ཀླུ་ཡི་རྒྱལ་མཚན་དང་། ཡག་ཉེས་བོན་པོ་ཀུན་བཟང་། གཏེར་སྟོན་ནམ་མཁའ་དབང་ལྡན། ཤར་བ་རྣལ་འབྱོར་སོགས་སྒྲུབ་པའི་བརྟུལ་ཞུགས་ལ་གནས་པ་རྒྱུན་མ་ཆད་པར་བཞུགས་ཤིང་། ཉེ་རབས་ས་བྱི་སྟེ་སྤྱི་ལོ༢༠༠༨ལོར་ཁྱུང་མོ་དགོན་པའི་དགེ་བཤེས་བཟོད་པ་འགྱུར་མེད་ལགས་ཀྱིས་འགྲོ་སོང་རྒྱ་ཆེར་བཏང་ནས། བྲག་ཕུག་དེའི་འགྲམ་དུ་གད་སྐྱིབ་ལ་བརྟེན་ནས་མཚམས་ཁང་ལེགས་པོ་ཞིག་བསྐྱར་གསོ་བྱས། ཚེ་དང་སྒྲུབ་པ་མཉམ་བསྐྱལ་བྱེད་པའི་བྱ་བཏང་བཙུན་མ་བཞི་སྡེ་རེས་སྐོར་ནས་ལོ་གསུམ་གྱི་ཉམས་ལེན་སྒོམ་སྒྲུབ་བྱེད་བཞིན་ཡོད་ལ། གནས་འདིའི་བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་མཐོ་བ་མཐོང་ནས་རང་ས་གནས་ཕུད། དབུས་གཙང་དང་ཁམས་ཕྱོགས་སོགས་ཀྱི་གནས་མཇལ་བའང་གྲངས་མང་རྒྱུན་མ་ཆད་པར་ཡོང་བཞིན་ཡོད་དོ། །

སྔོན་ཚེ་བོད་རྒྱལ་གསུམ་པའི་དུས་སྐབས་སུ། །

ཞང་བོད་འདུལ་བསྟན་འཁྲུགས་པའི་རྐྱེན་བྱས་ཏེ། །

མཁན་ཆེན་མུ་ཟིས་མ་འོངས་དོན་དགོངས་ནས། །

རྨ་རི་དེའུ་གསུམ་བྲག་ལ་འགོག་པར་བཞུགས། །

ཕྱི་དར་འདུལ་བསྟན་མེ་རོ་འདི་ནས་གསོས། །

གཤེན་ཆེན་སྔགས་ཀྱི་རྣལ་འབྱོར་གཞི་འདིར་གྲུབ། །

བསྙེན་སྒྲུབ་སྒོམ་པའི་དྲོད་རྟགས་བསམ་མི་ཁྱབ། །

མེ་ལུང་གྲུབ་གནས་ཞེས་པའི་མཚན་སྙན་འབར། །

(མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་བསླབ་གཞིའི་དེབ་ཕྲེང་《མདོ་སྨད་ཁྲི་ཀའི་ཆོས་འབྱུང་རྫོགས་ལྡན་འཆར་བའི་མེ་ལོང་》ཞེས་པ་ལས་དྲངས།)

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།