གནས་མཆོག་རོང་བཙན་ཁ་བ་དཀར་པོའི་རྟོགས་བརྗོད་གཤེན་རབ་དགྱེས་པའི་འཕར་ཆེན་དུང་སྒྲ།

[ཟླ་ཚེས། 2023-05-30 13:26:13][རྩོམ་པ་པོ། སེང་སྤྲུལ་རིག་འཛིན་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

c1bdbdc729c38730e17df9cf55803be
༄༅། །གནས་མཆོག་རོང་བཙན་ཁ་བ་དཀར་པོའི་རྟོགས་བརྗོད་གཤེན་རབ་དགྱེས་པའི་འཕར་ཆེན་དུང་སྒྲ་ཞེས་བྱ་བ་བཞུགས་སོ། །

  ༄༅། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྐྱེ་མེད་གདོད་དག་མ་བཅོས་བོན་གྱི་དབྱིངས། །འགག་མེད་ལྷུན་གྲུབ་རིག་པ་ཡེ་ཤེས་རྩལ། །གཉིས་མེད་རིག་སྟོང་ཐིག་ལེ་ཉག་གཅིག་གནས། །དམིགས་མེད་ཀུན་བཟང་རང་རིག་སྐྱབས་ཀྱི་ཡུལ། །སྟག་གཟིག་ཡུལ་དུ་གཤེན་རབ་མི་བོ་བྱོན། །ཞང་ཞུང་ཡུལ་དུ་བླ་ཆེན་དྲན་པ་འཁྲུངས། །གངས་ཅན་ཡུལ་དུ་མཉམ་མེད་བླ་མ་བཞུགས། །གཤེན་བསྟན་སྤེལ་མཛད་རྣམས་ལ་གུས་པས་འདུད། །སྙིགས་དུས་སྟོན་པ་སངས་རྒྱས་གླིང་པའི་དཔལ། །ཉག་སྒོམ་རིན་ཆེན་རྒྱལ་མཚན་ཁྱུང་བླ་དང་། །ཟབ་གཏེར་མངའ་བདག་གསང་སྔགས་གླིང་པ་སོགས། །འཆི་མེད་ཡབ་སྲས་རྗེས་འཛིན་ཀུན་ལ་བསྟོད། །རྒྱལ་ཀུན་མཁྱེན་བརྩེ་ནུས་མཐུ་གཅིག་བསྡུས་པ། །གནས་མཆོག་ཁ་བ་དཀར་པོ་བོད་ཀྱི་ཡུལ། །བོན་བསྟན་གསལ་མཛད་མཁས་གྲུབ་རྒྱ་མཚོ་ཡི། །ཞབས་པད་སྤྱི་བོའི་གཙུག་ཏུ་ལན་བརྒྱར་མཆོད། །མཆོག་གསུམ་རྩ་གསུམ་ཡི་དམ་ལྷ་ཚོགས་དང་། །གནས་དང་ཡུལ་གྱི་དཔའ་བོ་དཔལ་མོ་ཚོགས། །ཐུགས་ཀློང་བྱམས་བརྩེ་ཡེ་ཤེས་ཆེན་པོ་ཡིས། །རྟོགས་བརྗོད་འབྲི་ལ་བཀའ་ཡི་གནང་བ་སྩོལ། །ཞང་བོད་ཡུལ་དུ་གཏོགས་པའི་རོང་བཞི་ལས། །རོང་བཙུན་ཞེས་སུ་གྲགས་པའི་ས་ཡི་སྟོད། །ཁ་བ་དཀར་པོའི་རི་ཞེས་གནས་ཀྱི་མཆོག །རྟོགས་བརྗོད་འཕར་ཆེན་དུང་སྒྲ་འདི་ན་འབུད། །ཅེས་ཚིགས་སུ་བཅད་པའི་མེ་ཏོག་ཙམ་པ་དཀར་པོ་འཐོར་ནས། འདིར་ཞང་བོད་རོང་བཞི་1ཤོད་ཆེན་བཅོ་བརྒྱད་2ཡུལ་གྱི་ཁོངས་སུ་གཏོགས་པ། གངས་ཅན་ཤར་གྱི་ཡུལ་ཕྱོགས་མདོ་ཁམས་ལྗོངས་ཀྱི་ཡུལ་གྱི་ཡན་ལག སྦས་ཡུལ་དུ་མ་ལུང་བསྟན་པའི་ནང་ཚན། ཡུན་ནན་གྲོང་ཁྱེར་ཞེས་ཡོངས་སུ་གྲགས་པའི་ཡུལ་གྱི་སྙིང་པོར་གནས་མཆོག་ཆེན་པོ་རོང་བཙན་ཁ་བ་དཀར་པོ་ཞེས་པའི་རྟོགས་བརྗོད་གཤེན་རབ་དགྱེས་པའི་འཕར་ཆེན་དུང་སྒྲ་འཆད་པ་ལ་དོན་ལྔ་སྟེ། སྡེ་ཚན་དང་པོ། སྣོད་བཅུད་ཆགས་ཚུལ་བསྟན་པ། སྡེ་ཚན་གཉིས་པ། གནས་རི་སྐོར་བསྟན་པ། སྡེ་ཚན་གསུམ་པ། གནས་མཆོག་ཁ་བ་དཀར་པོ་རྒྱས་བཤད་བསྟན་པ། སྡེ་ཚན་བཞི་པ། གཏེར་སྟོན་རྣམས་ཀྱིས་གནས་སྒོ་ཕྱེས་ཚུལ་བསྟན་པ། སྡེ་ཚན་ལྔ་པ། གནས་ཀྱི་རང་བཞིན་དང་ཕན་ཡོན་བཅས་བསྟན་པའོ། །

སྡེ་ཚན་དང་པོ། སྣོད་བཅུད་ཆགས་ཚུལ་བསྟན་པ།

  ཐོག་མ་གདུལ་ཞིང་ཕྱི་སྣོད་དང་གདུལ་བྱའི་ནང་བཅུད་འགྲོ་བ་གྲོལ་ཚུལ་སོགས་འཆད་པར་བྱ་བ་ལ་ལྔ། ཕྱི་སྣོད་ཀྱི་ས་གཞི་ཆགས་ཚུལ་དང་། ནང་བཅུད་ཀྱི་འགྲོ་བ་གྲོལ་ཚུལ་དང་། བྱེ་བྲག་འདོད་ཁམས་གྲུབ་ཚུལ། སྒོས་སུ་འཛམ་བུ་གླིང་པ་ཆགས་ལུགས་བསྟན་པ། ཡང་སྒོས་སུ་བོད་ཡུལ་ཆགས་ཚུལ་བསྟན་པའོ། །

ཕྱི་སྣོད་ཀྱི་ས་གཞི་ཆགས་ཚུལ་བསྟན་པ།

  དང་པོ། ཕྱི་སྣོད་ཀྱི་ས་གཞི་ཆགས་ཚུལ་ནི། ཕྱི་སྣོད་འཇིག་རྟེན་དེ་སུས་བྱས་ཤེ་ན། དབང་ཕྱུག་ལ་སོགས་བྱེད་པ་པོ་སུས་ཀྱང་མ་བྱས་པ། ཕྲ་རྒྱས་སམ་ཉོན་མོངས་དང་བཅས་པའི་ལས་ལས་གྲུབ་སྟེ། མདོ་ལས། གྲུབ་ནི་སྤྱི་མཐུན་ལས་ལས་གྲུབ།3 ཅེས་དང་། བདེན་གཉིས་ལས། འདི་ལྟར་སྣང་བའི་དངོས་པོ་ཀུན། རྒྱུ་རྐྱེན་རྟེན་འབྲེལ་སྟོབས་ལས་བྱུང་།4 ཞེས་སོ། །ཕྱི་སྣོད་ཆགས་ཚུལ་ལ་གཤེན་རབ་རྣམ་རྩོད་པས་རྡུལ་ཕྲན་ལས་གྲུབ་པ་འདོད་དེ། མདོ་ལས། ཆགས་ནི་ཕྲ་རགས་རྡུལ་ལས་ཆགས།5 ཞེས་དང་། གསང་སྔགས་ཨ་དཀར་བས་རླུང་དང་འབྱུང་བའི་དངས་མ་གཡོ་བ་དེ་དག་རྫུ་འཕྲུལ་གྱི་བྱེད་པ་ལས་བྱུང་བར་བཞེད།6 ཡེ་གཤེན་པས་སྣང་བ་སེམས་ཀྱི་བདག་ཉིད་ལས་སྐྱེས་ཤིང་གཟུགས་བརྙན་ཙམ་དུ་སྣང་བར་འདོད་པ་དང་། རྫོགས་ཆེན་པས་རང་ག་དང་འོད་ལྔ་ལས་འཁྲུལ་པ་བརྟས་པ་ལས་བྱུང་བར་འདོད་དོ། །རྒྱུད་སྡེ་རྣམས་ལས་འབྱུང་ལྔའི་སྙིང་པོ་ལས་སྒོ་ང་བྱུང་། སྒོ་ང་ཕྱིའི་ཤུན་པ་ལས་ཕྱི་སྣོད་ཆགས་པ་འདོད། བསེན་ཐུབ་ལས། དང་པོ་ཅི་ཡང་མེད་པ་ལས། ཅིར་ཡང་མཁྱེན་པའི་འོད་གཅིག་བྱུང་། ཁ་དོག་འོད་ཀྱི་སྙིང་པོ་ལས། གཟུགས་མེད་ཡིད་ཀྱི་རྡུལ་དུ་བྱུང་། རྡུལ་དེ་ཡོངས་སུ་སྤྲུལ་པ་ལས། རང་འགྱུར་རླུང་གི་འཁོར་ལོ་བྱུང་། དེ་ཡི་སྟོབས་ཀྱི་རྫུ་འཕྲུལ་གྱིས། མེ་ཆུ་ས་རླུང་རྟེན་དུ་གྲུབ།7 ཅེས་དང་། མཛོད་ལས། མཁའ་ལ་རླུང་ཆགས་མེ་ཆུ་གསེར། ཞེས་སོགས་ཀྱིས་བསྟན་ལ། དེ་ཡ་འབྱུང་བ་དེ་རྣམས་དྲོད་རླུང་ལས་སྟེང་གི་ནམ་མཁར་སྤྲིན་སེར་པོ་གསེར་གྱི་སྙིང་པོ་ཅན་འཁྲུགས། དེ་ལས་ཆར་གྱི་རྒྱུན་གྱད་ཀྱི་བརླ་ཙམ་བབ། དེ་ལས་ཆུའི་རྒྱ་མཚོ་འཁྱིལ། ཆུ་གསེར་འདྲེས་པའི་མར་མེར། མཁའ་ལ་རྒྱུ་བའི་རླུང་གིས་བསྐྱོད་ཅིང་དཀྲུགས་པ་ལས། རི་གླིང་རང་རང་གི་དབྱིབས་དང་མཐུན་པའི་རླུང་ལངས་ནས། རྡུལ་བསིགས་གྱེན་དུ་སྤུངས་པས། རི་དགུ་དང་གླིང་བཅུ་གཉིས་ཆགས་སོ། །དེ་རྣམས་ཁ་ཆུས་སོ་སོར་བཅད་ཀྱང་། འོག་རྣམས་འདབ་འབྲེལ་ནས་ཡོད་དོ། །རླུང་སྟོབས་གྱེན་དུ་བུད་པའི་སྤྲིན་ལས། ཆར་བབས་པས་སྟེང་གི་རྒྱ་མཚོ་འཁྱིལ། རི་རབ་རི་བདུན་གླིང་བཞི་གླིང་ཕྲན་ལྕགས་རི་དང་བཅས་པ་དེ་ལ། ཚངས་རྒྱུང་གི་འཇིག་རྟེན་ཟེར། ཚངས་རྒྱུང་སྟོང་ལ་སྟོང་དང་པོའི་སྤྱི་ཕུད་ཀྱི་འཇིག་རྟེན། སྤྱི་ཕུད་སྟོང་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན། བར་མ་སྟོང་ལ་སྟོང་གསུམ་མཐར་ཐུག་སྟེ། ཚངས་རྒྱུང་བྱེ་བ་ཕྲག་བརྒྱ་གཅིག་ཡོད། སྟོང་གསུམ་གྱི་འཇིག་རྟེན་གཅིག་དེ་རླུང་གི་དཀྱིལ་འཁོར་གཅིག་ལ་བརྟན་པས། མཉམ་དུ་ཆགས་ཤིང་མཉམ་དུ་གནས། མཉམ་དུ་འཇིག་ཅིང་མཉམ་དུ་སྟོང་པའོ། །གཞན་ཡང་སྟོང་གསུམ་གྲངས་རྡོ་གཅིག་ཏུ་བྱས་པ་སྟོང་ལ། མུ་ཁྱུད་དང་པོའི་འཇིག་རྟེན། དེ་སྟོང་ལ་མུ་ཁྱུད་གཉིས་པ། དེ་སྟོང་ལ་མུ་ཁྱུད་གསུམ་པ། མུ་ཁྱུད་གསུམ་པ་སྟོང་ལ་བཀོད་པ་དང་པོའི་འཇིག་རྟེན། དེ་སྟོང་ལ་བཀོད་པ་གཉིས་པ། དེ་སྟོང་ལ་བཀོད་པ་གསུམ་པ། བཀོད་པ་གསུམ་པ་སྟོང་ལ་དོག་བདལ་བའི་འཇིག་རྟེན་དང་པོ། དེ་སྟོང་དོག་བདལ་གཉིས་པ། དེ་སྟོང་དོག་བདལ་གསུམ་པ། དེ་སྟོང་མཐའ་མེ་ཏོག་བརྒྱན་པའི་འཇིག་རྟེན། དེ་སྟོང་གང་གཱ་ཀླུང་གི་འཇིག་རྟེན་ཞེས་བྱ་བ། རྫོགས་པའི་སྐུ་གཅིག་གི་གདུལ་ཞིང་ཡིན་ནོ། །དེ་ལྟར་སྟོང་གསུམ་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་སྟེ། ཀླུ་འབུམ་ལས། འཇིག་རྟེན་ཁམས་བསམ་གྱིས་མི་ཁྱབ་སྟེ་བསམ་པའི་ཚད་ལས་འདས།8 ཞེས་སོ། །

ནང་བཅུད་ཀྱི་འགྲོ་བ་གྲོལ་ཚུལ་བསྟན་པ།

  གཉིས་པ། ནང་བཅུད་ཀྱི་འགྲོ་བ་གྲོལ་ཚུལ་ལ་བོན་གཞུང་རྒྱུད་སྡེ་མང་ཕྱོགས་ལས། རྒྱུ་འབྱུང་བ་ལྔའི་དྭངས་ཆ་ལས་འོད་སྒོང་ཤེལ་གྱི་གུར་ཙམ་དང་འབྱུང་ལྔའི་སྙིགས་མ་ལས་མུན་སྒོང་གཉིས་བྱུང་། འོད་ཀྱི་སྒོ་ང་ལས་སྲིད་པ་སངས་པོ་འབུམ་ཁྲི་དང་ཆུ་ལྕམ་རྒྱལ་མོ་གཉིས་བྱུང་བ་བསྡེབས་པ་ལས་སྲས་མིང་སྲིང་བཅོ་བརྒྱད་གྲོལ། དེ་ལས་སྤྲོས་པའི་སྲིད་པ་གཉིས་བརྒྱ་ཞེ་གཉིས་སྲིད། དེ་དག་ལས་ཕན་བྱེད་ཀྱི་སྲིད་པ་གྲོལ། མུན་སྒོང་ལས་མེད་ཁམས་སྟོང་པའི་རྒྱལ་པོ་དང་མུན་ནག་འཐིབས་པའི་བཙུན་མོ་གཉིས་གྲོལ་དེ་གཉིས་བསྡེབས་པ་ལས་གནོད་བྱེད་ཀྱི་སྲིད་པ་ཐམས་ཅད་གྲོལ། དེ་ལས་གཞན་པའི་གསང་སྔགས་སོགས་ཀྱི་བོན་སྡེ་ལས། གནས་ལུགས་རང་སྣང་ངོ་བོ་སྟོང་ཞིང་། སྟོང་པ་རིག་པའི་སྙིང་པོ་ཅན་དུ། སྐུ་གསུམ་ལྷུན་གྲུབ་ཏུ་བཞུགས་པ་དེ་ལ། གཞིའི་གནས་ལུགས་ཞེས་ཀྱང་བྱའོ། །ཁམས་རང་བཞིན་གྱིས་དག་པ་ཞེས་ཀྱང་བྱ། ཡེ་ཇི་བཞིན་ཉིད་ཀྱི་སངས་རྒྱས། ཞེས་ཀྱང་བྱ་བ་དེ། རང་དང་ལྷན་ཅིག་སྐྱེས་པའི་མ་རིག་པའི་དབང་གིས་ངོ་མ་ཤེས། གང་གིས་མ་ཤེས་རང་གིས་མ་ཤེས། ཚུལ་ཇི་ལྟར་དུ་མ་ཤེས་ན། མུན་པ་ལ་གཟུགས་བསྟན་པ་ལྟར་དུ་མ་ཤེས་པས། ཤེས་པ་ཚོམ་མེ་མུན་ནེ་བ་དེ་ལ། ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱའོ། རང་ངོ་མ་ཤེས་པ་ཙམ་ཀ་ལ་བསྡད་ན། གཏི་མུག་ཅིག་པུ་ལས་མི་འབྱུང་བ་ལ། མ་ཤེས་པར་གནས་པ་དེས། གནས་ལུགས་དོན་མ་མཐོང་བས་འཁྲུལ་རྟོག་གི་དབང་དུ་སོང་ནས་སྟོང་པ་ལས་སྤྲོས་པར་བྱུང་། དེས་བདག་མེད་པ་ལ་བདག་ཏུ་བཟུང་། བདག་ལ་ལྟོས་ནས་གཞན་འཛིན་ཡུལ་དུ་ཤར་བ་དེ་ལ། ཀུན་ཏུ་རྟོག་པའི་མ་རིག་པ་ཞེས་བྱའོ། །བདག་འཛིན་དབང་གིས་ཡུལ་ཡིད་དུ་འོང་བ་ལ་འདོད་ཆགས་སྐྱེས། ཡིད་དུ་མི་འོང་བ་ལ་ཞེ་སྡང་སྐྱེས། བར་མའི་ཡུལ་ལ་གཏི་མུག་སྐྱེས་ཏེ། དེ་ལ་ཉོན་མོངས་པ་ཅན་གྱི་ཡིད་ཅེས་བྱའོ། །ཉོན་མོངས་དེས་ལས་བསགས་པས་ཉོན་མོངས་ཀྱི་དབང་གིས་གཞི་ལ་བག་ཆགས་བསགས། དེ་ཇེ་འཐུག་ལ་སོང་ནས་ཐོག་མར་གཟུགས་མེད་དུ་འཁྲུལ། དེ་ནས་གཟུགས་ཁམས་སུ་འཁྲུལ། དེ་ནས་འདོད་ཁམས་སུ་འཁྲུལ་ཏེ། གཡུང་དྲུང་ཡང་རྩེ་ལས། གཞི་ཉིད་ཡེ་སངས་རྒྱས་བཞིན་དུ། །དེ་མ་ཤེས་ཏེ་རང་བཞིན་རྨོངས། །ལྷན་ཅིག་སྐྱེས་པའི་མ་རིག་པའོ། །དེ་ལ་ཕྱིན་ཅི་ལོག་གི་བློ། །དེ་མ་ཐག་ཏུ་མྱུར་ལ་རགས། བདག་དང་གཞན་དུ་འཛིན་ཅིང་བརྟགས། །ཀུན་ཏུ་བརྟག་པའི་མ་རིག་པའོ། །མ་རིག་རྒྱུ་ལ་དུག་ལྔའི་རྐྱེན། །འབྲས་བུ་ཁམས་སུམ་ས་དགུར་སྨིན། །ཞེས་དང་། སེམས་ཀྱི་གནས་དྲུག་ལས། གཏི་མུག་དབང་གིས་གཟུགས་མེད་གནས་སུ་འཁྲུལ། །རྣམ་རྟོག་ཡིད་ཀྱི་ལུས་སུ་མངོན་པར་གྲུབ། །དེ་ཡི་བག་ཆགས་ནུས་པ་མཐུ་བརྟས་པས། །ཞེ་སྡང་དབང་གིས་གཟུགས་ཁམས་གནས་སུ་འཁྲུལ། །སྣང་བ་འོད་ཀྱི་ལུས་སུ་མངོན་པར་གྲུབ། །དེ་ཡི་བག་ཆགས་ནུས་པ་ཆེར་བརྟས་པས། །འདོད་ཆགས་དབང་གིས་འདོད་པའི་ཁམས་སུ་འཁོར། གདོས་པ་ཤ་ཁྲག་ལུས་སུ་མངོན་པར་གྲུབ། །9 ཅེས་གསུངས་སོ། །གཟུགས་ཁམས་ཡན་གྱི་གཞལ་ཡས་ཁང་ཆགས་བསྐལ་ལ་གཏོགས་ཀྱང་། སེམས་ཅན་ཆགས་བསྐལ་ལ་མི་གཏོགས་ཏེ། ཚེ་ཚད་བསྐལ་པར་བརྩིས་པས་སོ། །

བྱེ་བྲག་འདོད་ཁམས་གྲུབ་ཚུལ།

  གསུམ་པ། འདོད་ཁམས་གྲུབ་ཚུལ་ནི། བྲེ་བྲག་འདོད་ཁམས་ཀྱི་གྲུབ་ཚུལ་ནི། བསམ་གཏན་གཉིས་པའམ་གསུམ་པའམ་བཞི་བ་གང་རུང་ལ། རང་རང་གི་འོག་སའི་ཉོན་མོངས་པ་ལྡང་བས་འབབ་ལ། དེ་ནས་འདོད་པའི་ཉོན་མོངས་པ་ལངས་ནས་རིམ་པས་ལྟུང་སྟེ། སྔར་རླུང་གིས་འཇིག་པའི་རྗེས་སུ་ཆགས་ན་བསམ་གཏན་བཞི་པ་ནས་རུ་མ་ལ་འབབ་སྟེ། ཚད་མེད་དགེ་བ་མན་གྱི་ལྷ་རིགས་དགུ་ལ་བར་བསྐལ་དགུ། འདོད་ལྷ་ལ་དྲུག་དང་བཅོ་ལྔ། གླིང་བཞི་ལ་རེ་རེ་སྟེ་བཅུ་དགུའི་ཁམས་སུ་ཆགས་སོ། །རི་བདུན་གྱི་ལྷ་རིགས་རྒྱལ་ཆེན་དང་དུས་མཉམ་ལ། ངན་སོང་གསུམ་ནི་འཛམ་གླིང་ཆགས་པའི་ཁོངས་སུ་གཏོགས་སོ། །ཡང་སྔར་ཆུས་འཇིག་པའི་རྗེས་སུ་ཆགས་ན། དགེ་བའི་ལྷ་རིགས་ཆགས་མི་དགོས་པས། ཚད་མེད་འོད་ནས་རྩ་གསུམ་བར་དུ། བར་བསྐལ་བཅུ་གཅིག། བང་རིམ་བཞིའི་ལྷ་རིགས་རྣམས་ལ་བར་བསྐལ་རེ་རེ་སྟེ་བཅོ་ལྔ། གླིང་བཞི་ལ་རེ་རེ་སྟེ་བཅུ་དགུ། རི་བདུན་ནི་རྒྱལ་ཆེན་དང་དུས་མཉམ་པའོ། །ངན་སོང་འཛམ་གླིང་ཆགས་པའི་ཁོངས་སུ་གཏོགས་སོ། །ད་ལྟའི་བསྐལ་པ་བཟང་པོ་འདི་ནི་སྔར་མེས་ཞིག་པའི་རྗེས་སུ་ཆགས་པར་མངོན་ཏེ། བཅུད་ཐམས་ཅད་འོད་གསལ་གྱི་ལྷ་ལས་ཆད་པར་བཤད་པའི་ཕྱིར་རོ། །དེ་ཡང་དང་པོ་ཚངས་རིས་གསུམ་དུ་བབས་ནས་བར་བསྐལ་རེ་རེ་སྟེ་གསུམ། དེ་ནས་འདོད་ལྷ་དྲུག་རིམ་པས་ཡས་མར་ཆགས་ཤིང་། བར་བསྐལ་རེ་རེ་སྟེ་དགུ། རྒྱལ་ཆེན་དང་གཉའ་ཤིང་འཛིན་དུས་མཉམ་དུ་ཆགས་ལ། རི་འོག་མ་དྲུག་ལ་བར་བསྐལ་རེ་རེ་སྟེ་བཅོ་ལྔ། དེ་ནས་གླིང་བཞིའི་བྱང་གླིང་པ་ཆགས་པ་ལ་བར་བསྐལ་གཅིག དེ་ནས་ནུབ་གླིང་བ་ལ་གཅིག དེ་ནས་ཤར་གླིང་བ་ལ་གཅིག དེ་ནས་ལྷོ་གླིང་བ་ཆགས་པ་ལ་གཅིག་དང་བཅུ་དགུའོ། །

སྒོས་སུ་འཛམ་བུ་གླིང་པ་ཆགས་ལུགས་བསྟན་པ།

  བཞི་པ། ལེགས་བཤད་མཛོད་ལས། སྒོས་འཛམ་བུ་གླིང་ཆགས་ལུགས་ནི། འོད་གསལ་གྱི་ལྷ་བསོད་ནམས་ཟད་པ་གཅིག འདོད་པའི་ཉོན་མོངས་སྐྱེས་ཀྱང་། བསམ་གཏན་གྱི་རྟེན་དང་མ་བྲལ་བར། གསལ་བའི་འོད་འདོམ་གང་དང་ཕྱེད་དང་བཅས་ནས། ཇེ་དམའ་ཇེ་དམའ་དོག་ལ་ལྷན་གྱིས་བབས་ནས། ཏིང་ངེ་འཛིན་གྱི་ཤེད་དང་མ་བྲལ་བས། རང་མིང་རང་གིས་བཏགས་པ་ནི་ཤེད་དེ་ཞེས་བྱའོ། །དེའི་བསམ་པ་ལ་རོགས་གཅིག་ཡོད་ན་ཅི་མ་རུང་སྙམ་པ་ལ། ཡང་བསམ་གཏན་སྔར་དང་འདྲ་བ་གཅིག་བབས་པ་ནི་ཤེད་ལ་རོགས། དེ་གཉིས་ཀྱི་བསམ་པ་ལ། བུ་གཅིག་ཡོད་ན་ཅི་མ་རུང་བསམས་ནས། ཕན་ཚུན་ཡིད་ཆགས་པ་ལས། བུ་གཅིག་བརྫུས་ནས་སྐྱེས་པ་ནི་ཤེད་བུའོ། །དེ་རྣམས་ཀྱང་ཐོ་ཐོག་ལས། སྲིད་པ་དང་པོའི་མི་རྣམས་བརྫུས་ཏེ་སྐྱེས་པ་ལུས་ལ་འོད་ཡོད་པ། ཏིང་ངེ་འཛིན་གྱི་ཟས་ཀྱིས་འཚོ་བ། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བར་ནུས་པ། ཉི་ཟླ་གཟའ་སྐར་མེད་པས་ལོ་དང་ཉིན་མཚན་མེད་པ། ཕོ་མོ་དང་རྗེས་དྲན་མེད་ཅིང་། སྦྱིན་ལེན་རྩོད་པའི་རྩ་བ་བདག་འཛིན་མེད། ཅེས་སོ། །དེ་ལྟར་ཕོ་མོ་མེད་ན་ཤེད་བུ་སྐྱེས་པ་དང་འགལ་ལོ་ཞེ་ན། དེ་ནི་གཞན་འཕྲུལ་བ་དང་འདྲ་བར་བརྡས་ཚིམ་པ་ལ་དགོངས་པའོ། །དེ་རྣམས་ཚེ་ཚད་ཀྱང་ཚད་འདས་ཆེན་པོ་བཅུའི་དཔག་མེད་པ་ཡིན་ཏེ། ལོ་ཟླ་ཞག་རྩིས་མེད་པས་དཔག་མེད་དོ། །ལོངས་སྤྱོད་ཀྱང་། མཐོ་ཐོག་ལས། ས་བཅུད་ཐམས་ཅད་ས་སྟེང་དུ་སྤྲིས་མའི་ཚུལ་དུ་ཆགས་ཏེ། ཁ་དོག་དཀར་དམར་སེར་གསུམ། རོ་སྦྲང་རྩི་ལྟ་བུར་མངར་པ། ཁོང་དུ་སོང་བས་བདེ་བ་སྐྱེད་པ་ཞིག་ཡོད་པ་ལ། ལྷའི་བུ་གཅིག་གིས་མཛུབ་གུས་བླངས་ཏེ་ཁར་མྱངས་བས། ཤིན་ཏུ་ཞིམ་པས་སྲེད་པར་གྱུར་ཏེ། ཁ་ཟས་རྩོམ་པའི་དང་པོ་དེ་ནས་བྱུང་ངོ་། །དེས་གཞན་རྣམས་ཀྱང་སྦྲན་ཏེ་ཟོས་པས། མང་དུ་ཟོས་པ་རྣམས་ལུས་ཇེ་ལྕི་འོད་ཇེ་ཆུང་ལ་མུན་ནག་ཏུ་སོང་བས། དེར་བདེ་གཤེགས་ཀྱི་ཐུགས་རྗེ་དང་སེམས་ཅན་གྱི་ལས་དབང་གིས། ཉི་ཟླ་གཟའ་སྐར་ཤར་བས། ཉིན་མཚན་དང་ལོ་ཟླ་ཡང་དེ་ནས་བྱུང་ངོ་། །དེ་ནས་ས་ཞག་དེ་མང་དུ་ཟོས་པ་རྣམས་ཀྱི་མདོག་གཟུགས་ངན་པར་སོང་ལ། ཉུང་དུ་ཟོས་པ་རྣམས་ངན་དུ་མ་སོང་བས། བཟང་བས་ངན་པ་ལ་བརྙས་པས་ང་རྒྱལ་བྱུང་། ཉོན་མོངས་པ་དེའི་དབང་གིས་ས་ཞག་དེ་ཡལ་ལོ། །དེར་མྱ་ངན་བྱས་པས། སེམས་ཅན་གྱི་བསོད་ནམས་ཀྱིས། ས་ཞག་གི་ཆགས་ལུགས་སྔ་མ་ལྟར་ལ། དེས་བཅུད་ཆུང་བ་ཞིག་ཆགས་པ་ཡང་ཡུན་རིང་ནས་ཡལ་ལོ། །དེ་ནས་ཡང་ས་སྐྱེས་ལྡུམ་བུ་ཞེས་བྱ་བ་སྙིམ་པ་ཙམ་གྱི་བོངས་ལ། ཁ་དོག་དཀར་པོ་ལ་དམར་སེར་བརྒྱན་པ། དྲི་རོ་ཞིམ་པ་རང་བྱུང་དུ་ས་ལ་དུས་མིན་སྐྱེ་བ་ཞིག་བྱུང་བས། དེ་ཡང་ཡུན་རིང་ནས་ཡལ་ལོ། །དེ་ནས་ཡང་ས་ལ་རྩི་འབྲས་བྱ་བ། ཕུབ་སོག་མེད་པའི་འབྲས་བུ་དྲི་ཞིམ་པོ་རོ་དང་ལྡན་པ་ཞིག་བྱུང་། དེ་ནངས་བརྔས་ནངས་སྐྱེ་བ་ཞིག རི་ལུང་མེད་པར་ཀུན་ན་ཡོད་པ། བཙོ་བླག་མི་དགོས་པར་ཟོས་པས་ཆོག་པ་ཞིག་བྱུང་། དེ་ནི་རགས་པའི་བཟའ་བཏུང་ཡིན་པས། རྒྱུ་མཐུན་གྱི་ཟག་པ་བྱུང་ནས། བཤང་ལམ་དང་ཟག་ཁུང་དོད་དེ། ཕོ་མོའི་མཚན་མ་རིག་པ་བྱུང་ངོ་། །དེར་ཕན་ཚུན་ཕོ་མོ་འཕྲད་དེ། འཁྲིག་ཆགས་ཀྱི་རྩོལ་བ་བྱུང་། དེ་ནས་གཅིག་ལ་གཅིག་གིས་བདག་ཏུ་བཟུང་སྟེ་འཁྲིག་པ་སྤྱད་པས། ངོ་ཚ་བས་ཁང་ཁྱིམ་བརྩིགས། བུ་དང་ཚ་བོ་ལ་སོགས་འཁྲུལ་པའི་བྲེལ་བས་བསླད། གང་ཟག་གི་བདག་འཛིན་རགས་པ་དེ་ནས་བྱུང་ངོ་། །ཞེས་སོ། །དེ་ནས་རིམ་བཞིན་དུ་ཕོ་མོ་ཆགས་སྤྱོད་ལས་བུ་རྒྱུད་སྐྱེས་པ་དང་། རྒྱལ་འབངས། ངན་སོང་གསུམ་སོགས་རིམ་གྱིས་ཆགས་སོ། །དེ་ཡང་འཛམ་གླིང་གི་གནས་ལུགས་ནི། །རྩ་འགྲེལ་ལས། །འཛམ་བུ་གླིང་ན་ཡུལ་ཆེན་བཅོ་བརྒྱད། །ཡུལ་ཕྲན་དགུ་བཅུ་རྩ་གཅིག །མཐའ་འཁོབ་སྟོང་དང་ལྔ་བརྒྱ་ཡོད་དོ། །ཡུལ་ཆེན་བཅོ་བརྒྱད་ནི། ཤར་རྒྱ་ནག་དང་གྲི་བདག། ལྷོ་ན་རྒྱ་གར་དང་ཁ་ཆེ། ནུབ་ན་སྟག་སྡེ་དང་གཟིག་འཕེན། བྱང་ན་གེ་སར་དང་ཧོར་ཡུལ། དབུས་གངས་ཀྱི་རྭ་བ་ཅན་དང་དགུའོ། །ཤར་རྒྱ་ནག་གི་མཐའ་ན་རྒྱ་མོ་ཁྱི་ཁྱོ་དང་ཐོད་དཀར། ལྷོ་རྒྱ་གར་གྱི་མཐའ་ན་གྱད་ཡུལ་དང་ཧུ་ན། །ནུབ་སྟག་གཟིག་གི་མཐའ་ན་གི་ལེ་དང་ཕུ་ན། །བྱང་གེ་སར་གྱི་མཐའ་ན་སོག་པོ་དང་སྦལ་ཁ། །དབུས་ཟངས་གླིང་གསེར་གླིང་ན་གནམ་སྟོང་དང་དགུ་སྟེ་བཅོ་བརྒྱད་དོ། །ཡུལ་ཕྲན་དགུ་བཅུ་རྩ་གཅིག་དང་མཐའ་འཁོབ་སྟོང་དང་ལྔ་བརྒྱ་ཡོད་པར་བཤད།10 དེ་དག་གི་ནང་ནས་ཞང་ཞུང་དང་། སྟག་གཟིག རྒྱ་གར། རྒྱ་ནག། ཕྲོམ། བོད་དང་དྲུག་ནི་ཡུལ་གྱི་སྙིང་པོ་ཡིན་ནོ། །ཞེས་ལེགས་བཤད་མཛོད་སོགས་ལས་གསལ་ལོ། །སྲིད་པ་རྒྱུད་ཀྱི་ཁ་བྱང་ལྟར་ན། འཛམ་བུའི་གླིང་ལ་རི་མཐོ་ལ་ལྔ་ཡོད་དེ། ཞང་ཞུང་ལྷ་རི་སྤོས་མཐོན། ཞང་ཞུང་སྤོས་རི་ངད་ལྡན། བྱ་རྒོད་ཕུང་བའི་རི། རི་བོ་པོ་ཏ་ལ། མཆོག་རབ་ལྡན་པའི་རི་དང་ལྔ་ཡོད། མ་པམ་གཡུ་མཚོ་ལས་བབ་པའི་ཆུ་བོ་རྒྱུན་རིང་བཞི་ཡོད་དེ། ན་ར། ཛཱ་ར། ཏང་ཀ་ཏི། སིནྡྷུ་བཞི་དང་བཞི། དེ་ནི་འོལ་མོ་ལུང་རིང་གི་གཡུང་དྲུང་དགུ་བརྩེགས་རིའི་ཕྱོགས་བཞི་ནས་འབབ་པའི་ཆུ་བོ་བཞི་ཡིན། ཤར་དུ་སེང་གེའི་ཁ་ནས་ཆུ་བོ་ནེ་ར་ཛྙ་དང་། བྱང་དུ་རྟ་མཆོག་ཁ་ནས་ཆུ་བོ་པཀྵུ་དང་། ནུབ་ཏུ་རྨ་བྱའི་ཁ་ནས་ཆུ་བོ་གྱིམ་ཤང་དང་། ལྷོ་རུ་གླང་ཆེན་ཁ་ནས་ཆུ་བོ་སིན་རྡུ་དང་བཞིའོ། །འོ་སྐོལ་འཛམ་བུའི་གླིང་འདི་ན། ཡུལ་ཆེན་པོ་བཅུ་དྲུག་ཡོད། ཐོད་དཀར་ཡུལ་དང་། རྒྱ་ནག་ཡུལ། ཧུ་ནའི་ཡུལ། ཡུ་ནུའི་ཡུལ། ཀམ་པོ་འཛིན། སྦལ་ཁའི་ཡུལ། གནམ་གདུང་ཡུལ། ཕྱི་ཕྱོགས་ཡུལ། གདོང་ཡུལ། དགུ་སྡེ་ཡུལ། གཤོག་ཐོགས་ཡུལ། གཅེར་བུའི་ཡུལ། སྣ་མེད་ཡུལ། གློ་བཀྲའ་ཡུལ། ཞང་ཞུང་ཡུལ། ཁྲི་འབྱམས་ཡུལ་བཅས་ཡུལ་ཆེན་བཅུ་དྲུག་གོ །དེའི་མཐའ་འཁོབ་ཡུལ་ཕྲན་དགུ་བཅུ་རྩ་གཅིག་ཡོད །དེའི་ཡང་འཁོབ་ལ་ཡུལ་ཆེན་པོ་བཅོ་བརྒྱད་ཡོད། དེ་དག་ལ་སྐད་རིགས་མི་འདྲ་བ་སུམ་བརྒྱ་དྲུག་བཅུ་ཡོད། དེ་དག་གི་ནང་ཚན། མངའ་རིས་བོད་ཀྱི་རྒྱལ་ཁམས་ནས་ལ་ཚིགས་ཆེན་པོ་བཞི་ཡོད་དེ། རོང་ལ་ཆེན་པོ་ཁ་བརྒྱད་ཡོད། མངའ་རིས་བོད་ཀྱི་རྒྱལ་ཁམས་ནས། ཤར་ཕྱོགས་རྒྱ་ཡི་ལ་ཚིགས་སུ་དུང་སྒོང་ལ་དར་དཀར་འདྲ་བ་ཡོད། ལྷོ་ཕྱོགས་འཇང་གི་ལ་ཚིགས་སུ། སྟག་ལ་ཝ་ཚལ་འདྲ་བ་ཡོད། ནུབ་ཕྱོགས་མོན་གྱི་ལ་ཚིགས་སུ། ཕ་འོང་རྨ་བྱ་འདྲ་བ་ཡོད། བྱང་ཕྱོགས་ཧོར་ཀྱི་ལ་ཚིགས་སུ། ཕག་སོ་འདྲ་བའི་གངས་དཀར་ཡོད། ལ་ཚིགས་ཆེན་པོ་དེ་བཞིའི་ཕྱོགས་མཚམས་ན། རོང་ལ་ཁ་བརྒྱད་ཅེས་བྱ་བ་ཡོད་དེ། གེ་ཇི་ཁ་བ་རོང་དང་། རྡོ་བ་གེ་རོང་། རྡོལ་ཁ་བྲག་རོང་། གེ་ཁོད་གཉན་ལུང་རོང་། གངས་དཀར་གཡུ་ལུང་རོང་། བྱེ་མ་བྱང་དར་རོང་། ལྷོ་ཡི་ཚ་བ་རོང་། ཤར་གྱི་རྒྱལ་མོ་རོང་དང་བརྒྱད་ནི་སྟག་གི་མཆེ་བས་བཅད་པ་ལྟར་ཡོད་དོ། །11

ཡང་སྒོས་སུ་བོད་ཡུལ་ཆགས་ཚུལ་བསྟན་པ།

  ལྔ་པ། གངས་ཅན་བོད་ཀྱི་ཡུལ་ཆགས་ཚུལ་ནི། འབྱུང་བ་སྣ་ལྔའི་སྙིང་པོ་ལས་སྒོ་ང་ཆེན་པོ་གཅིག་འོང་བ། ཕྱི་ཡི་སྒོ་ངའི་ཤུན་ལས་ལྷ་བྲག་དཀར་པོ་ཆགས། ནང་གི་སྒོང་ཆུ་ལས་དུང་མཚོ་འཁྱིལ། བར་གྱི་སྒོ་ངའི་དར་ཆ་ལས། འགྲོ་བ་རིགས་དྲུག་སེམས་ཅན་གྲོལ། སྒོ་ང་ཕྲུམ་གྱིས་ཡུལ་ཆེན་བཅོ་བརྒྱད་ཆགས། སྒོ་ང་བཅོ་བརྒྱད་ལས་འབྲིང་བ་དུང་སྒོང་གཅིག་ལས་བྱེ་བྲག་ཞང་བོད་ཀྱི་ཡུལ་ཁམས་ཆགས་སོ། །བོད་ཡུལ་དེ་ཐོག་མ་ལྷ་སྲིན་སྡེ་བརྒྱད་ཀྱི་དབང་བྱས། མི་ཡི་ཁྱིམ་ཡང་ས་ཁུལ་དང་བྲག་ཕུག་ལ་བྱས། དེ་ནས་རིམ་གྱིས་རྡོ་ཁང་བརྩེགས་དབུབ་བྱེད་པ་ལས་ ཤིང་གཅོད་ཐག་ཚེམ་སོགས་ཀྱི་ལས་རིགས་མི་ཤེས། ཟས་ནི་སར་སྐྱེས་ལྡུམ་དང་རི་དྭགས་བསད་དེ་ཤ་ཟ་ལས་ལ་འབད་པ་ལས་ཞིང་རྨོ་བ་དང་། བཟའ་ཤིང་འཛུགས་པའི་རིག་པ་མེད། དེའི་སྐབས་སུ་ལྷ་དང་སྲིན་པོ་སྡེ་རིགས་རྣམས་རི་བྲག་ཆུ་སོགས་ལ་གནས་ཤིང་དངོས་སུ་མི་དང་འབྲེལ་བར་བྱེད། མི་རྣམས་ཀྱི་འདོད་ཞེན་ཇེ་ཆེར་སོང་། རི་དྭགས་བསད་པ་ཇེ་མང་སོང་། དེ་ནས་མི་དང་ལྷ་འདྲེ་འབྲེལ་བ་ཇེ་ཉུང་སོང་། མི་དང་དུད་འགྲོ་བར་གྱི་འབྲེལ་བ་ཡང་ཇེ་རིང་སོང་། དེ་ནས་བོད་ཡུལ་མ་སང་སྤུན་དགུས་དབང་བྱས། ཡུལ་མིང་བོད་ཁམས་གཞུང་དྲུག་ཅེས་སུ་གྲགས། དེ་ནས་མདའ་མདུང་མཚོན་ཆ་བརྩེ་བ་དང་། བཞོན་པ་ཞོན་དང་དངོས་པོ་ཉོ་ཚོང་བྱུང་། དེ་རྗེས་ཟ་རམ་སྐྱེས་དྲུག་གིས་དབང་བྱས། ཡུལ་མིང་ལ་བོད་ཡུལ་སྟོང་སྡེ་བཅོ་བརྒྱད་ཅེས་གྲགས། སྔ་རྟགས་མགོ་རྒྱན་དང་རྣ་ཆ་འདོགས་པ་དང་། གླུ་གར་རོལ་རྩེད་དགའ་སྟོན་བྱེད་པ་བྱུང་། དེ་རྗེས་རྒྱལ་ཕྲན་བཅུ་གཉིས་དབང་བྱས། ཡུལ་མིང་བོད་ཡུལ་སྦ་ཁ་ཆེ་བརྒྱད་ཅེས་གྲགས། སྔ་རྟགས་ཕྱག་དང་ཞེ་ས་བྱེད་པ་དང་། སྔར་གྱི་སྒྲུང་གཏམ་རྣམས་ཕྱིས་སུ་མིས་བཤད་པ་བྱུང་། དེ་རྗེས་དེ་ལས་གྱེས་ཏེ་རྒྱལ་ཕྲན་སིལ་མ་བཞི་བཅུའི་བར་འཕེལ། ཡུལ་མིང་བོད་ཁམས་གླིང་དགུ་ཞེས་གྲགས། སྔ་རྟགས་བོན་ལ་སྐྱབས་སུ་འགྲོ་བ། གསོལ་བ་འདེབས་པ། ཐར་པ་བསྒྲུབ་པ་བྱུང་། དུས་རབས་དེ་བཞིའི་རིང་ལ་རིམ་བཞིན་དུ། ལྕགས་རིགས་རྙེད་པ་དང་། རྡོ་བཟོ་དང་ཤིང་གཅོད་ནས་ཁང་པ་ལས་ཤེས་པར་བྱུང་། གཡང་དྭགས་ཀྱི་སྤུ་བྲེག་པ། ཐག་འཐག་པ། ཚེམ་བྲུབ་བྱེད་པ། ཞིང་རྨོ་བ་སོགས་ཤེས་པ་བྱུང་། དེའི་དུས་སུ་བོད་ཡུལ་ལ་འབྲོག་པ་དང་ཡུལ་པ་ཞེས་པའི་ཐ་སྙད་བྱུང་། དེ་ནས་སྤུ་རྒྱལ་བཙན་པོས་དབང་མཛད་དེ། རྗེ་ལ་སྔ་བ་གཉའ་ཁྲི་བཙད་པོས་དབང་བྱས། ཡུལ་མིང་བོད་ཡུལ་རུ་བཞིར་གྲགས། དེ་ནས་རིམ་བཞིན་རྒྱལ་རབས་ཞེ་གཉིས་བྱུང་། ཐོག་མ་བོད་ཡུལ་ཞེས་པ་ནི་ཚོ་ཁག་ཆུང་ཆུང་ཞིག་ཡིན། དེ་ནས་རིམ་གྱིས་འཕེལ། ལྷག་པར་དུ་སྲོང་བཙན་སྒམ་པོས་མགོ་བསྐོར་ལ་བསྟེན་ནས་ཞང་ཞུང་མངའ་དབང་བསྡུས་ནས་བཟུང་བོད་དང་བོད་ཆེན་པོ་ཞེས་སུ་གྲགས་པ་བྱུང་། དེ་ནས་བོད་ཡུལ་ལ་སྟོད་སྨད་བར་གསུམ། དེ་ནས་མདོ་དབུས་ཁམས་གསུམ་ཞེས་པའི་དབྱེ་སྲོལ་བྱུང་། བོད་ཁ་བ་ཅན་གྱི་ལྗོངས་འདི་ནི་རྒྱལ་བ་སྟོན་པ་གཤེན་རབ་མི་བོ་དང་ཐུགས་རྗེ་ཅན་ཤེས་རབ་བྱམས་མའི་གདུལ་ཞིང་ཡིན་ནོ། །ད་སྐབས་སུ་བབ་པ་ནི་སྔོན་བོན་གཤེན་དང་བོན་རྒྱལ་རྣམས་ཀྱིས་ས་མཚམས་རྣམ་བཞག་ནི། དྲན་པ་ནམ་མཁའི་རྣམ་ཐར་ལས། སྟོད་ཀྱི་ཞང་ཞུང་མངའ་རིས་སྐོར་གསུམ་ནི༔ རྡུ་ཐོག་རིས་བསྐོར་གུ་གེ་གཡའ་ཡི་བསྐོར༔ སྤུ་རོང་གངས་ཀྱི་བསྐོར་དང་གསུམ་གྱི་ཁྱོན༔ བར་དུ་བོད་ཡུལ་དབུས་གཙང་རུ་བཞི་ནི༔ གཡས་རུ་གཙང་ཆུ་གཡོན་རུ་ཉང་ཀོང་དང་༔ དབུས་རུ་ཡར་ལུང་མཚམས་རུ་ལྟ་རྩེ་བཞི༔ སྨད་དུ་བོད་ཆེན་མདོ་ཁམས་སྒང་དྲུག་སྟེ༔ བུར་འབོར་སྒང་དང་རབ་སྒང་དངུལ་ཟླ་སྒང་༔ ལྷོ་རྫ་སྒང་དང་སྨྲ་སྒང་ཚ་བ་སྒང་༔ བོན་གཤེན་རྣམས་ཀྱི་བསྟན་པ་སྤེལ་བའི་ཡུལ༔12 ཞེས་སྔོན་གྱི་གསུང་རབ་རྣམས་སུ་སའི་གོ་ལ་ཆགས་ཚུལ་དང་། འཛམ་བུ་གླིང་ཆགས་ཚུལ། གངས་ཅན་བོད་ཆགས་ཚུལ་སོགས་རྒྱས་པར་བསྟན་ཡོད། གཞན་ཡང་སྨད་ཀྱི་མདོ་ཁམས་སྒང་དྲུག་དབྱེ་ཚུལ་ནི། གོང་དུ་བསྟན་པའི་དྲན་པ་ནམ་མཁའི་རྣམ་ཐར་ལྟར་ན། བུར་འབོར་སྒང་༼སྤོ་འབོར་སྒང་ཡང་ཟེར༽། རབ་སྒང་༼མི་ཉག་སྒང་༽། དངུལ་ཟླ་སྒང་༼ལྡན་མ་ཟལ་མོ་སྒང༽། ལྷོ་རྫ་སྒང་༼རྔུལ་རྫ་སྒང་༽། སྨྲ་སྒང་༼སྨར་ཁམས་སྒང་༽། ཚ་བ་སྒང༼ཙ་བ་མཛོ་སྒང༽དང་དྲུག་གོ །བསྟན་འབྱུང་ཀེ་ཏ་ཀའི་དོ་ཤལ་ལས། སྨད་དུ་མདོ་ཁམས་སྒང་དྲུག་སྟེ། སྨར་ཁམས་ཟེ་མོ་སྒང་དང༌། ལྷོ་རྫ་ཟེ་མོ་སྒང་དང༌། འབྲི་རྫ་ཟེ་མོ་སྒང་དང༌། ཤར་རྫ་ཟེ་མོ་སྒང་དང༌། ཟླ་སྒང་རིང་མོ། སྨ་སྒང་རིང་མོ་དང་སྒང་དྲུག་རྟ་རྒྱབ་གཤིབས་པ་འདྲ་བའི་ཀླུང་རྣམས་སུ་ཉག་ཤོད་རྒྱ་ཤོད་ལ་སོགས་ཤོད་ཆེན་བཅོ་བརྒྱད་དུ་ཆགས་ལ། དེ་དག་གི་སྨད་དུ་རྨ་གཉན་པོམ་ར་ལ་སྨ་རིགས་སུམ་བརྒྱ་དྲུག་ཅུས་བསྐོར་ནས་སྨད་ཀྱི་དམིགས་འཛིན་པའོ། །13 དེ་ལྟར་དབྱེ་སྲོལ་མང་ངོ་། །

སྡེ་ཚན་གཉིས་པ། གནས་རི་སྐོར་བསྟན་པ།

  གནས་རི་སྐོར་བསྟན་པ་ལ་ལྔ་སྟེ། གནས་རི་ཞེས་པའི་ཐ་སྙད་བྱུང་བ་བསྟན་པ་དང་། སྐུ་གསུམ་གྱི་གནས་སྤྱི་བསྟན་པ། བསྟན་པ་རྣམ་གསུམ14གྱི་གནས་བསྟན་པ། གནས་ཀྱི་མཚན་ཉིད་མདོར་བསྟན་པ། གནས་ཀྱི་དབྱེ་བ་མདོ་ཙམ་བསྟན་པ་དང་ལྔའོ། །

གནས་རི་ཞེས་པའི་ཐ་སྙད་བྱུང་བ་བསྟན་པ།

  དང་པོ་གནས་རིའི་ཐ་སྙད་བྱུང་བ་བསྟན་པ་ནི། སྤྱིར་གནས་རི་ཞེས་པའི་ཐ་སྙད་ནི་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་ཞལ་ནས་གསུང་བའི་རྒྱུ་འབྲས་རྣམ་པར་འབྱེད་པའི་མདོ་ལས། དབེན་པའི་གནས་རི་སོ་སོར་འཛིན་པ་སྟེ། གང་དུ་སྤྱོད་པ་ཆ་མཐུན་དབྱེ་བར་བྱ།15 ཞེས་མི་ལོ་སྟོང་ཕྲག་དུ་མའི་ཡར་སྔོན་དུ་བྱོན་པའི་སྟོན་པ་གཤེན་རབ་མི་བོ་ཆེའི་སྐུ་རིང་ནས་གནས་རི་ཞེས་པའི་ཐ་སྙད་ཡོད་པར་མ་ཟད། གནས་རི་དང་འབྲེལ་བའི་སྒོ་ནས་བོན་གསུང་ཡོད། དེ་ཡང་གཤེན་རབ་མི་བོས་གླིང་བཞིར་ཞབས་བཅག་ཚེ། ཡུལ་ཕྱོགས་སོ་སོར་ལ་མཆོད་པའི་གནས་རི་རེ་རེ་དང་། སྐྱོབ་པའི་ལྷ་རེ། མཐུ་སྟོབས་ཀྱི་གསས་རེ་དང་། འདྲེན་པའི་གཤེན་པོ་རེ། འདུལ་བའི་བོན་པོ་རེར་བཅས་སོ་སོར་བསྐོས་བཞག་མཛད་དེ་གཡུང་དྲུང་བོན་གྱི་འཁོར་ལོ་རྒྱ་ཆེར་བསྐོར་བ་ནི་དཔལ་ཚུལ་བསྟན་འབྱུང་ལས་གསལ་བར་བསྟན་ཡོད།16 སྟོན་པ་གཤེན་རབ་མི་བོ་སྐུ་གཤེགས་རྗེས་སུ་གདུང་སོབ་མུ་ཆོ་ལྡེམ་དྲུག་སོགས་བཀའ་སྡུད་པ་པོ་རྣམས་ཀྱི་གནས་རི་སྒྲུབ་གནས་སོགས་སུ་བསྟན་པ་སྤེལ། དེ་ནས་འཛམ་གླིང་མཁས་པ་རྒྱན་དྲུག་སོགས་བོན་གཤེན་རིག་འཛིན་རྣམས་ཀྱི་སྒྲུབ་གནས་སོ་བདུན་དང་ཞེ་ལྔ་སོགས་སྲོལ་བཏོན་པའི་ལུགས་འདི་ནི་བོད་གངས་ཅན་ལྗོངས་ཀྱི་རིག་གནས་ཀྱི་ཆ་ལག་ཅིག་གོ ། གནས་རི་ཞེས་པའི་གོ་དོན་མི་འདྲ་བ་མང་པོ་ཡོད་ནའང་། ཕྱོགས་གཅིག་ཏུ་བསྡུས་ནས་བཤད་ན། དབེན་གནས་དང་རི་ཁྲོད་གཉིས་བསྡུས་མིང་ལ་གནས་རི་ཞེས་འབོད་པ་ཡང་ཡོད་དེ། དྲི་མེད་ལས། ཆིག་པུར་དབེན་གནས་རི་ཁྲོད་དགོན་པ་རུ། །བླ་མེད་ཐེག་ཆེན་བཀའ་ཡི་བསྡུ་བ་མཛད།17 ཞེས་སོ། །

སྐུ་གསུམ་གྱི་གནས་སྤྱི་བསྟན་པ།

  གཉིས་པ་སྐུ་གསུམ་གྱི་གནས་ནི། དོན་རྒྱུད་ལས། བོན་སྐུ་ནམ་མཁའ་ལྟ་བུ་ཀུན་ལ་ཁྱབ།རྫོགས་སྐུ་སྤྲིན་དང་འདྲ་སྟེ་སྣང་ཡུལ་འཆར། སྤྲུལ་སྐུ་ཆར་བཞིན་སེམས་ཅན་རེ་བ་བསྐོང༌། གཅིག་ལས་གཅིག་འབྱུང་དབྱེར་མེད་ནམ་མཁའི་ཀློང༌།18 ཞེས་གསུངས་པ་བཞིན་བོན་ཐམས་ཅད་སྐྱེ་མེད་སྤྲོས་བྲལ་བདེ་ཆེན་འདས་མ་བྱས་གདོད་ནས་དག་པ་གཉིས་ལྡན་གྱི་མེད་པ་ལྔ་ལྡན་གྱིས་བོན་སྐུས་གདུལ་ཞིང་ནི་ནམ་མཁའི་མཐའ་དང་མཉམ་པའོ། །བོན་སྐུའི་དགོངས་པ་ལ་མ་གཡོས་པའི་ངང་ནས་གང་འདུལ་འགྲོ་བའི་དོན་དུ་སྐུ་ཤར་བའི་ངེས་པ་ལྔ་ལྡན་གྱི་རྫོགས་སྐུས་གདུལ་ཞིང་ནི་འོག་མིན་སྟུག་པོ་བཀོད་པའི་ཞིང་དང་། ལོངས་སྐུའི་ངོ་བོ་ལས་སོ་འཕགས་སྣང་ངོར་གང་འདུལ་རྣམ་པར་སྤྲུལ་པའི་སྐུས་གདུལ་ཞིང་འཛམ་གླིང་བྱེ་བ་ཕྲག་བརྒྱའི་ཞིང་ངོ་། །

བསྟན་པ་རྣམ་གསུམ་གྱི་གནས་བསྟན་པ།

  གསུམ་པ། བསྟན་པ་རྣམ་གསུམ་གྱི་གནས་ནི།སྤྱིར་བསྟན་པ་རྣམ་གསུམ་ལ་སྐུ་ཡི་བསྟན་པ་དང་། གསུང་གི་བསྟན་པ། ཐུགས་ཀྱི་བསྟན་པ་དང་གསུམ་དུ་དབྱེ་བ་དང་། ཡང་མདོའི་བསྟན་པ་དང་། སྔགས་ཀྱི་བསྟན་པ། རྫོགས་ཆེན་གྱི་བསྟན་པ་དང་གསུམ་སོགས་དབྱེ་སྲོལ་ཡོད། འདིའི་སྐབས་སུ་བསྟན་པ་རྣམ་གསུམ་ནི། མདོ་སྔགས་རྫོགས་གསུམ་གྱི་བསྟན་པ་གསུང་བའི་གནས་ལ་གོ དང་པོ་མདོ་ཡི་གནས་རི་ནི། ཕུན་སུམ་ཚོགས་པ་མདོ་ཡི་སྡེ་སྣོད་གསུང་གནས་འོལ་མོ་ལུང་རིང་དེ་ཡིན། འོལ་མོ་ལུང་རིང་ནི་བསྟན་པ་རྣམ་གསུམ་རྗེས་སུ་བཞག་པ་སྐུ་གསུང་ཐུགས་ཀྱི་བསྟན་པ་མ་རྫོགས་བར་དུ་བརྟན་པ་སོགས་ཁྱད་བོན་བདུན་དང་ལྡན་པ་ལ། རྒྱ་གར་གྱི་མི་རྣམས་ཀྱིས་ཤམ་བྷ་ལ། ཞང་ཞུང་གི་མི་རྣམས་ཀྱིས་སྟག་གཟིག་ཁྲོམ་གྱི་ཡུལ། བོད་ཀྱི་མི་རྣམས་ཀྱིས་སྟག་གཟིག་གི་ཡུལ་འོལ་མོ་ལུང་རིང་། ཨོ་རྒྱན་གྱི་མི་རྣམས་ཀྱིས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་འབོད་པའི་ཡུལ་དེའོ། །གཉིས་པ་གསང་སྔགས་ཀྱི་བོན་བསྟན་པའི་གནས་ནི། གཡུ་ལུང་ཤེལ་ཕུག་གསང་བའི་གནས་དེ་ཡིན། དེ་ནི་རྩ་གསུམ་ལྷ་གནས་སུ་ཡོད། དེ་ལ་ཤེལ་གྱི་རྩེ་མོ་དྲུག་ཡོད་པའི་གནས་སོ། །གསུམ་པ་རྫོགས་ཆེན་གྱི་བོན་བསྟན་པའི་གནས་ནི་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཡིན་ལ། དེ་ནི་ནམ་མཁའ་ལ་ཆགས་འཇིག་མེད་པ་བཞིན་དུ་འབྱུང་བའི་ཆགས་འཇིག་དང་ཡོངས་སུ་བྲལ་བ་སོགས་ཡོན་ཏན་དུ་མ་མངའ་བའི་གནས་སོ། །

གནས་ཀྱི་མཚན་ཉིད་མདོར་བསྟན་པ།

  བཞི་པ། གནས་ཀྱི་མཚན་ཉིད་བསྟན་པ་ནི། མཁའ་འགྲོ་རིན་ཆེན་ཕྲེང་བའི་རྒྱུད་ལས། སྒྲུབ་པ་གནས་ཀྱི་མཚན་ཉིད་བསྟན། །ཞི་རྒྱས་དབང་དང་མངོན་སྤྱོད་སོགས། །དངོས་གྲུབ་མྱུར་ཕྱིར་གསལ་བར་བསྟན། །དང་པོ་གནས་བསྟན་འདི་ལྟར་ཏེ། །ཤར་བལྟས་རི་བྲག་དཀར་ལ་ཟླུམ། །ས་ཆུ་འཇམ་ཞིང་རྩི་ཤིང་འཁྲུངས། །གདུགས་སྔ་ནུབ་རི་སྐྱོབ་ལ་བཙན། །གཉིས་པ་ལྷོ་དང་ཤར་ལྷོར་བལྟས། །ས་དབྱིབས་སྣུམ་ལ་རྩི་ཤིང་ཕྱུག །མེ་ཏོག་འཁྲུངས་ཤིང་ཕྱུགས་མ་སྐྱོང་། །འབྲུ་བཅུད་སྨིན་ཞིང་འདོད་པ་ཚང་། །གསུམ་པ་ལྷོ་ཤར་བྱང་ནུབ་སྟེ། །ས་དབྱིབས་རི་བྲག་དཀར་དམར་ལ། །ཤིན་ཏུ་སྐྱོབ་ཅིང་བཙན་པའི་ས། །མེ་ཏོག་དམར་པོ་འཁྲུངས་པ་དང་། །བོན་གྱི་བསྟན་པ་དར་ས་དང་། །བུད་མེད་རིགས་མང་འདུས་ས་ཤིས། །བཞི་པ་བྱང་བལྟས་རི་རོང་གནག །རྩུབ་ལ་གཟར་ཞིང་ནགས་ཚལ་འཐིབས། །དུར་ཁྲོད་ཚོགས་ཤིང་གཅན་སྤྱང་རྒྱུ། །མཚོན་པ་ཕྱི་ཡི་གནས་སུ་བསྟན། །འཛིན་བྱེད་ནང་གི་གནས་བསྟན་པ། །མཁྱེན་ལྡན་མཁས་བཙུན་ཚོགས་པའི་ས། །དམ་ལྡན་རང་རྒྱུད་ཞི་བའི་ས། །བདག་འཛིན་ཡུལ་སྣང་སྤངས་པའི་ས། །ཞི་བ་ནང་གི་གནས་སུ་ཤིས། །སྒྲུབ་གཤེན་བསྟན་པ་དར་བའི་ས། །ཟས་ནོར་ལོངས་སྤྱོད་ཚོགས་པའི་ས། །ཁང་ཁྱིམ་དགའ་ཞིང་ཉམས་བདེའི་ས། །གྲོགས་མཆེད་བརྩེ་གདུང་ཆེ་བའི་ས། །རྒྱས་པ་ནང་གི་གནས་སུ་ཤིས། །རིགས་མང་ཁྲོམ་ཚོགས་འདུ་བའི་ས། །རིགས་མའི་བཙལ་ཁུངས་མོད་པའི་ས། །འཇིག་རྟེན་རྟོག་པ་རྒྱས་པའི་ས། །དབང་སྦྱོར་ནང་གི་གནས་སུ་ཤིས། །མཐུ་ལྡན་དྲེགས་པ་འདྲེན་པའི་ས། །རྩུབ་ཁྲོ་ཞེ་སྡང་ལྡང་པའི་ས། །འདྲེ་སྲིན་རྐན་སྒྲ་སྒྲོགས་པའི་ས། །རང་རྒྱུད་ཁྲོ་གཏུམ་འབྱུང་བའི་ས། །དྲག་པོ་ནང་གི་གནས་སུ་ཤིས། །གསང་བའི་གནས་ནི་གཅིག་ཏུ་བསྟན། །རྒྱུད་ཉིད་རྟོག་པ་སྣ་ཚོགས་པ། །རྗེས་འཇུག་ཡིད་ལ་ལྟོམས་པའི་ས། །ཕྲིན་ལས་རྣམ་བཞི་རྫོགས་པའི་ས། །རིག་པ་རང་དབང་འབར་ས་དེ། །གསང་བའི་གནས་ཀྱི་མཚན་ཉིད་ཡིན། །19ཞེས་པས་ཕྱི་ནང་གསང་བའི་གནས་ཀྱི་མཚན་ཉིད་བསྟན་ཏོ། །

གནས་ཀྱི་དབྱེ་བ་མདོ་ཙམ་བསྟན་པ།

  ལྔ་པ། གནས་ཀྱི་དབྱེ་བ་མདོ་ཙམ་བསྟན་པ་ལ། སྤྱིར་གནས་ལ་དབེན་གནས་དང་སྒྲུབ་གནས་གཉིས་སུ་དབྱེ་བ་དང་། སྐུ་གསུང་ཐུགས་ཀྱི་བསྟན་པའི་གནས་གསུམ་དུ་དབྱེ་བ། ཞི་རྒྱས་དབང་དྲག་གི་གནས་བཞི། གཏེར་བདག་ཡུམ་སྲས་སྡེ་ལྔའི་གནས་ལྔ་བསྟན་པ། གནས་རི་བརྒྱད་ཀྱི་དབྱེ་བ་སྤྱི་བསྟན་པ། ཐེག་པ་རིམ་དགུའི་གནས་བསྟན་པ། བརྟན་མ་བཅུ་གཉིས་ཀྱི་གནས། རྗེ་ཡི་མགུལ་ལྷ་བཅུ་གསུམ་གྱི་གནས། ཕྱི་ནང་གསང་བའི་གནས་ཆེན་ཉེར་བཞིར་དབྱེ་བ་དང་། མ་རྒྱུད་སྒྲུབ་གནས་ཉེར་བཞི། སྒྲུབ་གནས་སོ་བདུན། མ་རྒྱུད་གནས་ཆེན་བརྒྱ་དང་བརྒྱད། གཏེར་གནས་སུམ་བརྒྱ་དྲུག་ཅུར་དབྱེ་བ་སོགས་རྣམ་གྲངས་མང་བ་རྣམས་གཞན་དུ་བསྟན་པར་བྱའོ། །

སྡེ་ཚན་གསུམ་པ། གནས་མཆོག་ཁ་བ་དཀར་པོ་རྒྱས་བཤད་བསྟན་པ།

  གནས་མཆོག་ཁ་བ་དཀར་པོ་རྒྱས་བཤད་བསྟན་པ་ལ། ཁ་བ་དཀར་པོ་གནས་ཀྱི་ཕྱོགས་བསྟན་པ། ཁ་བ་དཀར་པོ་ཞེས་པའི་ཐ་སྙད་སྐོར་བསྟན་པ། ཁ་བ་དཀར་པོ་བྱུང་ཁུངས་བསྟན་པ། ཁ་བ་དཀར་པོ་གནས་ཀྱི་ངོ་བོ་བསྟན་པ། ཁ་བ་དཀར་པོ་ངོ་མཚར་བའི་ལུང་གིས་ཟིན་པ་བསྟན་པ། ཐུན་མོང་སྣང་ཚུལ་ཕྱི་ཡི་བཀོད་པ་བསྟན་པ། ཐུན་མིན་ནང་གི་མཐོང་སྣང་བཀོད་པ་བསྟན་པ། འཕགས་པའི་གསང་སྣང་མཐོང་ཚུལ་བཀོད་པ་བསྟན་པ། ཁ་བ་དཀར་པོའི་གནས་ལ་བྱིན་གྱིས་བརླབས་ཚུལ་བསྟན་པ། ཁ་བ་དཀར་པོའི་གནས་སྒོ་ཇི་ལྟར་ཕྱེས་ཚུལ་བསྟན་པ་དང་བཅུ།


ཁ་བ་དཀར་པོ་གནས་ཀྱི་ཕྱོགས་བསྟན་པ།

  དང་པོ། ཁ་བ་དཀར་པོ་གནས་དེ་ཕྱོགས་གང་ན་ཡོད་ཅེ་ན། བོད་ཀྱི་རོང་བརྒྱད་ཀྱི་ནང་ཚན་ལྷོ་ཚ་བ་རོང་དང་། དྲན་པ་ནམ་མཁའི་རྣམ་ཐར་ལྟར་ན། བོད་གངས་ཅན་ལྗོངས་ལ་མདོ་དབུས་ཁམས་གསུམ་ཕྱེས་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ནང་ཚན་ཚ་བ་སྒང་གི་ཁོངས་སུ་གཏོགས་པར་བཞེད། ཞང་བོད་ལོ་རྒྱུས་མ་བཅོས་གསེར་ཀྱི་ཡང་ཞུན་ལས། ཆབ་མདོའི་རྫ་ཆུ་དང་རྒྱལ་མོ་རྔུལ་ཆུའི་བར་ཚ་བ་སྒང་དེ་ལ་ཚ་རོང་སྟོད་སྨད་དང་བོན་གྱི་གནས་རི་རོང་བཙན་ཁ་བ་དཀར་པོ་ཞེས་རིག་འཛིན་མཁའ་འགྲོའི་ཚོགས་ཞིང་གི་གནས་རི་ཡོད་པར་གསལ།20 ཞེས་བོན་གཞུང་ལས་གསལ་བར་བསྟན། དེ་ཡང་ཁ་བ་དཀར་པོ་གནས་ཀྱི་རི་རྩེ་དེ་ཡུན་ནན་ཞིང་ཆེན་ལ་ཡོད། རི་འདབ་ནི་སི་ཁྲོན་དང་བོད་ལྗོངས་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་། ཤམ་བྷ་ལའི་ཡུལ་སྐོར་ས་ཁུལ་ཆེན་པོ་དང་གཙང་གསུམ་མཉམ་རྒྱུག་འཛམ་གླིང་གི་རང་བྱུང་ཤུལ་བཞག་ལྟེ་གནས་ཤིག་ཡིན། རྒྱལ་ཁབ་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཀྱི་ཁུལ་ཞིག་ཀྱང་ཡིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གི་ནུབ་ངོས་སུ་སྤྱི་ལེ་གཉིས་ཙམ་ཡོད་པའི་རྒྱལ་མོ་རྔུལ་ཆུ་དང་རྫ་ཆུའི་བར་ན་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6000ཡན་ཟིན་པས། "རྒྱལ་སྲས་རི་རྩེ་བཅུ་གསུམ"ཞེས་བརྗོད། རི་རྩེ་གཙོ་བོ་དེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི6740ཟིན་པ་དེ་ནི་ཡུན་ནན་གྱི་རི་རྩེ་དང་པོ་དེ་རེད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི6740ཡོད་པའི་རི་རྩེ་དེ་ལ་ནི་ད་བར་མིའི་རིགས་སུས་ཀྱང་འགྲོ་མ་ཐུབ་པས"རི་རྩེ་གསར་པ"ཞིག་མིང་ཐོགས་ལ། རིག་གནས་སྲུང་སྐྱོང་བྱས་པས་རི་རྩེ་དེ་འཛེགས་མི་ཆོག་པའི་རི་རྩེ་འབའ་ཞིག་ཀྱང་ཡིན།

ཁ་བ་དཀར་པོ་ཞེས་པའི་ཐ་སྙད་སྐོར་བསྟན་པ།

  གཉིས་པ། སྤྱིར་བོད་ཡུལ་དུ་ཁ་བ་དཀར་པོ་ཞེས་པའི་གནས་རི་དང་སྒྲུབ་གནས་གཏེར་གནས་དབེན་གནས་སོགས་མང་པོ་ཡོད་པ་ལས། འདིར་སྐབས་སུ་བབ་པ་ནི་ཚ་བ་རོང་གི་ཁ་བ་དཀར་པོ་དེ་ཡིན། དེ་ལ་རོང་བཙན་ཁ་བ་དཀར་པོ་དང་།21 རོང་བཙུན་ཁ་བ་དཀར་པོ།22 ཚྭ་རོང་ཁ་བ་དཀར་པོ།23 གནས་མཆོག་ཁ་བ་དཀར་པོ། གཉན་ཆེན་ཁ་བ་དཀར་པོ། བ་གམ་སྟག་རྩེ་སོགས་འབོད་སྟངས་མང་པོ་སྣང་། ཡུན་ནན་ན་ཡོད་པའི་ཁ་བ་དཀར་པོ་དེ་ལ་རྒྱ་སྐད་དུ“梅里雪山”ཞེས་འབོད། ས་གནས་དེ་གའི་བོད་རིགས་མི་དམངས་ཀྱིས་“ཁ་བ་གངས་རི”དང་“ཁ་བ་དཀར་པོ”ཞེས་མིང་བཏགས། ས་གནས་དེའི་མི་རྣམས་ཀྱིས་གནས་རི་དེ་ནི་ལྷས་སྦྱིན་པ་མ་ཟད། ས་ཆ་དེ་དང་མི་རབས་ནས་མི་རབས་བར་ཤ་ཁྲག་ལྟ་བུའི་འབྲེལ་བའང་རྒྱུན་འཁྱོངས་བྱེད་ཀྱི་ཡོད། རྒྱ་སྐད་ཀྱིས་“梅里”ཞེས་པ་དེ་ས་ཆ་དེའི་བོད་མི་རྣམས་ཀྱིས“mainri”ཞེས་པའི་ཐ་སྙད་དེ་ནི་རྒྱ་ཡིག་ཏུ་བསྒྱུར་བ་དང་། དེའི་ནང་དོན་ནི"སྨན་རི"ཞེས་པ་དེ་ཡིན། རྒྱུ་མཚན་ནི། གནས་དེ་ལ་སྨན་སྣ་རྩ་ཆེན་སྣ་ཚོགས་ཐོན་འབོར་ཆེ་བས་མིང་དེ་ལྟར་ཐོགས་པ་རེད་ཅེས་བཤད། བོན་གཞུང་ལས། རྩི་ཐོག་སྨན་གྱི་སྐྱེ་ས་དེ། སད་ཀྱི་ཁ་བ་དཀར་པོ་ཡིན།24 ཞེས་པའི་སད་དེ་ཞང་ཞུང་སྐད་ཡིན། ལྷ་ཞེས་པའི་དོན་ཡིན། རྩ་ཐོག་སྨན་ཀྱི་སྐྱེ་ས་དེ་ནི་ལྷ་ཡི་གནས་རི་ཁ་བ་དཀར་པོ་ཡིན་པར་བསྟན། འདི་ལྷ་ཞེས་པ་ནི་ཁམས་གོང་མའི་ལྷ་ལྟ་བུ་ལ་མི་གོ །མཛེས་སྡུག་དང་ལྡན་པའི་ལྷ་ཡུལ་དང་འདྲ་བའི་གནས་ལ་གོ །


ཁ་བ་དཀར་པོ་བྱུང་ཁུངས་བསྟན་པ།

  གསུམ་པ་ནི། ཁ་བ་དཀར་པོའི་གནས་ཆེན་འདི་ཉིད་བྱེ་བྲག་ཏུ་བཤད་པ་ལ། བྱུང་ཁུངས་བསྟན་པ་དང་། ངོ་བོ། ངོ་མཚར་བའི་ལུང༌། ཡིད་ཆེས་པའི་བཀའ་རྟགས། ཁྱད་པར་དེ་ལྡན་གྱི་མཚན་ཉིད་སོ་སོར་བསྟན་པའོ། །དང་པོ་ནི། ཅི་ཡང་མེད་པའི་སྟོང་པའི་དབྱིངས་ལས་ཡུམ་ཆེན་ཐུགས་རྗེ་བྱམས་མ་སྤྲུལ། འོད་ལས་གཤེན་ལྷ་འོད་དཀར་སྤྲུལ། ཟེར་ལས་སངས་པོ་འབུམ་ཁྲི་སྤྲུལ། ལུང་ལས་སྟོན་པ་གཤེན་རབ་སྤྲུལ། སྐུ་ལས་ཨ་ཏི་མུ་ཝེར་སྤྲུལ། གསུང་ལས་ཀུ་བྱི་མང་སྐེ་སྤྲུལ། ཐུགས་ལས་དབལ་ཆེན་གེ་ཁོད་སྤྲུལ། དེ་དག་ལས་སྤྲུལ་པའི་དབལ་རི་དཀར་པོ་ཞེས་ཞང་ཞུང་བོན་གྱི་བླ་རིར་བཅས་གནས་རི་མང་པོ་སྤྲུལ། གཙོ་བོ་གནས་རི་ཆེན་པོ་ཉི་ཤུ་རྩ་བཞི་དང་གནས་ཆེན་བརྒྱ་དང་རྩ་བརྒྱད་སོགས་སྤྲུལ་པ་ལས། ཁ་བ་དཀར་པོ་ནི་གཏེར་གནས་བརྒྱ་དང་རྩ་བརྒྱད་ཀྱི་ནང་ཚན་ཡིན་པ་དྲན་པ་བཀའ་ཐང་ལས་གསལ་ལོ། །25 སྤྱིར་ཚ་བ་རོང་གི་ཡུལ་ལ་གནས་རི་དུ་མ་ཡོད་པ་ལས་ཁ་བ་དཀར་པོ་ནི་བན་བོན་གཉིས་ཀའི་གནས་རི་ཞིག་ཡིན། བོན་པོའི་ཕྱོགས་ཀྱི་བཤད་ཕྱོགས་ལ། ཁ་བ་དཀར་པོ་ནི་གཡུང་དྲུང་བོན་གྱི་གནས་མཆོག་ཡིན་པ་དང་། གངས་ཅན་ལྗོངས་ན་གཡུང་དྲུང་བོན་གྱི་གནས་རི་ཆེན་པོ་བཞི་ནི། གཙོ་བོ་མངའ་རིས་ཀྱི་གངས་ཏི་སེ་རི་བོ་དང་། ཉིང་ཁྲིའི་ཀོང་པོ་བོན་རི། ཨ་མདོའི་རྨ་ཆེན་པོམ་ར། ཡུན་ནན་བདེ་ཆེན་གྱི་ཁ་བ་དཀར་པོ་དང་བཞིར་དབྱེ་སྲོལ་ཡང་ཡོད། ཁ་བ་དཀར་པོ་ནི་ལྷ་རིའམ་གནས་རི་ཞིག་ཡིན་པར་འདོད། བན་དེའི་ཕྱོགས་ནས་བཤད་ནི། ཆོས་ལུགས་ཀྱི་གནས་རི་བཞི་ནི། བོད་ཀྱི་གངས་རིན་པོ་ཆེ། མཚོ་སྔོན་གྱི་ཨ་མེས་རྨ་ཆེན་པོམ་ར། མཚོ་སྔོན་རྨ་ཆེན་གངས་དཀར་ཇོ་མོ། ཁ་བ་དཀར་པོ་དང་བཞི་ནི་བོད་བརྒྱུད་ནང་བསྟན་གྱི་གནས་རི་ཆེན་པོ་བཞི་ཞེས་འབོད་སྲོལ་ཀྱང་ཡོད།

ཁ་བ་དཀར་པོ་གནས་ཀྱི་ངོ་བོ་བསྟན་པ།

  བཞི་པ་ནི། ཁ་བ་དཀར་པོ་གནས་ཀྱི་ངོ་བོ་ནི། སྤྱིར་བོན་གྱི་བསང་ཡིག་རྣམས་སུ་ཁ་བ་དཀར་པོ་དེ་གཞི་བདག་ཅིག་ལ་ངོས་འཛིན་ཡོད་དེ། དུས་རབས་བཅུ་བཞི་པའི་ལྕགས་བྱི་ལོ་སྟེ་སྤྱི་ལོ༡༣༦༠ལོར་སྐུ་འཁྲུངས་པའི་སྤྲུལ་སྐུ་བློ་ལྡན་སྙིང་པོས་མཛད་པའི་བསང་མཆོད་ཡིད་བཞིན་ནོར་བུ་ལས། ཁ་བ་དཀར་པོ་ལ་སོགས་ཏེ། ཚ་བ་རོང་གི་གཞི་བདག་བསང་།26 ཞེས་གསུངས་སོ། །གཞི་བདག་དང་གནས་རི་གཉིས་ལ་ཁྱད་པར་ཡོད་ཀྱང་། དེ་གཉིས་འགལ་བ་ཡང་མ་ཡིན་ཏེ། དཔེར་ན། གངས་དཀར་རྒྱལ་པོ་དེ་གནས་རི་ཡང་ཡིན་ལ་གཞི་བདག་ཡང་ཡིན་ནོ། །ཁ་བ་དཀར་པོ་དེ་ཡང་གཞི་བདག་ཡིན་ལ་གནས་རི་ཡང་ཡིན། སྒྲུབ་གནས་ཡིན་ཏེ་སྐུ་གསུམ་གྱི་གནས་ལས་རྫོགས་སྐུ་མ་རྒྱུད་གསང་མཆོག་མཐར་ཐུག་གི་སྒྲུབ་གནས་དང་། རྫོགས་སྐུའི་རྩལ་ལས་རྣམ་པར་སྤྲུལ་པའི་སྐུའི་གནས་ཡང་ཡིན། སྤྲུལ་སྐུ་ལ་བྱེ་བ་ཕྲག་བརྒྱ་ཡོད་པ་ལ་གནས་ལའང་བྱེ་བ་ཕྲག་བརྒྱ་ཡོད་པ་ལས་དཔལ་གསང་བ་འདུས་པའི་སྒྲུབ་གནས་ཡིན། དེ་ཡང་ཕྱི་འདུལ་བ་མདོ་ལྟར་ན་སངས་རྒྱས་སྨན་ལྷའི་གནས་ཡིན་པ་ནི་གོང་དུ་བསྟན་ཟིན་ཏོ། །ནང་གསང་བ་སྔགས་ལྟར་ན་དཔལ་གསང་བ་འདུས་པའི་གནས་ཡིན་ཏེ། དྲན་པ་ནམ་མཁའི་རྣམ་ཐར་ལས། ཁ་བ་དཀར་པོར་ལྷ་སྨན་དབང་དུ་སྡུས༔ གསང་འདུས་གནས་སུ་སྒྲུབ་པའི་རྟགས་ལྡན་མཛོད༔27 ཅེས་སོ། །གསང་བ་ལྟར་ན་དྲན་པ་ཡབ་སྲས་ཀྱི་གནས་ཡིན་ཏེ།གནས་ཆེན་ཁ་བ་དཀར་པོའི་ནང་སྐོར་གནས་ཡིག་ཉི་མའི་འོད་ཟེར་ཞེས་བྱ་བ་ལས། བོན་སྟོན་སྤྲུལ་སྐུ་བློ་ལྡན་སྙིང་པོ་ལས། དྲན་པ་ཁ་བྱང་ལུང་བསྟན་བྱུང་བའི་ནང་། དྲན་པ་ནམ་མཁའ་བྱིན་རླབས་ཞི་བའི་གནས། བྱང་ངོས་ཚེ་དབང་རིག་འཛིན་སྒྲུབ་གནས་ཏེ། ནུབ་ངོས་པདྨ་མཐོང་གྲོལ་ཨོ་རྒྱན་གནས། ལྷོ་ངོས་འོད་ལྡན་འབར་མ་བྱིན་རླབས་ཚལ། ཞིབ་པར་འདོད་ན་ཁ་བྱང་དེ་ལ་གཟིགས།28 ཞེས་གསུངས་སོ། །ཡང་ན་རིག་འཛིན་མཁའ་འགྲོའི་ཚོགས་ཞིང་གི་གནས་རི་ཡིན་ཏེ། ཞང་བོད་ལོ་རྒྱུས་མ་བཅོས་གསེར་ཀྱི་ཡང་ཞུན་ལས། ཆབ་མདོའི་རྫ་ཆུ་དང་རྒྱལ་མོ་རྔུལ་ཆུའི་བར་ཚ་བ་སྒང་དེ་ལ་ཚ་རོང་སྟོད་སྨད་དང་བོན་གྱི་གནས་རི་རོང་བཙན་ཁ་བ་དཀར་པོ་ཞེས་རིག་འཛིན་མཁའ་འགྲོའི་ཚོགས་ཞིང་གི་གནས་རི་ཡིན་པར་གསལ།29 ཡང་གསང་ལྟར་ན་མ་རྒྱུད་གསང་མཆོག་མཐར་ཐུག་གི་གནས་རི་ཡིན་ཏེ། དྲན་པ་ནམ་མཁའི་རྣམ་ཐར་ལས།ཚ་རོང་ཁ་བ་དཀར་པོའི་རི་ལ་བྱོན༔ ཞེས་པ་ནས། གསང་མཆོག་མཐར་ཐུག་རྒྱལ་པོ་གསང་བའི་ལྷ༔ མཐིང་འབྲང་དཀར་སེར་དམར་ལྗང་ཁྲོས་ཞལ་བསྟན༔ ལྷ་དང་གཟའ་བརྒྱད་ཐོད་པ་ཁྲག་བཀང་འཛིན༔ དུར་ཁྲོད་ཆས་ཆེན་བདུད་བརྒྱད་གདན་ལ་འགྱིང་༔ གསང་མཆོག་ལྷ་ཚོགས་སུམ་བརྒྱ་དྲུག་ཅུའི་ཁྲོས༔30 ཞེས་པའི་བར་དུ་གསལ་བར་བསྟན་ཡོད། ཡང་ན། སྐུ་གསུང་ཐུགས་གསུམ་གྱི་བསྟན་པ་ལས་ཐུགས་ཀྱི་བསྟན་པའི་བདག་ཉིད་དྲན་པ་ནམ་མཁའི་གནས་རི་ཡིན། ཞང་བོད་གཏེར་གནས་བརྒྱ་རྩ་ལས་འཆི་མེད་དྲན་པ་ཡབ་སྲས་ཀྱི་བྱིན་གྱིས་བརླབས་པའི་གནས་ཕྱི་ལྟར་ན་དཀོན་མཆོག་གསུམ་དང་། ནང་ལྟར་ན་རྩ་བ་གསུམ། གསང་བ་ལྟར་ན་སྐུ་གསུང་ཐུགས་ཀྱི་ལྷ་སྟེ་དྲན་པ་ཡབ་སྲས་རྣམ་གསུམ་གྱི་གནས། ཡང་གསང་ལྟར་ན་མ་རྒྱུད་གསང་མཆོག་གི་སྒྲུབ་གནས་ཡིན། ཞང་བོད་ཚིག་མཛོད་ཆེན་མོ་ལས། ཁ་བ་དཀར་པོ། མདོ་ཁམས་སྒང་དྲུག་གི་ནང་ཚན་བུ་འབོར་སྒང་གི་ཆར། དེང་ཡུན་ནན་ཞིང་ཆེན། བདེ་ཆེན་རྫོང་ཁོངས་སུ་གནས་པའི་ཡི་དམ་དབལ་གསས་ཀྱི་གནས་རི་དང་དྲན་པ་བེེ་རོ་སོགས་ཀྱི་གཏེར་གནས་དང་སྒྲུབ་གནས།ཞེས་དབལ་གསས་རྔམ་པའི་སྒྲུབ་གནས་ཡིན་པར་བཞེད།31 ཡང་ཉག་སྒོམ་རིན་ཆེན་རྒྱལ་མཚན་གྱིས་བུ་རམ་གླིང་ཆུང་དགོན་དུ་མཛད་པའི་གནས་མཆོག་ཁ་བ་དཀར་པོའི་བསང་མཆོད་ལྟར་ན། ཁ་བ་དཀར་པོ་ནི་རི་དཀར་པོ་ལ་གནས་བདག་དུང་ལྟར་དཀར་བ་ཞིག་གིས་རྟ་དུང་ཁྲབ་ཅན་ལ་ཞོན་པའི་གནས་བདག་ཅིག་ཡིན་པར་བསྟན། འོག་ཏུ་གནས་བཤད་སྐབས་སུ་གསལ་ལོ། །ཡང་ཕྱི་ལྟར་ན་གངས་ཤེལ་གྱི་མཆོད་རྟེན་ལྟ་བུ་གངས་ཏི་སེ་དང་མཉམ་པ། ནང་ལྟར་ན་རྩ་བ་གསུམ་གྱི་ཕོ་བྲང་སྟོང་གསུམ་གྱི་གཏོས་དང་མཉམ་པ། གསང་བ་ལྟར་ན་མ་སྲིང་མཁའ་འགྲོའི་ཚོགས་ཞིང་རྒྱ་ཆེ་ལ་གཏིང་ཟབ་པ། ཡང་ཕྱི་ལྟར་ན་སྐྱབས་གནས་དཀོན་མཆོག་གསུམ་གྱི་ཕོ་བྲང་ངོ་མཚར་རྟགས་དང་ལྡན་པ། ནང་ལྟར་ན་རྩ་གསུམ་ལྷ་ཡི་ཕོ་བྲང་གཞའ་ཚོན་གྱི་འོད་ཟེར་འཕྲོ་བ། གསང་བ་ལྟར་ན་དྲན་པ་ཡབ་སྲས་ཀྱི་ཞིང་སྒྲིབ་མེད་འོད་ཀྱི་ཕོ་བྲང་ཡིན་པར་སོགས་དག་སྣང་ཞིང་སྦྱོང་གི་སྣང་ཚུལ་གསུང་བ་མང་དུ་ཡོད་པ་རྣམས་ཕྱོགས་གཅིག་ཏུ་འགོད་པའི་ནུས་པ་ཕྲ་བས་རེ་ཞིག་བཏང་སྙོམས་སུ་བཞག གངས་ལྟར་ཡང་བོན་གྱི་གནས་རི་ཁ་བ་དཀར་པོ་ནི་མདོ་ཁམས་སྦས་གནས་བརྒྱ་དང་རྩ་བརྒྱད་དང་། བོན་གྱི་གངས་རི་ཉེར་བརྒྱད་ཀྱི་ནང་ཚན་ཡིན།32 མཐའ་གངས་རི་ཤེལ་གྱི་མཆོད་རྟེན་བརྒྱ་ཕྲག་དུ་མས་བསྐོར་བ་ལྟ་བུའི་ས་ཆ་བཙན་ཞིང་བསིལ་ལྡན་གྱི་ཞིང་ཁམས་གྲགས་པའོ། །

ཁ་བ་དཀར་པོ་ངོ་མཚར་བའི་ལུང་གིས་ཟིན་པ་བསྟན་པ།

  ལྔ་པ། དུས་རབས་བཅུ་གཉིས་པའི་གཏེར་སྟོན་རྨ་ཤེས་རབ་སེང་གེའི་གཏེར་མ། རྒྱུང་ཡར་བླ་ཆེན་ཁོད་སྤུངས་གིས་བརྩམས«སྟོད་འདུལ་རྒྱུད་ཀྱི་བསྒྲགས་པ»ལས། ཚ་བ་རོང་དུ་རོང་བཙན་ཁ་བ་དཀར་པོ་ལ། རིག་འཛིན་མཁའ་འགྲོའི་གསང་ཕུག་མང་དུ་ཡོད། སྦས་པའི་ཡུལ་ཡོད།33 རྒྱུང་ཡར་བླ་ཆེན་ཁོད་སྤུངས་ནི་སྤྱི་ལོ་སྔོན་དུ་བྱོན་པའི་བོན་སྟོན་ཆེན་པོ་ཞིག་གོ །དྲན་པ་ནམ་མཁའི་རྣམ་ཐར་ལས། ཚ་རོང་གནས་ཆེན་ཁ་བ་དཀར་པོའི་གཏེར༔ ཞེས་སྔོན་བྱོན་ཞང་བོད་བོན་གཤེན་རིག་འཛིན་རྣམས་ཀྱི་གཏེར་གནས་ཡིན་པར་བསྟན། དགོངས་འདུས་ཨ་དཀར་འོད་ཀྱི་སྒོམ་སྒྲུབ་ཉམས་ལེན་ལས། ཁྱད་པར་ཆེ་བའི་ཀུན་བཟང་དབལ་སྲས་དབལ་གསས་དྲན་པ་ཡུམ་བསྒྲིལ་བསྒྲུབ་པ་ཁྲིད་སྐོར་བཅས། བདེ་གཤེགས་དགོངས་འདུས་ཨ་དཀར་གཅིག་བསྒྲུབ་རྣམས། ཁ་བ་དཀར་པོ་གསང་གཏེར་སྙིང་པོ་ཡོད། མ་འོངས་དུས་ན་ང་ཡིས་བྱིན་རླབས་བུ། སྐལ་ལྡན་གཅིག་དང་གདམས་པ་འདི་སྤྲོད་ཅིག34 ཅེས་སོགས་ལུང་དུ་མ་ལས་བསྟན་པའི་གཏེར་གནས་སོ། །བན་དེ་ཕྱོགས་ནས་བཤད་ན། རོང་བཙན་གངས་ཀྱི་ར་བའི་རྟོགས་བརྗོད་ཅེས་པ་ནི་ཡིག་རྙིང་ནང་དུ་གནས་ཡིག་འོད་གསལ་རྡོ་རྗེའི་ཀློང་སྒྲོལ་ནང་དུ། ཆོས་སྐུ་ཁྱབ་བརྡལ་ཀློང་ཡངས་ལས༔ གྲུབ་མཐའ་ཕྱོགས་འཛིན་མིང་མེད་པས༔ བོན་གྱི་བླ་ཆེན་དྲན་པ་ནམ་མཁའ་དང་༔ ཚེ་དབང་རིག་འཛིན་ལ་སོགས་པ༔ རིག་འཛིན་བརྒྱད་ཅུ་ཞབས་ཀྱི་བཅའ༔ རིག་འཛིན་གསང་བའི་གསས་ཁང་ཡིན༔ བོན་སྐུ་ཀུན་ཏུ་བཟང་པོ་དང་༔ བདེ་གཤེགས་གཙོ་བཞི་སངས་རྒྱས་བཅུ་གསུམ་དང་༔ བསྐལ་པ་བཟང་པོའི་སངས་རྒྱས་སྟོང་༔ བླ་ཆེན་ཡབ་སྲས་སྐུ་རྣམས་གསལ་བར་བཞུགས༔ གསང་བོན་བླ་མེད་གཏེར་གསུམ་ཡོད༔ གོང་བཞིན་བོན་བསྐོར་སུས་བྱེད་ན༔ མ་ཏྲི་མུ་ཡེ་དུང་ཕྱུར་ངེས་པར་འགྱུར༔ཞེས་པའི་བན་བོན་གཉིས་ཀྱི་རྒྱལ་བརྟེན་ལུང་མི་འགྱུར་གཡུང་དྲུང་ལྟ་བུ་བཀོད་འདུག་གོ །

ཐུན་མོང་སྣང་ཚུལ་ཕྱི་ཡི་བཀོད་པ་བསྟན་པ།

  དྲུག་པ། ཐུན་མོང་སྣང་ཚུལ་ཕྱི་ཡི་བཀོད་པ་ལ། གནས་མཆོག་ཁ་བ་དཀར་པོའི་བསང་མཆོད་ལས། ཀྱཻ་འཛམ་གླིང་གནས་མཆོག་སྦས་ཡུལ་ཚ་བ་རོང་། །རྒྱ་ཞི་གངས་རི་མེ་ཏོག་བཀྲ་གསལ་གླིང་། །ཙན་ལྡན་ནག་ཁྲོད་གཞའ་འོད་གཡུ་འབྲུག་ལྡིར། །སྟག་སེང་གཅན་ཟན་རི་དྭགས་རྒྱུག་འདྲ་ཞིང་། །བྱ་རིགས་གསུང་སྙན་འཕུར་ལྡིང་འཇོམ་པའི་ས། ཞེས་ཕྱི་འཇིག་རྟེན་གྱི་མཐུན་སྣང་ལྟར་དུ་ཁ་བ་དཀར་པོ་དེ་ནི་འཛམ་བུ་གླིང་གི་གནས་མཆོག་ན་སྦས་ཡུལ་ཚ་བ་རོང་ན་ཡོད་པ་དང་། མཛོ་སྒང་ཚ་བ་སྒང་གི་ལྟེ་བར་བསིལ་ཞིང་ཡངས་པའི་གཙང་ཆབ་ཆུ་བོ་ཡན་ལག་བརྒྱད་ལྡན་ཟླ་ཆུ་དལ་ལ་གཡས་སུ་འབབ། རྒྱལ་མོ་རྔུལ་ཆུ་གཡོན་དུ་འབབ། འོད་ཆུ་སྔོན་པོ་རྒྱབ་ཏུ་འབབ་པའི་ཆུ་གསུམ་འབར་བའི་སྟེང་དུ་ས་ཞིང་བཟང་པོ་ལ་འབྲུ་སྣ་ཚོགས་སྐྱེས་པའི་ཞིང་ས་བཟང་པོ་ཞིག་ཆགས་སོ། །རྒྱ་ཞི་ཞེས་པའི་དོན་གང་ཡིན་མ་གསལ་ཡང་། ཕལ་ཆེར་ཞང་སྐད་ཡིན་པར་འདྲ། ལྷ་གནས་ལ་གོ་བ་འདྲ། ལྷ་གནས་དང་འདྲ་བའི་ཡུལ་ལྗོངས་དེའི་སྟེང་ལ་ཆགས་པའི་ཁ་བ་དཀར་པོའི་གནས་རིའི་རི་རྩེ་ནི་གངས་རྒྱལ་ཏི་སེ་ལྟ་བུ་དུས་བཞིར་ཞུ་བ་མེད་པའི་གངས་ཀྱིས་བརྒྱན་པའི་རི་བོ་ཡིན་པ་དང་། རི་སྐེད་དང་རི་འདབས་ལ་མེ་ཏོག་བཀྲ་ཞིང་འོད་གསལ་བའི་གླིང་ཡོད་པ། རིའི་ཕྱོགས་མཚམས་སུ་ཚང་ཚིང་ནགས་ཀློང་ངམ་ནག་ཁྲོད་ཀྱིས་མཐའ་ནས་བསྐོར་ཡོད་པ། དུས་བཟང་སྐར་བཟང་ལ་གཞའ་འོད་དམ་འཇའ་ཚོན་ཤར་བ་དང་། ཆུའི་ནང་དུ་སྔོན་ཚེར་གཡུ་འབྲུག་ངར་མ་ལྡིར་བ། ནགས་ཚལ་སྟུག་པོའི་ནང་དུ་སྟག་དང་སེང་གེ་སོགས་གཅན་ཟན་རྒྱལ་པོ་ལ་སོགས་མ་ཚང་བ་མེད་པ། གནས་རིའི་དེ་ལ་སྨན་རིགས་སྣ་ཚོགས་དང་། འཁྲི་ཤིང་དང་མེ་ཏོག། རྩི་ཤིང་དང་ཤིང་ཏོག་སྣ་ཚོགས་ཡོད་པ། ནགས་ཀླུང་ནང་དུ་གཅན་ཟན་རིགས། རི་དྭགས་རིགས། གཡུང་དྭགས་རིགས་སོགས་ཡོད་པ། འཁྲི་ཤིང་གི་རྩེ་ལ་བྱ་རིགས་རྣམས་ཀྱི་གསུང་སྙན་སྒྲོག་ཅིང་འཕུར་ལྡིང་བྱེད་པ། རི་སྐེད་ལ་ཆུ་འཛིན་དཀར་པོའི་ན་བཟའ་བཀླུབས་པ། རི་རྩེ་ལ་ཉི་ཟླ་སྐར་གསུམ་གྱི་འཇའ་ཚོན་བཀྲ་བ། གནམ་ནི་འཁོར་ལོ་འདྲ་བ། ས་ནི་པདྨ་ལྟ་བུ། ལོགས་ན་བཀྲ་ཤིས་རྟགས་བརྒྱད་ཀྱི་མཚོན་པ་སོགས་ཉམས་དགའ་ལ་བཀྲ་ཤིས་པའི་རྣམ་པས་མཛེས་ཤིང་ཡུལ་གྱི་དགེ་བཅུའི་ཡོན་ཏན་ཡོངས་སུ་རྫོགས་པའི་སྤྱོད་ཡུལ་གྱི་གནས་འདི་ལ་རོང་བཙན་ཁ་བ་དཀར་པོ་ཞེས་འབོད།

ཐུན་མིན་ནང་གི་མཐོང་སྣང་བཀོད་པ་བསྟན་པ།

  བདུན་པ། ཐུན་མིན་ནང་གི་མཐོང་སྣང་བཀོད་པ་བསྟན་པ་ནི། སྤྱིར་གནས་རི་ཐམས་ཅད་ནི་བོན་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཀ་དག་གདོད་མའི་ཀུན་བཟང་གྱི་ངང་ལས་གཡོས་མེད་རྩལ་ནས་གང་འདུལ་རྣམ་པར་སྤྲུལ་ཏེ་རང་བཞིན་གྲུབ་པའི་ཆ་ནས་གནས་རི་ཞེས་ངོས་འཛིན་པ་དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པའི་གང་ཟག་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ངོས་ནས་མཐོང་སྣང་མི་འདྲ་བ་སྣ་ཚོགས་ཡོད། གནས་མཆོག་ཁ་བ་དཀར་པོའི་བསང་མཆོད་ལས། རིག་འཛིན་མཁའ་འགྲོ་དཔའ་བོ་འདུས་པའི་གནས། །ཞེས་སྣང་བ་དག་པ་རབས་འབྱམས་འབའ་ཞིག་ལ་གནས་པ་རྣམས་ཀྱི་སྤྱོད་ཡུལ་དུ། བདག་ཏུ་མ་བཟུང་བའི་རོང་བཙན་ཁ་བ་དཀར་པོའི་གནས་རི་འདིའི་རྩེ་མོ་ན་བླ་མ་ཡི་དམ་མཁའ་འགྲོ་བཅས་རྩ་བ་གསུམ་གྱི་ལྷ་རྣམས་གནས་པ། རི་རྐེད་ན་ཞི་བ་དང་ཁྲོ་བོ། དཔའ་བོ་དང་དཔའ་མོ། མ་དང་མཁའ་འགྲོའི་ལྷ་ཚོགས་བཞུགས་པ། གནས་རིའི་རྩ་བ་ན་དམ་ཅན་སྲུང་མ་འདུས་ཤིང་གནས་པ། སྒྲུབ་ཕུག་རྣམས་སུ་ས་བཅུ་ལ་གནས་པའི་གཡུང་དྲུང་སེམས་དཔའ་དང་རིག་འཛིན་གོང་མ། བོན་གཤེན་སོགས་བཞུགས་པ། གནས་འདི་ནི་གྲོང་ལས་རྒྱང་གྲགས་སུ་འཕགས་པ་སོགས་ཡོན་ཏན་ཚང་བ། ཤར་གཞོལ་ལ། བྱང་འདེན་པ། ནུབ་སྐྱོར་ལ། ལྷོ་སྤུངས་པ་དང༌། མཐའ་ནས་འབབ་པའི་ཆུ་བོའི་རྒྱུན་དང་མདུན་དུ་མེ་ཏོག་སྣ་ཚོགས་པའི་ཐང་ཆགས་པ། དཔའ་བོ་མཁའ་འགྲོ་འདུ་ཞིང་གྲུབ་ཐོབ་གོང་མས་ཞབས་ཀྱིས་བཅག་པ་སོགས་གསང་སྔགས་ནས་བཤད་པའི་སྒྲུབ་གནས་ཀྱི་མཚན་ཉིད་ཚང་བའོ། །


འཕགས་པའི་གསང་སྣང་མཐོང་ཚུལ་བཀོད་པ་བསྟན་པ།

  བརྒྱད་པ། འཕགས་པའི་སྣང་ངོར་ཇི་ལྟར་ཤར་བ་ནི། གནས་མཆོག་ཁ་བ་དཀར་པོའི་བསང་མཆོད་ལས། ཤེལ་གུར་དུར་ཁྲོད་གཞལ་ཡས་ཕོ་བྲང་ནས། །རི་དབང་དུང་མི་དུང་རྟ་དུང་ཁྲབ་ཅན། །གསེར་གྱི་གར་རྨོག་དར་དཀར་ལྡེམ་འབྲུ་ཅན། །ཕྱག་གཡས་གདུང་དར་བཙན་དམག་ལས་ལ་འགྱེད། །གཡོན་པས་ཡིད་བཞིན་ནོར་བུའི་བསམ་དོན་འགྲུབས། །སྟག་རལ་གཟིག་ཤུབ་དཔའ་བརྗིད་དབང་གི་ཚུལ། །ལྷ་ཡི་དམག་ཚོགས་འབུམ་སྡེ་འཁོར་དང་བཅས། །ཞེས་གསང་བའི་འཕགས་ཆེན་རྣམས་ཀྱི་གཟིགས་ངོར་ཁ་བ་དཀར་པོའི་གནས་རིའི་རྟེན་གཙོ་རི་བོ་ནི་ལྷ་ཡི་གཞལ་ཡས་ཁང་ཤེལ་གྱི་གུར་ཁང་དང་། ཕྱོགས་མཚམས་ན་ཞང་ཞུང་དུར་ཁྲོད་བརྒྱད་ཀྱི་ཚབ་ཏུ་དུར་ཁྲོད་ཡོད། ཕྱི་ནང་གསང་གསུམ་གྱི་ལྷ་ཚོགས་བཞུགས་གནས་གཞལ་ཡས་ཁང་དང་ལྷ་ཡི་ཕོ་བྲང་གི་རྣམ་པར་བཀྲ་བ། དེ་ལྟ་བུ་རྟེན་ལ་གནས་ལ་བསྟེན་པའི་ལྷ་ལ། ཕྱི་ནང་གསང་གསུམ་གྱི་ཡི་དམ་ལྷ་ཚོགས་དང་། ཁྱད་པར་དུ། རི་དབང་ངམ་དབུས་ཀྱི་གངས་རི་དུང་མདོག་ལྟ་བུ་ལ། མི་དཀར་རྟ་དཀར་དུང་གི་མདོག་ཅན། སྐུ་ལ་དུང་ཁྲབ་གསོལ་བ་ཅན། གསེར་གྱི་གར། དངུལ་གྱི་རྨོག ལྕགས་ཀྱི་ཁྲབ། དར་དཀར་གྱི་ལྡེམ་འཕྲུ་ཅན། །ཕྱག་གཡས་ན་མདུང་དར་ཕྱར་ཞིང་བཙན་གྱི་དམག་ཚོགས་ལས་ལ་འགྱེད་པ། གཡོན་པས་ཡིད་བཞིན་གྱི་ནོར་བུ་འཆང་བས་འགྲོ་ལ་དགོས་འདོད་ཆར་བཞིན་འབེབས་པ། བསམ་པའི་དོན་ཐམས་ཅད་འབད་མེད་ལྷུན་འགྲུབ་མཛད་པ། སྟག་རལ་གཟིག་ཤུབ་བཅས་དཔའ་བརྗིད་དབང་གི་ཚུལ་དུ་བཞུགས་པའི་སྐྱེས་བུ་ལྷ་དབང་ཚུལ་དུ་བཞུགས་པའི་འཁོར་ལ། ལྷ་ཡི་དམག་ཚོགས་བྱེ་བ་འབུམ་སྡེ་འཁོར་དང་བཅས་པ་གསལ་བ་གནས་པར་མཐོང་བ། དེ་ལས་གཞན་པའི་རང་བྱུང་གི་བྲག་རིའི་ཕུག་པ་དང་བྱ་སྐྱིབས་རྣམས་སུ་སྙིགས་དུས་འགྲོ་བའི་མགོན་པོ་ཁོད་སྤུངས་དྲན་པ་ནམ་མཁའ་དང་ཡུམ་ཆེན་ཀྱེ་མ་འོད་མཚོ། འགྲོ་མགོན་ཚེ་དབང་རིག་འཛིན་ལ་སོགས་རིག་འཛིན་དཔའ་བོ་དང་དཔའ་མོ་མཁའ་འགྲོ་དུ་མ་གནས་པ། ཁྱད་པར་དུ་རྒྱལ་བའི་ཐུགས་ཀྱི་བསྟན་པའི་གཉེར་དཔོན་འཆི་མེད་རྒྱལ་བའི་དབང་པོ་བླ་ཆེན་དྲན་པ་ནམ་མཁའ་དུས་བཟང་པོ་རྣམས་སུ་ཡེ་ཤེས་ཀྱི་གར་གྱིས་ཕེབས་ཏེ། ཕྱི་ནང་གསང་བ་ཡང་གསང་བཅས་བོན་འཁོར་བསྐོར་བ་དང་། དད་པ་ཅན་བྱིན་གྱིས་བརླབས་ཤིང་སྐལ་ལྡན་རྣམས་ལ་དངོས་གྲུབ་ཅིར་ཡང་སྟེར་བ། གནས་དེར་བསྙེན་བསྒྲུབ་བྱས་པ་རྣམས་ཉམས་དང་རྟོགས་པ་གོང་དུ་འཕེལ་ཞིང་རང་བྱུང་ཀུན་ཏུ་བཟང་པོ་མངོན་སུམ་རྟོགས་པ་སོགས་ཀྱི་ཡོན་ཏན་དུ་མ་མངའ་བའི་གནས་ཕུན་སུམ་ཚོགས་པ་ཡིན་པ་བསྟན་ཏོ། །

ཁ་བ་དཀར་པོའི་གནས་ལ་བྱིན་གྱིས་བརླབས་ཚུལ་བསྟན་པ།

  དགུ་པ། གནས་མཆོག་ཁ་བ་དཀར་པོའི་བསང་མཆོད་ལས། ཡང་འཁོར་ཕོ་ཉ་ཡུལ་ས་ལྕམ་དྲལ་བཅས། །འཁོར་གཡོག་སྤྲུལ་པར་བཅས་པའི་ཚོགས་རྣམས་ཀྱིས། །སྔོན་ཚེ་རིག་འཛིན་རྣམསཀྱི་སྤྱན་སྔར་རུ། །ཁས་བླངས་དམ་བཅས་ཅི་བཞིན་མ་འདའ་བར། །ཞེས་པའི་སྐབས་སུ་བསྟན་བྱའི་གཙོ་བོ་ནི། ཁ་བ་དཀར་པོ་ལ་གནས་པའི་མཆོག་གསུམ་རྩ་གསུམ་ཡི་དམ་ཕྱི་ནང་གསང་གསུམ་ལྷ་ཚོགས། དྲན་པ་ཡང་སྲས་ལ་སོགས་རིག་འཛིན་བོན་གཤེན་གྲུབ་ཐོབ་གཏེར་སྟོན་ལ་སོགས་འབྱུང་བ་ལ་རང་དབང་ཐོབ་པའི་སྐྱས་བུ་དམ་པ་རྣམས་དང་། གནས་དེ་ལ་གནས་པའི་གནས་བདག་དང་གཏེར་བདག། ལྷ་སྲིན་སྡེ་བརྒྱད། གཏེར་སྲུང་སྲིད་པ་རྒྱལ་མོ་དང་། བཀའ་སྐྱོང་སྲུང་མ་སྤྲུལ་པ་འཁོར་དང་བཅས་པ་དང་། ཡང་སྡེ་བརྒྱད་དཔལ་མགོན་སོགས་ཡང་འཁོར་ཕོ་ཉ་ཡུལ་ས་གཞི་བདག་ལྕམ་དྲལ་འཁོར་དང་བཅས་པ་དང་། ཡང་གནས་རིའི་འཁོར་ལ་གནས་པའི་ལྷ་ཀླུ་གཉན་དང་བཙན་རིགས་འཁོར་གཡོག་སྤྲུལ་པར་བཅས་པའི་ཚོགས་རྣམས་ཀྱིས། སྔོན་ཚེ་རིག་འཛིན་རྣམས་ཀྱི་སྤྱན་སྔར་རུ། ཁས་བླངས་དམ་བཅའ་བ་ཅི་བཞིན་དུ་གནས་ཞིང་། ཁྱོད་རྣམས་ལ་འཕྲིན་ལས་བཅོལ་བར་བཞིན་དུ་མ་འདའ་མ་གཡེལ་བའི་སྒོ་ནས་འཕྲིན་ལས་འགྲུབ་པར་མཛོད་ཅིག་ཅེས་འཕྲིན་ལས་བཅོལ་བའི་གཡུང་དྲུང་ལྟ་བུ་ཚིག་ལ་བརྟེན་ནས་བྱིན་གྱིས་བརླབས་ཚུལ་བསྟན་ན། གནས་འདི་ཐོག་མ་དབྱིངས་ན་བཞུགས་པའི་སྐུ་གསུམ་སངས་རྒྱས་དང་མ་རྒྱུད་གསང་མཆོག་རྒྱལ་པོ་སོགས་རང་བྱུང་ལྷུན་གྱིས་གྲུབ་པའི་དགོངས་པའི་ངང་ནས་སྲིད་གསུམ་འདུས་གནས་ཀུན་ལ་བྱིན་གྱིས་བརླབས་པར་མཛད། བར་དུ་བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་འགྲོ་བ་འདུལ་བའི་མཛད་པའི་སྐབས། སྐུ་ཡི་གནས་ཉི་ཤུ་རྩ་ལྔ་ལས་འོད་ཟེར་འབུམ་ཕྲག་གྲངས་མེད་ཕྱོགས་བཅུའི་སྟོང་གསུམ་འཇིག་རྟེན་ཁམས་ལ་སྤྲོས་ཏེ་བྱིན་གྱིས་བརླབས་པར་མཛད། དེ་ནས་དཔལ་གསང་བ་འདུས་པ་ལ་སོགས་གྲུབ་ཆེན་གོང་མ་ཆེ་དྲུག་སོགས་ཀྱིས་བྱིན་གྱིས་བརླབས། དེ་ནས་བླ་ཆེན་དྲན་པ་ནམ་མཁའ་དང་འགྲོ་མགོན་ཚེ་དབང་རིག་འཛིན་སོགས་རིག་འཛིན་བོན་གཤེན་རྣམས་ཀྱིས་བྱིན་གྱིས་བརླབས། དེ་རྗེས་སངས་རྒྱས་གླིང་པ་དང་གཏེར་གཉིས་གསང་སྔགས་གླིང་པ་སོགས་ཀྱིས་བྱིན་གྱིས་བརླབས་ཚུལ་ནི་འོག་ཏུ་གཏེར་སྟོན་རྣམས་ཀྱིས་གནས་སྒོ་ཕྱེས་ཚུལ་བསྟན་པའི་སྐབས་ནས་གསལ་ལོ། །

ཁ་བ་དཀར་པོའི་གནས་སྒོ་ཇི་ལྟར་ཕྱེས་ཚུལ་བསྟན་པ།

  བཅུ་པ། ཁ་བ་དཀར་པོའི་གནས་སྒོ་ཇི་ལྟར་ཕྱེས་ཚུལ་ནི། གནས་མཆོག་ཁ་བ་དཀར་པོའི་བསང་མཆོད་ལས། ད་ལྟ་སྒྲུབ་གཤེན་དམ་ལྡན་ངས་མཆོད་ཀྱིས། །བསྟན་པ་སྲུང་ཕྱིར་བསང་བརྔན་མཆོད་པར་བཞེས། །ཞེས་ཁ་བ་དཀར་པོ་གནས་སྒོ་ཐོག་མ་འབྱེད་མཁན་སུ་ཡིན་ཞེས་ཁ་ཚོད་ཆོད་དཀའ་ཡང་། བོད་རྒྱལ་གྲི་གུམ་བཙན་པོ་དང་། ཁྲི་སྲོང་ལྡེའུ་བཙན་གཉིས་ཀྱིས་སྔ་ཕྱི་བོན་བསྣུབས་པའི་དུས་ཚིགས་གཉིས་ཀྱི་རིང་ལ་བླ་ཆེན་དྲན་པ་ནམ་མཁའ་སོགས་བོན་གཤེན་མང་པོ་རོང་བཙན་ཁ་བ་དཀར་པོར་ཕེབས་ནས་གཏེར་སྦས་པའི་ལོ་རྒྱུས་ཡོད། གཏེར་སྦས་པའི་སྐབས་སུ་གནས་སྒོ་འབྱེད་ཡོད་པ་ནི་སྨྲོས་མེད་རེད། དྲན་པ་ནམ་མཁའི་རྣམ་ཐར་ལྟར་ན། འགྲོ་མགོན་ཚེ་དབང་རིག་འཛིན་ཤར་རྨ་རྒྱལ་ཕྱོགས་ནས་རྒྱལ་རོང་དམུ་རྡོ་ལྷ་གཉན་ལ་ཕེབས། སྦས་པའི་གནས་རི་དྲུག་ཅུ་རྩ་བཞིར་འགྲིམ། དེ་ནས་བཞག་བྲག་གནས་སུ་ཕེབས། གསང་སྤྱོད་བོན་གྱི་བསྟན་པའི་སྲུང་མར་སྐོས། དེ་ནས་ཁ་བ་དཀར་པོར་ཕེབས་ནས་ལྷ་སྨན་དབང་དུ་སྡུས། གསང་འདུས་གནས་སུ་སྒྲུབ་པའི་རྟགས་ལྡན་མཛོད་པ་སོགས་ཀྱི་རྣམ་ཐར་བཀོད་པ་ལྟར་ན།35 ཚེ་དབང་རིག་འཛིན་གྱི་གནས་སྒོ་འབྱེད་པ་བསྟན་ཡོད། དེ་ནས་གསང་བདག་དྲན་པ་ནམ་མཁའ་ཉིད་ཤོད་ཆེན་རྣམས་ཀྱི་འགྲོ་དོན་འགྲུབ་ནས་ཁ་བ་དཀར་པོར་མ་རྒྱུད་གསང་མཆོག་རྒྱལ་པོ་སྐུར་སྤྲུལ་ནས་མ་རྒྱུད་ཀྱི་གནས་རིར་མངའ་གསོལ་བར་མཛད་དོ། །36 ལོ་རྒྱུས་རྒྱས་པ་འོག་ཏུ་གསལ་ལོ། །

སྡེ་ཚན་བཞི་པ། ཁ་བ་དཀར་པོར་བོན་གཤེན་རིག་འཛིན་སྐོར་བྱོན་ཚུལ་བསྟན་པ།

  གནས་མཆོག་ཁ་བ་དཀར་པོའི་གནས་རི་འདིར་ཞང་བོད་སྔ་རབས་བོན་གྱི་མཁས་པ་དང་གྲུབ་ཐོབ་རྣམས་བྱོན་ནས་རྗེས་བཞག་མཛད་པའི་སྐོར་བསྟན་པ་ལ་བཅུ་སྟེ། ཁ་བ་དཀར་པོར་དྲན་པ་ནམ་མཁས་རྗེས་བཞག་སྐོར་བསྟན་པ། ཁ་བ་དཀར་པོར་བཻ་རོ་དང་དྲན་པ་གཉིས་ཀྱིས་རྗེས་བཞག་སྐོར་བསྟན་པ། ཁ་བ་དཀར་པོར་བཻ་རོས་ཨ་དཀར་དགོངས་འདུས་ཉམས་ལེན་གྱི་རྗེས་བཞག་སྐོར་བསྟན་པ། ཁ་བ་དཀར་པོར་ཁྱུང་པོ་གཏེར་སྟོན་བཀྲ་ཤིས་རྒྱལ་མཚན་གྱི་རྗེས་བཞག་སྐོར་བསྟན་པ། ཁ་བ་དཀར་པོར་ཉག་སྒོམ་རིན་ཆེན་རྒྱལ་མཚན་བསང་ཡིག་མཛད་པའི་སྐོར་བསྟན་པ། ཁ་བ་དཀར་པོར་གྲུབ་ཐོབ་བསྟན་པ་རྒྱལ་མཚན་བསྙེན་མཚམས་བྱས་པའི་སྐོར་བསྟན་པ། ཁ་བ་དཀར་པོར་སངས་རྒྱས་གླིང་པའི་རྗེས་བཞག་སྐོར་བསྟན་པ། ཁ་བ་དཀར་པོར་རྣལ་འབྱོར་བཟོད་པ་རྒྱལ་མཚན་བསྙེན་མཚམས་བྱས་པའི་སྐོར་བསྟན་པ། ཁ་བ་དཀར་པོར་གསང་སྔགས་གླིང་པས་ཟབ་གཏེར་བཞེས་པའི་སྐོར་བསྟན་པ། ཁ་བ་དཀར་པོར་ཌཱཀྐི་མཁའ་སྤྱོད་དབང་མོས་གཏེར་བྱང་བཞེས་པའི་སྐོར་བསྟན་པ་དང་བཅུའོ། །ཁ་བ་དཀར་པོར་དྲན་པ་ནམ་མཁའི་རྗེས་བཞག་སྐོར་བསྟན་པ།

402b9105123c7ed27b17f654df5c81f

བླ་ཆེན་དྲན་པ་ནམ་མཁའ།

  དང་པོ། གསང་ཆེན་བདག་ཉིད་ཆེན་པོ་དྲན་པ་ནམ་མཁས་བོན་བསྟན་དར་སྤེལ་གྱི་ཆེད་དུ་མདོ་དབུས་ཁམས་གསུམ་དང་བོད་ཡུལ་ཤོད་ཆེན་འགྲོ་དོན་མཐར་ཕྱིན་རྗེས་སུ། དེ་ནས་གསང་བདག་དྲན་པ་ནམ་མཁའ་ཉིད་འཇའ་ཚོན་འབར་བའི་ལམ་ལ་གཤེགས་ནས་ཚ་རོང་ཁ་བ་དཀར་པོའི་རི་ལ་བྱོན། བདེ་ཆེན་གསང་བའི་བྲག་ཕུག་ནང་དུ་བཞུགས། ཐུགས་ཉིད་མི་གཡོ་གསང་བའི་དགོངས་པའི་ངང་ལ་གནས། ཁམས་གསུམ་དབང་དུ་བསྡུད་ཅིང་སྲིད་ཁམས་ཟིལ་གྱིས་གནོན། སྡེ་བརྒྱད་དབང་དུ་སྡུད་པའི་ཐུགས་རྗེ་མཛད། ཐུགས་ཀ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། སྣང་སྲིད་ཀྱི་ཁམས་ཐམས་ཅད་ཁྱབ་པའི་མདངས་འོད་འབར། དེ་ཚེ་ཁ་བ་དཀར་པོ་ལ་གནས་པའི་གནས་བདག་ལྷ་སྲིན་སྡེ་བརྒྱད་སོགས་ཀླུ་གཉན་ས་བདག་ཐམས་ཅད་ཀྱིས་གནོད་སེམས་འཆང་ནས་མཐུ་སྟོབས་ཤུགས་ཕྱུང་། མི་མཐུན་ལོག་པའི་ཆོ་འཕྲུལ་སྣ་ཚོགས་བསྟན། དྲག་པོའི་འབྲུག་སྒྲོག་པ་དང་། གློག་འཁྱུག་པ། ཐོག་དམར་འཕེན་པ། སེར་བ་འབེབས་པ། དྲག་ཆར་འབབ་པ། བདུད་དང་སྲིན་པོ། མ་མོ་དང་ལྷ་འདྲེ་སོགས་ཀྱིས་ནད་ཡམས་བཏང་བ་དང་། རྐྱེན་ངན་བཏང་བ། དམག་དཔུང་གཡོས་པ་སོགས་གདུག་སེམས་འབར་བས་བར་ཆད་གྲངས་མེད་བསྟན། དེ་ཚེ་འཆི་མེད་དྲན་པ་ནམ་མཁས་སྐད་ཅིག་མདུན་གྱི་ནམ་མཁའ་ཡངས་པའི་ཀློང་དུ། མེ་རླུང་སྤྲིན་དམར་འཁྱིལ་པའི་ནང་དུ། གཞན་གྱིས་མི་ཐུབ་ཁྲོ་རྒྱལ་འཇིགས་རྔམས་ཅན། གསང་མཆོག་མཐར་ཐུག་རྒྱལ་པོ་གསང་བའི་ལྷ་སྐུ་མདོག་མཐིང་འབྲང་དཀར་སེར་དམར་ལྗང་ཁྲོས་ཞལ་ཅན་གྱི་རྣམ་པར་བསྟན། ལྷ་བརྒྱད་དང་གཟའ་བརྒྱད་སོགས་སྡེ་བརྒྱད་ཀྱི་ཐོད་པ་ཁྲག་བཀང་འཛིན། སྐུ་ལ་དུར་ཁྲོད་ཆས་ཆེན་བརྒྱད་དང་ལྡན་ཞིང་བདུད་བརྒྱད་ཀྱི་གདན་ལ་འགྱིང་། མ་རྒྱུད་གསང་མཆོག་མཁའ་འགྱིང་རྒྱལ་པོའི་ལྷ་ཚོགས་སུམ་བརྒྱ་དྲུག་ཅུ་ཁྲོས་པའི་རྣམ་པར་སྤྲུལ། བགེགས་རིགས་ལོག་འདྲེན་གྱི་སྡེ་ཚོགས་བདུད་སྲིན་ཐམས་ཅད་ཉེ་བར་མི་ནུས་ཤིང་། མཐུ་རྩལ་སྟོབས་ཤུགས་ཆེར་བསྟན་པས་སྡེ་བརྒྱད་ཀྱི་སྲོག་དབུགས་བསྡུས། ཆོ་འཕྲུལ་སྣ་ཚོགས་བསྟན་པས་སྡེ་བརྒྱད་ཚོགས་བཅས་སྐད་ཅིག་འདའ་མེད་དུ་དབང་དུ་བསྡུས་ཤིང་ཟིལ་གྱིས་གནོན་པར་བྱས། དྲག་པོའི་རྩལ་གྱིས་གཟིར་ཏེ་བསྔངས་བར་གྱུར། དེའི་ཚེ་ཁ་བ་དཀར་པོའི་གནས་བདག་བདུད་སྲིན་མ་མོའི་ཚོགས་ཐམས་ཅད་མ་རྒྱུད་གསང་མཆོག་རྒྱལ་པའི་མདུན་དུ་དབང་མེད་འདུས་ནས་གུས་པའི་སྒོ་ནས་སྔར་བྱས་ལས་ཉེས་ལ་འགྱོད་བཤགས་དང་། ཕྱི་ཆད་མི་བྱས་པའི་དམ་བཅའ་བཞག་ནས་གནས་རི་དེ་ལ་གནས་པའི་ཀླུ་གཉན་ས་བདག་དང་སྡེ་བརྒྱད་དྲེགས་ཚོགས་རྣམས་ཀྱིས་རང་རང་གི་སྲོག་སྙིང་ཕུལ། གསང་མཆོག་རྒྱལ་པོའི་ཐུགས་རྗེའི་ཤུགས་ལ་བསྟེན་ནས་སྡེ་བརྒྱད་དྲེགས་ཚོགས་ཐམས་ཅད་ལུས་སེམས་ལྷ་རུ་བསྒྱུར་ནས་ལོག་འདྲེན་གཞོམ།དེ་ཕྱིར་གནས་ཀྱི་སྲུང་མར་བསྐོས། བསྟན་པའི་ཕྲིན་ལས་བཅོལ། དེའི་སྐབས་སུ་ཁ་བ་གངས་སྨན་ལྕམ་མོ་ཟླ་འོད་མ། དཀར་མོ་མཛེས་མ་རིན་པོ་ཆེའི་ཕྲེང་བས་བརྒྱན་ཞིང་། ཕྱག་ན་གསེར་བུམ་བདུད་རྩི་བཅུད་ལྡན་ནོར་བུ་ཐོགས། གངས་རྟ་དཀར་མོ་ཞོན་ནས་མདུན་དུ་ཕྱིན། དྲན་པ་ནམ་མཁས་གསང་སྔགས་ཀྱི་གྲོགས་སུ་བཞེས་ཏེ་རིན་ཆེན་གསང་ཕུག་ལ་བྱོན། ཟབ་པའི་གདམས་པ་ཀུན་བསྟན་ནས་གསང་སྔགས་བོན་ལ་སྤྱོད། ལྕམ་མོ་ཟླ་འོད་མ་གྲུབ་པའི་རྟགས་མཚན་རྫོགས་ནས་གསང་སེམས་རྟོགས། སྒྲུབ་གནས་གསང་ཕུག་ཚོགས་དཔོན་ཚོགས་བདག་མཛད། གསང་སྔགས་དོན་རྣམས་མ་ལུས་མངོན་དུ་གྱུར་ཏོ། །དེ་དག་ནི་དྲན་པ་ནམ་མཁའི་རྣམ་ཐར་ལས་གསལ་ལོ། །37

ཁ་བ་དཀར་པོར་བཻ་རོ་དང་དྲན་པ་གཉིས་ཀྱི་རྗེས་བཞག་སྐོར་བསྟན་པ།

  གཉིས་པ། ཁ་བ་དཀར་པོར་བཻ་རོ་དང་དྲན་པ་གཉིས་ཀྱི་རྗེས་བཞག་སྐོར་ནི། དྲན་པ་ནམ་མཁའི་རྣམ་ཐར་ལྟར་ན། བོན་ཆེན་བཻ་རོ་ཙ་ན་དང་དྲན་པ་ནམ་མཁའ་གཉིས་སྒམ་བོ་གངས་རིའི་གནས་ལ་སོགས་ལ་གཏེར་སྦས་ཚར་རྗེས་སུ། སྒམ་པོ་གངས་རི་ནས་རོང་བཙན་ཁ་བ་དཀར་པོར་བྱོན། རོང་བཙན་ཁ་བ་དཀར་པོའི་གངས་རི་ནོར་བུ་སྤུངས་འདྲའི་བརྗིད་ལྡན་ལ་གསང་བའི་བྲག་ཕུག་གླེགས་བམ་བརྩེགས་འདྲའི་ནང་དུ། རིག་འཛིན་མཁའ་འགྲོའི་ཚོགས་ཀྱི་ཐམས་གཅིག་ཏུ་འདུ་བ་མཛད། གནས་རི་དེ་ལ་གསང་རྒྱུད་བདེ་གཤེགས་འདུས་བ་སྤྱི་སྤུངས་ལ་སོགས་པའི་བོན་གསང་བའི་གཏེར་ཀ་ཆ་གཅིག་གཏེར་དུ་སྦས། གཏེར་དེ་མི་འཆོལ་བའི་ཕྱིར་གཡུང་དྲུང་རྒྱ་གྲམ་རྒྱ་ཡིས་བཏབ། གཏེར་སྲུང་ནི་དཔལ་གྱི་ལྷ་མོར་བཅོལ་ཏེ་སྲུང་། མ་འོངས་པ་ན་ལས་འཕྲོ་སྐལ་བ་དང་ལྡན་པ་ཅན་དང་འཕྲད་པའི་སྨོན་ལམ་བཏབ། དེ་ནས་གཏེར་གྱི་བསྟན་པ་དར་ཞིང་རྒྱས་ལ། ཕྱོགས་ཀུན་ཏུ་ཁྱབ་པར་འབྱུང་བའི་ལུང་ཡང་བསྟན།38

9b15a4a8c70177eba58a04cc5ea52b3

བཻ་རོ་ཙ་ན།
ཁ་བ་དཀར་པོར་བཻ་རོའི་ཨ་དཀར་དགོངས་འདུས་ཉམས་ལེན་གྱི་རྗེས་བཞག་སྐོར་བསྟན་པ།

  གསུམ་པ། དགོངས་འདུས་ཨ་དཀར་འོད་ཀྱི་སྒོམ་སྒྲུབ་ཉམས་ལེན་ལས། བདག་འདྲ་བཻ་རོ་ཙ་ན་ཡིས། ཁ་བ་དཀར་པོའི་མདུན་ཞོལ་གྱི། གངས་ས་ཆུ་འབབ་སྐྱིལ་ཕུག་ཏུ། གསོལ་བ་གྱེར་སྤུངས་རྗེ་ལ་བཏབ། ཉམས་ལེན་ཨ་དགར་དགོངས་འདུས་བྱས། ལན་གཅིག་དགོངས་པའི་ཉམས་སྣང་ལ། སྣང་བ་འདི་དག་གདོད་ནས་མེད།39 ཅེས་རོང་བཙན་ཁ་བ་དཀར་པོ་ལ་བཻ་རོ་ཙ་ནས་བོན་གྱི་ཨ་དཀར་དགོངས་འདུས་ཉམས་སུ་ལེན་པར་བཅས་བསྟན་ཡོད།

ཁ་བ་དཀར་པོར་ཁྱུང་པོ་གཏེར་སྟོན་བཀྲ་ཤིས་རྒྱལ་མཚན་གྱི་རྗེས་བཞག་སྐོར་བསྟན་པ།

  བཞི་པ། ཁྱུང་པོ་གཏེར་སྟོན་བཀྲ་ཤིས་རྒྱལ་མཚན་ཁོང་ནི་བོན་བསྟན་ཕྱི་དར་སྐབས་སུ་བྱོན་པའི་གཏེར་སྟོན་བརྒྱ་རྩ་དང་། རྒྱལ་བའི་གདུང་འཛིན་གསུམ་གྱི་ཡ་གྱལ།40 བོན་གཏེར་ལ་ཚིགས་བདུན་པའི་ནང་དུ་བྱོན་པའི་གཏེར་སྟོན་ཞིག་ཡིན།41 ཁོང་གི་ཡབ་ཡུམ་དང་སྐུ་འདས་འཁྲུངས་སོགས་ཀྱི་ལོ་རྒྱུས་མི་གསལ་ཡང་། སྤྱི་ལོ་དུས་རབས་བཅུ་དྲུག་དང་བཅུ་བདུན་ཡས་མས་སུ་འབྲི་རྫ་སྒང་བུའི་ཕྱོགས་སུ་གཏོགས་པའི་གནས་མཆོག་ཁ་བ་དཀར་པོ་སོགས་བྱོན་པའི་བོན་གྱི་གཏེར་སྟོན་ཞིག །ཁོང་ཉིད་བླ་མ་དམ་པའི་མདུན་ནས་བོན་སྒོ་མི་འདྲ་བ་མང་པོ་ཞུས་རྗེས་ཉམས་ལེན་མཛད། རིག་པ་ཉིད་ལས་བོན་ཉིད་ཀྱི་དབྱིངས་ནས་ཐུགས་རྗེའི་ཡས་སྤྲུལ་དུ་ཐབས་མཁས་ཀྱི་འགྲོ་དོན་རྒྱ་ཆེར་མཛད་པ་དང་། ལྷག་པར་དུ་གཏེར་གནས་འདྲ་མིན་མང་པོར་ཕེབས་ནས་གཏེར་བཞེས་དང་གཏེར་སྤེལ་གྱི་སྒོ་ནས་འགྲོ་དོན་མཛད་པས་ཁྱུང་པོ་བཀྲ་རྒྱལ་གནས་གཏེར་འགྲོ་དོན་བསྐྱངས་ཞེས་སུ་གྲགས། ཁོང་གིས་གནས་ཆེན་ཁ་བ་དཀར་པོ་ནས་དྲན་པ་ཨ་དཀར་དགོངས་འདུས་ཟབ་མོ་སྐོར་དང་། གཞན་ཡང་བོན་གྱི་མན་ངག་གདམས་ངན་སྐོར་གཏེར་དུ་བཞེས་པར་གྲགས། གཏེར་ལས་ཐོན་དང་དག་སྣང་སྐོར་ལ་མང་བར་གྲགས་སོ། །42 དགོངས་འདུས་ཨ་དཀར་འོད་ཀྱི་སྒོམ་སྒྲུབ་ཉམས་ལེན་ལས། ཁ་བ་དཀར་པོ་གསང་གཏེར་སྙིང་པོ་ཡོད།ཅེས་པ་ནས། དེ་ལ་མོས་པའི་བུ་སློབ་ཕོ་མོ་བདུན། གང་འབྲེལ་ཐར་པར་བཀོད་པར་གདོན་མི་ཟ། །43 ཅེས་སོགས་ལུང་དུ་མ་ཁྱུང་པོ་གཏེར་སྟོན་བཀྲ་ཤིས་རྒྱལ་མཚན་ནི་ཁ་བ་དཀར་པོ་ལས་གཏེར་ལེན་པ་སོགས་ཀྱི་མཛད་པ་བསྟན་ཡོད།

ཁ་བ་དཀར་པོར་ཉག་སྒོམ་རིན་ཆེན་རྒྱལ་མཚན་བསང་ཡིག་མཛད་པའི་སྐོར་བསྟན་པ།

  ལྔ་པ། ཉག་སྒོམ་རིན་ཆེན་རྒྱལ་མཚན་ནི་བླ་ཆེན་དྲན་པའི་རྣམ་སྤྲུལ་ཡིན་པར་བཞེད།44 ཁོང་ནི་སྤྱི་ལོ༡༦༨༤ལོ་ཁྲ་དགོན་སྦས་ཤོད་དུ་སྐུ་འཁྲུངས་ཏེ། དགུང་ལོ་ཞེ་བརྒྱད་ཐོག་གུར་མདུན་དགོན་ཕྱག་བཏབ་པར་བཤད།45 དེ་རྗེས་ཁོང་ས་བླ་དགོན་དུ་ཕེབས་ནས་བླ་གྲྭ་ཡོངས་ལ་དབང་ལུང་མན་ངག་སོགས་ཀྱི་རྒྱུད་ཁ་གནང་སྟེ་གཟིགས་རྟོག་ཚད་མེད་མཛད། དེ་ནས་ཁྲ་དགོན་ཀུན་གྲགས་གླིང་སོགས་ལ་ཕེབས་ནས་རོགས་སྐྱོར་མང་པོ་མཛད། དེ་ནས་དེང་བོད་ལྗོངས་ཆབ་མདོ་ཁུལ། མཛོ་སྒང་རྫོང་ནས་ཤར་ངོས་སུ་སྤྱི་ལེ་ལྔ་ཙམ་གྱི་མཚམས་སུ་ཡོད་བྱམས་མའི་གནས་རིར་ལོ་མང་པོར་སྒོམ་སྒྲུབ་མཛད་ཡོད་པ་མ་ཟད།དམ་པ་ཁོང་གི་གསུང་འབུམ་ལས། བྱམས་མའི་གནས་རི་ཡིན་པའི་ལོ་རྒྱུས་ཡང་གསལ་པོ་ཡོད། ལུང་ཆུང་སྒོ་རུ་རིག་གསར་སྔོན་དུ་གཡུང་དྲུང་བཀོད་ལེགས་མཆོད་རྟེན་ཞིག་ཀྱང་ཡོད་པ་རྒན་རབས་པའི་ངག་རྒྱུན་ཡོད།46 ཁོང་ཚ་བ་རོང་དུ་ཕེབས་ནས་བསྟན་འགྲོ་དོན་ཆེན་མཛད། ལྷག་པར་དུ་ཚ་རོང་ཁ་བ་དཀར་པོར་ཕེབས་ནས་བསྙེན་སྒྲུབ་ལས་གསུམ་བྱས།སྐབས་དེ་ཁ་བ་དཀར་པོའི་གནས་བདག་ལ་འཕྲིན་བཅོལ་མཛད་དེ། གནས་མཆོག་ཁ་བ་དཀར་པོའི་བསང་མཆོད་ལས། ད་ལྟ་སྒྲུབ་གཤེན་དམ་ལྡན་ངས་མཆོད་ཀྱིས། །བསྟན་པ་སྲུང་ཕྱིར་བསང་བརྔན་མཆོད་པར་བཞེས། །ཞེས་ཁོང་ཉིད་ཁ་བ་དཀར་པོའི་གནས་རིར་ཕེབས་ནས་བསྟན་འགྲོའི་དོན་མཛད་པ་མ་ཟད། གནས་བདག་ལ་འཕྲིན་ལས་བཅོལ་བ་དང་བཀའ་དམ་བཞག་པ་བསྟན་ཡོད། ཁོང་གིས་བུ་རམ་གླིང་ཆུང་དགོན་དུ་གནས་མཆོག་ཁ་བ་དཀར་པོའི་བསང་མཆོད་མཛད། ཁོང་ཉིད་ཀྱི་བརྒྱུད་འཛིན་ནི་མཆོག་སྤྲུལ་ནམ་མཁའ་ཡེ་ཤེས་སོགས་བྱུང་ངོ་། །

ཁ་བ་དཀར་པོར་གྲུབ་ཐོབ་བསྟན་པ་རྒྱལ་མཚན་བསྙེན་མཚམས་བྱས་པའི་སྐོར་བསྟན་པ།

  དྲུག་པ། གྲུབ་ཐོབ་བསྟན་པ་རྒྱལ་མཚན་ནི་དུས་རབས་བཅུ་དྲུག་པའི་མཇུག་ཙམ་ལ་རྒྱལ་མོ་རོང་དུ་ཨ་དཀར་གདུང་ལས་སྐུ་འཁྲུངས། ཆུང་ནས་མཁས་གྲུབ་བློ་གྲོས་རྒྱལ་མཚན་སོགས་བླ་ཆེན་དམ་པའི་མདུན་དུ་གཅར་ནས་ཡིག་དཀར་ནག་དང་རིག་གནས་སོགས་བསླབ་པས་ཡོན་ཏན་ལྡན་པར་གྱུར། མེ་རི་བཀའ་མ་སོགས་ཀྱི་དབང་ལུང་མན་ངག་ཁྲིད་རིམ་བཅས་ཞུས། སྐུ་བླ་ལྷ་གཉན་གཉན་ཆེན་དམུ་རྡོའི་ལྷོ་གཡུང་དྲུང་རིང་མོའི་གནས་སུ་བཞུགས་ཏེ་རི་ཁྲོད་ཅིག་ཕྱག་བཏབ་མཛད། དེ་ནས་དམ་པ་ཁོང་ནི་གཙང་སྨན་རིའི་དགོན་དུ་ཕེབས་ཏེ་མཁན་ཆེན་བསོད་ནམས་གཡུང་དྲུང་རིན་པོ་ཆེའི་མདུན་ནས་རབ་ཏུ་བྱུང་སྟེ་དག་པ་དྲང་སྲོང་གི་ཁྲིམས་བཞེས། དེ་ནས་བྲུ་ཞུ་སྤ་རྨེའུ་ལ་སོགས་གདན་ས་གོང་མའི་བླ་མ་སྤྲུལ་སྐུ་མཁན་པོ་སློབ་དཔོན་དམ་པ་ཀུན་བསྟེན་ནས་མདོ་སྔགས་དབང་ཁྲིད་གདམས་པ་མང་པོ་ཞུས། ཁྱད་པར་འགྲུ་སྒོམ་ཉི་མ་འོད་ཟེར་མདུན་ནས་ཐེག་ཆེན་ཉམས་བརྒྱུད་ཡོངས་རྫོགས་ཟབ་བཞེས་མཛད་ནས། སྟོད་གངས་རི་སོགས་སྒྲུབ་གནས་གཏེར་གནས་ཡོངས་སུ་མཇལ་བསྐོར་ཕེབས་ཞོར་དུ་བསྙེན་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་བསྟན་པ་རྗེས་བཞག་མཛད། དེ་ནས་ལྷོ་བྲག་སྐུ་འབུམ་བོན་རིའི་ཕྱོགས་དང་། ཤེ་ལེ་རྒྱ་སྐར་སོགས་ལ་གནས་བསྐོར་ཕེབས། དེ་ནས་རོང་བཙན་ཁ་བ་དཀར་པོ་ལ་གནས་སྐོར་ཕེབས་ཤིང་གནས་དེར་སྒྲུབ་པ་ཉམས་ལེན་མཛད། དེ་ལྟར་གནས་ཆེན་རྣམས་འགྲིམ་རྗེས་རྒྱལ་མོ་དམུ་རྡོའི་གནས། གཡུང་དྲུང་རིང་མོའི་རི་ཁྲོད་དུ་རྩེ་གཅིག་སྒོམ་སྒྲུབ་མཛད་དེ་མཐའ་རྒྱལ་རོང་དུ་སྐུ་འདས།47


ཁ་བ་དཀར་པོར་སངས་རྒྱས་གླིང་པའི་རྗེས་བཞག་སྐོར་བསྟན་པ།

  བདུན་པ། སངས་རྒྱས་གླིང་པ་ནི་བོན་བསྟན་ཕྱི་དར་སྐབས་སུ་བྱོན་པའི་གཏེར་སྟོན་བརྒྱ་རྩ་དང་། རྣམ་འདྲེན་དམ་པ་བཞི་ཡི་ཡ་གྱལ།48 བོན་གཏེར་ལ་ཚིགས་བརྒྱད་པའི་ནང་དུ་བྱོན་པའི་གཏེར་སྟོན་ཞིག་ཡིན།49 བོན་གསར་མའི་སྤྲུལ་སྐུ་རྣམ་བཞིའི་ནང་ཚན་ཞིག་ཀྱང་ཡིན། ཁོང་ནི་ལྷོ་ཡི་ཚ་བ་རོང་ངམ་དེང་གི་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་གི་ལྷོ་ཤར་མཚམས་སུ་ཆགས་པའི་དབྱིབས་པ་གྲོང་ཚོར་ཡབ་འཕགས་བུ་གཡུང་དྲུང་ཚེ་དབང་རྒྱལ་པོ་དང་ཡུམ་སྒར་བཟའ་རིན་ཆེན་མཚོ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་གཉིས་པའི་ཤིང་བྱའི་ལོ་སྟེ་སྤྱི་ལོ༡༧༠༥ལོའི་འབྲུག་ཟླའི་ཚེས་བཅུ་བདུན་ལ་སྐུ་འཁྲུངས། ཀོང་པོ་སྤྲུལ་སྐུ་དབང་གི་མཚན་ཅན་མདུན་ནས་བསྙེན་གནས་ཀྱི་སྡོམ་པ་བཞེས་པ་སོགས་ཀྱི་མཛད་པ་མང་དུ་བསྟན་པ་ལས་སྐབས་ཤིག་ཁོང་ལ་གནས་མཆོག་ཁ་བ་དཀར་པོ་མཇལ་འགྲོ་བའི་བསམ་པར་ཤར།50 དེ་ནས་ཁ་བ་དཀར་པོ་དང་གངས་དཀར་ཏི་སེ། རྒྱ་ནག་གླང་ཆེན་སོགས་ལ་ཕེབས་བའི་ལོ་རྒྱུས་ཡོད། དེ་ལས་གཞན་པའི་ཚ་བ་རོང་གི་གནས་ཀྱི་སྒོ་འབྱེད་ལམ་དུ་འགྱུར་ཚུལ་བསྟན་པའི་སྐབས་སུ་ཚ་བ་རོང་གི་གནས་རི་མང་པོ་གནས་སྒོ་འབྱེད་པ་དང་། པདྨ་འབུམ་གླིང་སོགས་ལ་ཕེབས་ཚུལ་ནི་གཏེར་གཞུང་མང་པོ་མཇུག་བྱང་དུ་གསལ། བརྟེན་འགྱུར་གྱི་དཀར་ཆག་ཆེན་མོ། བདག་འདྲ་སྙིགས་མའི་ཁོ་བོ་སངས་རྒྱས་གླིང་པས་མེ་མོ་བྱའི་ལོར། ལྷོ་ཚ་བ་པད་མ་འབུམ་གླིང་གི་ནུབ་ཕྱོགས་ནམ་མཁའི་མཛོད་ཀྱི་ཡང་དབེན་ནས། མི་ཤིག་འཆི་མེད་རྡོ་རྗེའི་དཔལ་ཕུག་ནས་གཏེར་དྲངས་ཤིང་།51 ཞེས་སོགས་གསལ་བར་བསྟན་ཏོ། །

ཁ་བ་དཀར་པོར་རྣལ་འབྱོར་བཟོད་པ་རྒྱལ་མཚན་བསྙེན་མཚམས་བྱས་པའི་སྐོར་བསྟན་པ།

  བརྒྱད་པ། ཡབ་མི་རྗེ་ཁྱུང་དཀར་དཔོན་གྱི་བློན་པོ་ལྡིང་དཔོན་ཨ་རྡོ་དང་། ཡུམ་རྟ་ཆེན་བུ་མོ་དཔལ་མཚོ་གཉིས་ཀྱི་སྲས་སུ་མེ་སྟག་སྟེ་སྤྱི་ལོ༡༨༦༦ལོར་སྐུ་འཁྲུངས་པའི་རྣལ་འབྱོར་བཟོད་པ་རྒྱལ་མཚན་མཆོག་ནི་ཁྱུང་སྤྲུལ་གཡུང་དྲུང་བསྟན་འཛིན་མཆོག་གི་དྲུང་ནས་དགེ་བསྙེན་གཏན་ཁྲིམས་རྣམ་ལྔ་ཞུས། དེ་ནས་འགྲུ་ཞིག་བླ་མ་ཉི་མ་འོད་ཟེར་གྱི་དྲུང་སོགས་ལས་དམར་ཁྲིད་དུག་ལྔ་རང་གྲོལ་སོགས་བོན་མང་པོ་ཞུས། དེ་ནས་སྟོད་ཀྱི་ཨོ་རྒྱན་བྲུ་ཤ་དང་རྒྱ་གར་སོགས་ལ་ཕེབས་ནས་དབེན་གནས་འགྲིམས། སྨད་ཀྱི་རྒྱ་ནག་དང་འཇང་ཡུལ། མེ་ཉག་ཡན་བོན་རི་རྩ་རི་སོགས་ལ་གནས་སྐོར་དང་བསྙེན་སྒྲུབ་བྱེད། ཁ་བ་དཀར་པོ་དང་གླང་ཆེན་འགྱིང་རི་སོགས་སྒྲུབ་གནས་ཀུན་ལ་ཕྱག་སྐོར་སྒྲིབ་སྦྱང་མཛད་པའི་ལོ་རྒྱུས་བསྟན་ཡོད། དེ་བཞིན་དུ་བྱ་བྲལ་སྒོམ་ཆེན་སྦྱིན་པ་རྒྱལ་མཚན་ཡང་ཁ་བ་དཀར་པོ་སོགས་གནས་སྐོར་ལན་གསུམ་ཕེབས་པའི་ལོ་རྒྱུས་བསྟན་ཡོད།52


ཁ་བ་དཀར་པོར་གསང་སྔགས་གླིང་པས་ཟབ་གཏེར་བཞེས་པའི་སྐོར་བསྟན་པ།

  དགུ་པ། ཉག་གཏེར་གསང་སྔགས་གླིང་པ་ནི་བོན་བསྟན་ཕྱི་དར་སྐབས་སུ་བྱོན་པའི་གཏེར་སྟོན་བརྒྱ་རྩ་དང་། བོན་གཏེར་ལ་ཚིགས་དགུ་པའི་ཐོག་མར་བྱོན་པའི་གཏེར་སྟོན་ཞིག་ཡིན།53 ཁོང་ནི་དམ་པ་རྒྱལ་ཁྱུང་གི་རུས་ལས་མཆེད་པའི་ཡབ་ཚེ་རིང་བཀྲ་ཤིས་དང་། ཡུམ་པདྨ་སྐྱིད་གཉིས་ཀྱི་སྲས་སུ་ཤིང་བྱི་སྟེ་སྤྱི་ལོ༡༨༦༤ལོའི་ཧོར་ཟླ་བཞི་པའི་ཡར་ཚེས་ལ་སྐུ་བལྟམས།54 ཁོང་རྒྱ་རོང་དམུ་རྡོ་ནོར་བུ་གསང་ཕུག་ནས་གུ་རུ་ཐོད་ཕྲེང་ལྔའི་ཟབ་གཏེར་སྐོར། དེ་ནས་རྒྱ་ནག་གནས་ཆེན་བྱི་བ་སྟག་རྩེ་ལས་ཚེ་དབང་རིག་འཛིན་རྣམ་ཐར་པོད་བཞི། མེ་ཉག་གནས་ཆེན་ཕོ་བྲང་ལྔ་བརྩེགས་དཔལ་ལྡན་དུས་ཀྱི་འཁོར་ལོའི་སྐོར། དེ་ནས་ཚ་རོང་གནས་ཆེན་ཁ་བ་དཀར་པོ་ལས་གསང་འདུས་ཞི་ཁྲོ་རྒྱུད་ཀྱི་སྐོར། གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ལས་གསང་བ་འདུས་པ་ཐབས་ཆེན་ཡབ་ཀྱི་རྒྱུད་དེ་དྲན་པ་ནམ་མཁས་བཻ་རོ་ཙ་ན་ལ་གཏད། ཁོང་གཉིས་ཀྱིས་ཁ་བ་དཀར་པོར་གཏེར་དུ་སྦས། གཏེར་སྲུང་སྡེ་ལྔར་གཉེར་གཏད་མཛད་པ་དེ། ཕྱིས་སུ་བསྟན་གཉིས་གསང་སྔགས་གླིང་པས་ཚ་རོང་ཁ་བ་དཀར་པོ་གནས་ནས་ཟབ་གཏེར་བཞེས་པ་སོགས་ཀྱི་ལོ་རྒྱུས་ཡོད།55

IMG_256

ཁ་བ་དཀར་པོར་ཌཱཀྐི་མཁའ་སྤྱོད་དབང་མོས་གཏེར་བྱང་བཞེས་པའི་སྐོར་བསྟན་པ། 

  བཅུ་པ། རབ་བྱུང་བཅུ་དྲུག་པའི་མེ་བྱི་ལོ་སྟེ་སྤྱི་ལོ༡༩༣༦ལོར་མདོ་སྨད་རྫ་ཁོག་ཞེས་པའི་ཡུལ་ལ་ཡབ་རིགས་རུས་ཕུན་སུམ་ཚོགས་པ་ཀུན་གྲོལ་ཧཱུྃ་ཆེན་འགྲོ་འདུལ་གར་དབང་གླིང་པ་དང་། ཡུམ་མཁའ་འགྲོའི་མཚན་ཉིད་ཐམས་ཅད་ཚང་བ་མཁའ་འགྲོ་བདེ་མཚོ་གཉིས་ལས་སྐུ་འཁྲུངས་པའི་གཏེར་སྟོན་མཁའ་སྤྱོད་དབང་མོ་མཆོག་དགུང་ལོ་བཅུ་དགུའི་དུས་སུ།མ་དང་མཁའ་འགྲོས་ལུང་བསྟན་ལྟར། དཔོན་གཡོག་འཁོར་དང་བཅས་པ་གནས་མཆོག་ཁ་བ་དཀར་པོ་ལ་ཕེབས་ཚེ། ཡུལ་དེའི་མི་སྐྱ་ཕོ་མོ་ཀུན་ཀྱིས་བསུ་མ་ལེགས་པར་བྱེད། གནས་མཆོག་དེ་ནི་དྲན་པ་ནམ་མཁས་བསྔགས་པའི་བོན་གྱི་གཏེར་གནས་ངོ་མཚར་བ་ཞིག་ཡིན་པ་གོང་དུ་བསྟན་ཟིན་ཏོ། །མཁའ་འགྲོ་མས་གནས་དེ་ན་རྡོ་སྒྲམ་སོར་མོ་བཞི་ཞིག་བླང་པ་ལས། གུ་རུའི་བྱང་སེམས56ཆོས་སྨན་དང་། གཏེར་གྱི་ཁ་བྱང་། ལུང་བསྟན། བཻ་རོའི་སྒྲུབ་སྐོར་སོགས་ཤོག་སེར་སོར་བཞི་པ་ཞིག་དང་། མདའ་ཚད་ཙམ་ཞིག་རྙེད་པ་ནི། ཡུལ་དེའི་མི་རྣམས་ཀྱིས་མཐོང་ཡུལ་དུ་གྱུར་པས་བསྔགས་བརྗོད་དང་གུས་ཕྱག་ཚད་མེད་བྱས། མཁའ་འགྲོ་མས་ཡུལ་དེའི་མི་སྐྱ་ཕོ་མོ་ཡོངས་ལ་གཏེར་དབང་བསྐུར་ཞིང་དགེ་བའི་ལས་ལ་བསྐུལ། གནས་དེ་ལ་ཕྱག་རྗེས་དང་ཞབས་རྗེས་སོགས་བཀའ་རྟགས་ཕྱག་རྒྱ་མང་ཙམ་བཞག་པའི་ལོ་རྒྱུས་ནི་མཁའ་སྤྱོད་དབང་མོའི་རྣམ་ཐར་ནང་དུ་གསལ་ལོ། །

སྡེ་ཚན་ལྔ་པ། གནས་ཀྱི་རང་བཞིན་དང་ཕན་ཡོན་བཅས་བསྟན་པ།

  གནས་མཆོག་ཁ་བ་དཀར་པོའི་གནས་ཀྱི་རང་བཞིན་བསྟན་པ། ཁ་བ་དཀར་པོར་གནས་སྐོར་ཕན་ཡོན་བསྟན་པ། ཁ་བ་དཀར་པོར་གནས་སྐོར་བྱེད་ཐབས་བསྟན་པ། ཁ་བ་དཀར་པོ་ནམ་སྐོར་བའི་དུས་ཚོད་བསྟན་པ། ཁ་བ་དཀར་པོར་གནས་སྐོར་དག་པ་གསུམ་ལྡན་བྱ་ཚུལ་བསྟན་པ། ཁ་བ་དཀར་པོར་བསགས་སྦྱང་བགྱིས་པའི་ཕན་ཡོན་བསྟན་པ་དང་དྲུག་གོ །

ཁ་བ་དཀར་པོའི་གནས་ཀྱི་རང་བཞིན་བསྟན་པ།

  དང་པོ། སྤྱིར་གནས་ལ་ཐབས་བདེ་བ་ཆེན་པོའི་གནས། ཤེས་རབ་སྟོང་པ་ཉིད་ཀྱི་གནས། ཐབས་ཤེས་དབྱེར་མེད་ཟུང་འཇུག་གི་གནས་དང་གསུམ་ལས། འདི་ནི་ཕྱི་མ་མཆོག་གསུམ་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀུན་འདུས་ཀྱི་ཕོ་བྲང་ཆེན་པོ་སྟེ། གནས་མཆོག་ཁ་བ་དཀར་པོའི་བསང་མཆོད་ལས། རིག་འཛིན་མཁའ་འགྲོ་དཔའ་བོ་འདུས་པའི་གནས། །ཞེས་རིག་འཛིན་མཁའ་འགྲོ་དཔའ་བོ་མང་པོ་ཞིག་གནས་འདིར་ཕེབས་པ་དང་། བསྙེན་སྒྲུབ་མཛད་པ། བཀའ་རྟགས་ཕྱག་རྒྱ་བཞག་པ་སོགས་ནི་བསམ་ཡུལ་ལས་འདས་པ་ཞིག་གོ །སྤྱིར་གནས་རི་འདི་ལ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་དང་ཕྱག་རྗེས་ཞབས་རྗེས་སོགས་དབང་པོའི་སྤྱོད་ཡུལ་དུ་མངོན་སུམ་སྣང་བ་ནི་སྤྱིར་གནས་ཡིན་པའི་མཚན་མ་དང༌། ཁྱད་པར་དུ་འཆི་མེད་དྲན་པ་ནམ་མཁའ་སོགས་རིག་འཛིན་གོང་མས་བྱིན་གྱིས་བརླབས་ཤིང་དྲེགས་པ་ཕོ་མོ་བསྒྲལ་བའི་རྟགས་མཚན་ཡོད་པ་གནས་ཆེན་ཡིན་པར་ཡོངས་ལ་གྲགས་པ་ལྟར། ཁ་བ་དཀར་པོ་གནས་འདི་ལ་ཡི་གེ་བསྭོ་དང་ཡ་ར་ལ་ཝ་སོགས་རང་བྱོན་ཡོད་པ་དང་། དེ་ལས་གཞན་པའི་གྲུབ་ཐོབ་རྣམས་ཀྱི་ཞབས་རྗེས་ཡོད། རྡོ་ངོས་སུ་མ་རྒྱུད་མཁའ་འགྲོའི་སྐུ་རང་བྱོན་དང་ཕྱག་མཚན་འཁོར་ལོ་སོགས་རང་བྱོན་ཡོད། འཆི་མེད་ཚེ་ཆུ་ཚེ་རིལ་ཡོད། རྡོ་ངོས་སུ་གསང་སྔགས་གླིང་པས་བཞག་པའི་གཡུང་དྲུང་ཕྱག་བྲིས་ཡོད་པ་དང༌། གྲུབ་ཐོབ་བརྒྱད་ཅུའི་ཞབས་རྗེས་དང་རྡོ་ལ་ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ་ཞེས་འབྲུ་བརྒྱད་འབུར་དུ་དོད་པ་ཡོད་ཀྱང་ཁ་བས་གཡོག་པས་མཇལ་དཀའ་བར་སྣང་གསུངས་སོ། །གནས་དེ་ལ་སངས་རྒྱས་གླིང་པ་དང་གསང་སྔགས་གླིང་པ་སོགས་བོན་གྱི་རིག་འཛིན་བརྒྱད་ཀྱི་ཞབས་རྗེས་ཕྱག་རྗེས་ཡོད་པར་བཤད་སྲོལ་འདུག། རྦ་ལྕོག་ཅེས་པའི་གནས་དེ་ནི་སྔོན་ཚེ་དྲན་པ་ནམ་མཁའི་སྒྲུབ་གནས་དང་མ་རྒྱུད་གསང་མཆོག་གི་སྒྲུབ་གནས་གཙོ་བོ་ཡིན་པར་བཞེད་སྲོལ་ཡོད། དེ་ལ་བན་དེས་རྦ་ལྕོག་བླ་མའི་བཞུགས་པའི་ལོ་རྒྱུས་མང་ངོ་། །གསང་བའི་བྲག་ཕུག་གླེགས་བམ་བརྩེགས་འདྲ་ཞེས་པའི་གནས་དེ་ནི་དྲན་པ་ནམ་མཁའ་སོགས་ཀྱིས་ཁ་བ་དཀར་པོ་ལ་གཏེར་སྦས་སའི་ནང་ཚན་གནས་གཅིག་ཡིན། གནས་དེའི་ཐག་ཅུང་ཉེ་ས་ན་བཻ་རོ་ཙ་ནའི་སྒྲུབ་གནས་དང་གཏེར་གནས་ཡོད། དེང་སང་ཨོ་རྒྱན་སྒྲུབ་ཕུག་ཅེས་པ་ནི་སྔོན་ཚེ་དྲན་པ་ཡབ་སྲས་གསུམ་གྱི་ནང་ཚན་གཡུང་དྲུང་མཐོང་གྲོལ་གྱི་སྒྲུབ་གནས་ཡིན་པར་བཤད། སྒྲུབ་ཕུག་གཡས་སུ་ཞི་ལྷ་བཞི་བཅུ་རྩ་ལྔ་དང་། གཡོན་དུ་འབར་བ་ཁྲོ་བོ་ལྔ་བཅུ་རྩ་བརྒྱད་ཀྱི་རྣམ་པར་མཇལ་དུ་ཡོད་པར་བཞེད། སྔོན་ཆད་གནས་རི་དེ་ཡི་མཐའ་སྐོར་ན་བོན་གྱི་རི་ཁྲོད་དང་བོན་དགོན། བོན་གྱི་སྒྲུབ་གནས་བཅོ་བརྒྱད་ཡོད་པར་གྲགས། ཕྱིས་སུ་ལ་ལ་འཇིག། ལ་ལ་གྲུབ་མཐའ་གཞན་དུ་བསྒྱུར་བ་སོགས་བྱས་པས་དེང་སང་ཡང་གནས་རིའི་ཐ་སྙད་དང་སྐོར་ལམ་སོགས་ཀྱང་བསྒྱུར་དང་སྒྱུར་བཞིན་པ་ནི། དུས་རབས་ཉེར་གཅིག་པའི་སྤྱི་ལོ༢༠༡༩ལོའི་སྔོན་ལ(乐山大佛)མཇལ་སྐོར་འགྲོ་ཚུལ་ནི་བོན་སྐོར་ཡིན་ལ། ༢༠༡༩ལོར་ནས་བན་དེའི་སྐོར་བྱེད་པ་ལྟར་རྒྱ་ནག་གི་ཆོས་ལུགས་ལ་བོད་བརྒྱུད་བན་དེའི་ཆོས་ལུགས་ཀྱིས་ཤན་ཞུགས་ནས་འགྱུར་དང་འགྱུར་བཞིན་ཡོད་ཚུལ་འདིར་མི་སྤྲོས་སོ། །དེ་བཞིན་དུ་ཁ་བ་དཀར་པོའི་གནས་བཤད་དང་གནས་སྐོར་སོགས་འགྱུར་བ་མང་པོ་བྱུང་ངོ་། །གནས་ཆེན་ཁ་བ་དཀར་པོའི་ནང་སྐོར་གནས་ཡིག་ཉི་མའི་འོད་ཟེར་ལས། རི་བོ་ཚོགས་འདྲ་དེ་ལ་བན་དེ་རི་མིང་འདོགས་པ་ཡིན་ནོ་ཞེས་གསལ་བཤད་བསྟན་ཡོད། ཡང་དེ་ཉིད་ལས། དེའི་མཐའ་ས་མདོ་ཆུ་མདོ་བྲག་མདོ་མཚམས་གཡུ་འབྲུག་སྔོན་པོ་གནམ་ལ་འཕྱོ་འདྲ་ཡོད་པ་དེ་ནི་བོན་གྱི་གནས་རི་ཡིན། ལོ་རྒྱུས་ནང་དུ་སྔར་རྒན་རབས་མང་པོས་རི་དེ་ལ་བོན་རི་ཞེས་འབོད་ཀྱི་ཡོད་པ་དང་། ད་ལྟ་མི་མང་པོས་སྔར་བཞིན་བོན་རི་ཞེས་འབོད་སྲོལ་ཡང་ཡོད། དེ་རིང་སྐབས་སུ་བབས་པ་ནི་རང་གི་རིག་གནས་ཉམས་ཆུང་བ་བོན་གྱི་བཀའ་གཏེར་སྦྱངས་བརྩོན་བྱེད་པའི་གོ་སྐབས་མེད་པས་རྐང་ཚུགས་ནས་གནས་ལམ་དུ་བྲིས་པ་ཡིན།57 ཞེས་བོན་རི་ཞེས་པའི་གནས་ཀྱང་ཡོད་པ་བཞེད། གཡུ་མཚོ་སྔོན་པོ་ཞེས་པའི་ས་ཆ་དེ་སངས་རྒྱས་སྨན་ལྷའི་གནས་རི་ཡིན་པ་དང་། ས་ཆ་དེར་སྨན་སྣ་མང་པོ་ཡོད་ཚུལ་བཤད།

ཁ་བ་དཀར་པོའི་གནས་སྐོར་ཕན་ཡོན་བསྟན་པ།

  གཉིས་པ། བོད་ཡུལ་དུ་གྲགས་པའི་གནས་སྐོར་བྱེད་པའི་དམིགས་ཡུལ་ནི། ཚེ་སྔོན་མའི་བསགས་པའི་ལས་ངན་དང་སྡིག་སྒྲིབ་དག་པའི་ཐབས་དང་། ཚེ་འདིར་རྐྱེན་བགེགས་བར་ཆོད་དང་ནད་གདོན་ཚོགས་ངན་བསགས་པ་ལ་སོགས་ཞི་བ་དང་ལུས་སེམས་བདེ་ཐང་གི་ཐབས་དང་། ཕྱི་མ་ལ་ངན་སོང་གི་སྡུག་བསྔལ་ལས་ཐར་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་ཐབས་དང་གསུམ་ཡོད་པ་ཡིན། གནས་ཆེན་ཁ་བ་དཀར་པོ་འདི་ཉིད་ལ་བསྐོར་བ་བྱེད་པའི་ཕན་ཡོན་ལ་བན་བོན་གཉིས་ཀྱིས་བཤད་སྟངས་ནི་བརྗོད་ཀྱིས་མི་ལང་པ་ཡིན། བོན་པོའི་ཕྱོགས་ནས་བརྗོད་ན། གནས་ཆེན་འདི་ཉིད་ནི་བོན་གྱི་སྒྲུབ་གནས་དང་། གཏེར་གནས། གནས་རི། གཞི་བདག་བཅས་ཡིན། སྒྲུབ་གནས་ཀྱི་ཆ་ནས་བཤད་ན། དྲན་པ་ནམ་མཁའ་ནས་ཌཱཀྐི་མཁའ་སྤྱོད་དབང་མོའི་བར་དུ་བོན་གཤེན་རིག་འཛིན་མཁའ་འགྲོ་མང་པོ་གནས་འདིར་ཕེབས་ནས་མ་རྒྱུད་དང་ཡི་དམ་ཕྱི་ནང་གསང་གསུམ་སྒྲུབ་ཅིང་གྲུབ་པའི་རྟགས་མང་པོ་འབྱུང་བའི་གནས་ཡིན་པས་སྒྲུབ་གནས་དང་། དྲན་པ་ནམ་མཁའ་དང་བཻ་རོ་ཙ་ན་སོགས་ཀྱིས་བོན་གཏེར་མང་པོ་གནས་འདིར་སྦས་པ་དང་། ཕྱིས་སུ་ཁྱུང་པོ་བཀྲ་ཤིས་རྒྱལ་མཚན། སངས་རྒྱས་གླིང་པ། གསང་སྔགས་གླིང་པ་སོགས་ཀྱིས་ཟབ་གཏེར་བཞེས་པའི་གནས་ཡིན་པས་གཏེར་གནས་ཞེས་བྱའོ། །གནས་རི་འདི་ཉིད་རང་བྱུང་གི་མཆོད་རྟེན་ཞིག་ཡིན། གཞི་བདག་ཡིན་ཚུལ་ནི་གོང་དུ་བསང་ཡིག་ནང་དུ་བསྟན་བཞིན་ནོ། །བདུད་འདུལ་རྡོ་རྗེ་ཟབ་གཏེར་འཆི་མེད་ཚེ་དབང་རིག་འཛིན་ཞལ་ལུང་ལས། མ་འོང་སེམས་ཅན་གྲུབ་པ་ཐོབ་ཕྱིར་དུ༔ ཞང་ཞུང་རྒྱ་གར་ཏེ་སེ་ཙཱ་རི་ཏྲ༔ བོན་རི་རྨུག་རྡོ་ཁ་དཀར་འཇང་ལ་སོགས༔ དཔལ་གྱི་གནས་མཆོག་ཚ་སྒང་བོད་ཀྱི་རི༔ རྒྱ་གར་དཔལ་རི་རྩེ་དྲུག་འགྲན་ཟླ་བྲལ༔ མཆོག་ཐུན་དངོས་གྲུབ་ཉེར་ཐོབ་པའི༔ དཔལ་གྱི་གསལ་ཁ་བཅུ་གསུམ་ཡོད༔ དེ་རུ་གང་འབྲེལ་མཆོག་ཐུན་བརྙེད༔58 ཞེས་པའི་གནས་རི་འདི་ལ་དད་འདུད་མོས་གུས་ཀྱི་སྒོ་ནས་ཡི་དམ་ལྷ་ཚོགས་སོགས་ལ་སྒོམ་སྒྲུབ་བརྩོན་གྱུར་ན། དགོན་གནས་གཞན་དུ་ཟླ་བ་གཅིག་སྒྲུབ་པ་བས་གནས་མཆོག་འདི་རུ་ཞག་གཅིག་སྒྲུབ་པའི་ཡོན་ཏན་དང་བསོད་ནམས་ཆེ་བར་བཤད། གོང་བཞིན་བོན་བསྐོར་སུས་བྱས་ན༔ མ་ཏྲི་མུ་ཡེ་དུང་ཕྱུར་ངེས་པར་འགྱུར༔ ཞེས་སོགས་གསལ་བ་བསྟན་ཡོད་དོ། །ཁ་བ་དཀར་པོ་དེ་གཞི་བདག་ཏུ་དམིགས་ནས་འཕྲིན་བཅོལ་འབུལ་ན་ནི། གནས་མཆོག་ཁ་བ་དཀར་པོའི་བསང་མཆོད་ལས། མི་ནོར་ཟས་གསུམ་འཚོགས་པའི་རྫིའུ་མཛོད། །ཚེ་གཡང་དཔལ་གསུམ་བསྐྱེད་པའི་དངོས་གྲུབ་སྩོལ། །མཐུ་ཆེན་དཀར་པོ་དགེ་བའི་སྡོང་གྲོགས་མཛོད། །མི་མཐུན་བར་ཆོད་རྐྱེན་ཚོགས་ཞི་བར་མཛོད། །རྣལ་འབྱོར་ཅི་བཅོལ་ལས་རྣམས་གྲུབ་པར་མཛོད། །ཅེས་གསུངས་སོ། །

ཁ་བ་དཀར་པོར་གནས་སྐོར་བྱེད་ཐབས་བསྟན་པ།

  གསུམ་པ། སྤྱིར་གནས་རི་རེ་ལ་སྐོར་ལམ་རེ། སྐོར་ལམ་རེ་ལ་བཤད་པ་རེ། ཞེས་པ་ལྟར་ཞང་བོད་ཀྱི་གནས་རིའི་སྐོར་ལམ་ལ་ཕྱི་སྐོར་དང་། ནང་སྐོར། མཐའ་སྐོར་དང་གསུམ་དུ་དབྱེ་བ་དང་། ཡང་ན། སྟེང་སྐོར། བར་སྐོར། མཐའ་སྐོར་དང་གསུམ་བཅས་དབྱེ་སྟངས་མི་འདྲ་བ་འགའ་ཡོད། ཁ་བ་དཀར་པོའི་གནས་འདི་ལ་སྐོར་བ་བྱེད་སྟངས་གཉིས་སུ་དབྱེ་སྲོལ་ནི་ཕྱི་སྐོར་དང་ནང་སྐོར་གཉིས། དང་པོ་ཕྱི་སྐོར་ལ་རྒྱལ་རྩེ་དཔལ་གྱི་གངས་རི་བཅུ་གསུམ་དེ་ཁ་ཚང་སྐོར་བ་དེ་ལ་བཤད་འདུག། དེ་ཡིན་པའི་གནས་ཡིག་འདྲ་མཐོང་མ་མྱོང་ངོ་། །གཉིས་པ་ནང་སྐོར་ལ། བན་དེ་འགྲོ་ལུགས་དང་བོན་པོའི་འགྲོ་ལུགས་གཉིས་ཡོད། འདིར་བོན་ལུགས་ལྟར་བཤད་ན། ཉིན་དང་པོ། ཁ་བ་དཀར་པོའི་གནས་སྒོའི་རི་རྩ་ནས་མཆོད་རྟེན་སྒང་གི་ལ་རྩའི་བར་དུ་མཇལ། ཉིན་གཉིས་པ། མཆོད་རྟེན་སྒང་ནས་ཨ་གདོང་བྱ་ཁྱུང་བར་དུ་མཇལ། ཉིན་གསུམ་པ། ཨ་གདོང་བྱ་ཁྱུང་ནས་མེ་ལོང་དགོན་སྨད་བར་དུ་མཇལ། ཉིན་བཞི་པ། མེ་ལོང་དགོན་སྨད་ནས་མེ་ལོང་སྒང་གི་བར་དུ་མཇལ། ཉིན་ལྔ་པ། མེ་ལོང་སྒང་ནས་གླེགས་བམ་གྲོང་སྟོད་བར་དུ་མཇལ། ཉིན་དྲུག་པ། གླེགས་བམ་གྲོང་སྟོད་ནས་པདྨ་སྒྲུབ་ཕུག་བར་དུ་མཇལ། ཉིན་བདུན་པ། པདྨ་སྒྲུབ་ཕུག་ནས་དྲན་པ་བཀའ་ཐང་ལྟར་གསང་བའི་བྲག་ཕུག་གླེགས་བམ་བརྩེགས་འདྲ་ཞེས་པའི་བར་དུ་མཇལ། ཉིན་བརྒྱད་པ། གསང་བའི་བྲག་ཕུག་གླེགས་བམ་ནས་རྦ་ལྕོག་གི་བར་དུ་མཇལ། ཉིན་དགུ་པ། རྦ་ལྕོག་ནས་གནས་སྒོར་བར་དུ་མཇལ། ངེས་ཅན་ཉིན་དགུས་སྐོར་ཐུབ་མིན་ཅི་རིགས་ཡོད། ཉིན་བཅུ་དང་ཉིན་བཅུ་གཅིག་སོགས་མ་ངེས་སོ། །སྔོན་ཆད་ལ་ཁ་བ་དཀར་པོའི་གནས་ཡིག་གཅིག་ཡོད་པར་བཤད་ཀྱང་དུས་འགྱུར་དབང་གིས་མེད་པ་འདྲ། དེང་སང་ལམ་གྱི་འགྲོ་ལུགས་ལ། ཕྱི་སྐོར་བར་སྐོར་ནང་སྐོར་རྣམ་པ་གསུམ་དུ་ཡོད་པར་བཤད་སྲོལ་ཡང་ཡོད་དོ། །

ཁ་བ་དཀར་པོར་ནམ་སྐོར་བའི་དུས་ཚོད་བསྟན་པ།

  བཞི་པ། སྤྱིར་གནས་མཆོག་གང་ཡིན་པ་དེ་དག་ནི་ཇི་སྲིད་བསྐལ་བ་མ་སྟོང་གི་བར་དུ་འགྲོ་དོན་འབྱུང་བར་བྱིན་གྱིས་བརླབས་པ་ཡིན་པས། དུས་ནམ་ཡང་ཕྱག་སྐོར་སྒྲིབ་སྦྱོང་སོགས་འབྲེལ་བ་ཅི་ཙམ་བཞག་པ་དེ་ཙམ་གྱི་ཕན་ཡོན་རྗེས་སུ་འབྱུང་བ་ཡིན་པས་དུས་ཚོད་ལ་ངེས་བཟུང་མེད་ནའང༌། འོན་ཀྱང་ཁ་བ་དཀར་པོ་གནས་རི་འདི་ལ་རིག་འཛིན་དཔའ་བོ་དཔའ་མོ་མཁའ་འགྲོ་བོན་སྐྱོང་གསང་བའི་སྤྱོད་པ་ལ་འདུ་ཚུལ་གྱི་ཁྱད་པར་ལ་བརྟེན་ནས་དུས་ཚོད་ངོས་བཟུང་བའི་དཔེ་ཆ་ཁ་གསལ་མཐོང་དུ་མེད། ལ་ལ་སྤྲེལ་གྱི་ལོའི་ཡོས་ཟླ་ནས་ནི་སྤྲེལ་ཟླའི་བར་གྱི་གནས་ཀྱི་འདུ་བ་ཡིན་པར་གསུང་། བོན་པོ་དག་གིས་གངས་ཏི་སེ་དང་གནས་འདུ་དུས་གཅིག་ཡིན། བོན་གྱི་གངས་རི་ཉེར་བརྒྱད་ཀྱི་གནས་འདུའི་དུས་ཚོད་ནི་རྟ་ལོ་ཡིན་པར་བཤད། གནས་འདུའི་ཟླ་བ་ལ་ཁྱད་པར་ཡོད་དོ། །གནས་འདུ་ལ་བྱིན་རླབས་ལྷག་པར་ཆེ་བའི་རྒྱུ་མཚན་ཅུང་ཟད་སྨོས་ན། སྤྱིར་རྟ་ལོ་དེ་ནི་བོན་གསང་སྔགས་ཀྱི་ལོ་ཁྱད་པར་ཅན་ཞིག་ཡིན་པ་དང་། རྟ་ལོ་དུས་དེ་ལ་གནས་བདག་དང་ཡི་དམ་མ་རྒྱུད་གཙོ་མཆོག་མཁའ་འགྱིང་རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་ཐམས་ཅད་གནས་གཅིག་ཏུ་ཚོགས་སུ་འདུ་ཞིང་གསང་སྤྱོད་ལ་འཇུག་པའི་དུས་ཡིན་པས། དེའི་ཚེ་སྐུ་གསུམ་གྱི་བདག་ཉིད་མཆོག་གསུམ་རྩ་གསུམ་བོན་སྐྱོང་ལྷ་ཚོགས་རྣམས་ཀྱང་ཚོགས་ཀྱི་ཞིང་དུ་འབྱོན་པ་དང༌། དེ་ལ་དགེ་སྒྲུབ་སྡིག་བཤགས་དང་མཆོད་འབུལ་གང་བྱེད་ཀྱང་རྟེན་གྱི་སྒོ་ནས་སྟོབས་ཆེ་བ་དང༌། ཞིང་དང་དུས་ཀྱི་མཐུ་ཆེ་བའི་སྐབས་དེར་གསོལ་འདེབས་དང་ཕྱག་མཆོད་བསྐོར་བ་སོགས་ལ་བརྩོན་ན་ཕན་ཡོན་གཞན་ལས་ཆེ་བ་དང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་ཅི་རིགས་སྟེར་བ་སོགས་ཚེ་འདི་ཕྱི་གཉིས་ཀྱི་དོན་འགྲུབ་པའོ། །

ཁ་བ་དཀར་པོར་གནས་སྐོར་དག་པ་གསུམ་ལྡན་བྱ་ཚུལ་བསྟན་པ།

  ལྔ་པ། གནས་རི་དང་སྒྲུབ་གནས་གཏེར་གནས་གཞི་བདག་གང་ལ་མཇལ་སྐོར་ཕེབས་པའི་ཚེ་དག་པ་གསུམ་དང་ལྡན་དགོས། དག་པ་གསུམ་ནི། བསམ་པ་དག་པ། སྣང་བ་དག་པ། ཀུན་སྤྱོད་དག་པ་དང་གསུམ་མོ། །དང་པོ་བསམ་པ་དག་པ་ནི། སེམས་ལུང་ལས། རྒྱུད་དག་ན་ལས་དང་ཉོན་མོངས་པའི་སར་མི་གནས་པའི་ཐབས་སུ་འགྱུར་བས་ལུང་གི་སྒྲོན་མ་བཤད། ཅེས་གསུངས་པས། གནས་རི་སོགས་ལ་མཇལ་སྐོར་ཕེབས་པའི་ཐོག་མར་ཁ་ནང་དུ་ལོག་ནས་ཚུར་རང་རྒྱུད་ལ་བསམ་པ་འདི་ལྟར་གཏོང་དགོས་ཏེ། ག་རེ་བདག་གིས་ད་རེས་གནས་རི་འདི་ལ་མཇལ་སྐོར་འགྲོ་བ་འདི། རང་ཁའི་ཡུལ་སྐོར་འགྲོ་བ་ཡིན་ནམ། ཡང་ན་རང་ཉིད་སྐྱིད་འདོད་དང་གྲགས་འདོད་སོགས་ཚེ་འདིའི་སྐྱིད་སྣང་དང་སྙན་གྲགས་ཀྱི་ཆེད་དུ་འགྲོ་བ་ཡིན་ནམ། ཡང་ན་ཚེ་ཕྱི་མ་ངན་སོང་གི་སྡུག་བསྔལ་ལ་སྐྲག་ནས་མཐོ་རིས་ལྷ་མིའི་བདེ་འབྲས་ཙམ་ཐོབ་པར་འདོད་ནས་འགྲོ་བ་ཡིན་ནམ། མིན་ན་རང་ཉིད་གཅིག་པུ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་ནས། ཉན་རོང་གི་གོ་འཕང་ཐོབ་པ་སོགས་གང་གིས་ཆེད་ཡིན་པ་བརྟག་དཔྱོད་ལེགས་པ་ཞིག་བཏང་དགོས། གལ་ཏེ་ཀུན་སློང་དེ་ལྟ་བུ་རེད་འདུག་ན་ཡང་དག་པའི་ཀུན་སློང་མ་ཡིན་པས་སྤང་བ་བྱ་དགོས། བདག་གིས་ད་རེས་གནས་མཇལ་དང་ཕྱག་སྐོར་འགྲོ་བ་འདི་ནི་ཚེ་ཕྱི་མའི་དོན་ཞིག་སྒྲུབ་པ་དང་སེམས་ཅན་ཐམས་ཅད་ཕ་མ་མ་གྱུར་པ་གཅིག་ཀྱང་མེད། དེའི་ཕྱིར་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་ཐར་པའི་ཆེད་དུ་གནས་མཇལ་འགྲོ་བའོ་སྙམ་པའི་ཀུན་སློང་གི་བསམ་པ་དག་པ་ཞིག་དགོས། ཡེ་ཁྲི་ལ་བཟླའི་བམ་པོ་ལས། དགེ་བ་ཅི་དང་ཅི་སྤྱད་པ། །དམ་པ་གསུམ་གྱིས་ཟིན་པར་བྱ། །ཞེས་པ་ལྟར་དམ་པ་གསུམ་གྱིས་ཟིན་པར་བྱ་དགོས། དམ་པ་གསུམ་ནི། བྱམས་མ་འབུམ་ལྔ་ལས། སྦྱོར་བ་གཡུང་དྲུང་སེམས་ལྡན་པ། །དངོས་གཞི་མི་དམིགས་སྟོང་པ་ཉིད། །རྗེས་ལ་རྣམ་དག་སུམ་ལྡན་བྱ། །ཞེས་གསུངས་པ་ལྟར། གནས་སྐོར་བྱས་པའི་དགེ་རྩ་ཐབས་ཀྱིས་ཟིན་པར་བྱེད་པར་སྦྱོར་བ་གཡུང་དྲུང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། དགེ་རྩ་རྐྱེན་གྱིས་མི་བཤིག་པར་བྱེད་པ་དངོས་གཞི་མི་དམིགས་སྟོང་པ་ཉིད་དང་། དགེ་རྩ་གོང་ནས་གོང་དུ་འཕེལ་བར་བྱེད་པ་རྗེས་བསྔོ་བ་རྣམ་པར་དག་པའི་རྒྱས་ཡོངས་སུ་ཐེབས་པ་སྟེ། དམ་པ་གསུམ་གྱི་རྩིས་ཟིན་དགོས་པའི་ཕྱིར། ཞེས་སོ། །གནས་རི་ལ་ཕྱག་འཚལ་བ་དང་སྐོར་བ་བྱེད་པ་ཐམས་ཅད་དམ་པ་གསུམ་གྱི་རྩིས་ཟིན་པ་ཞིག་བྱུང་ན། དེས་ཆོག་གི་ལམ་ཁྱད་པར་ཅན་ཞིག་ཡིན་ནོ། །

  གཉིས་པར་སྣང་བ་དག་པར་བྱ་བ་ནི། སེམས་ལུང་ལས། སྣང་བ་དག་ན་ཟབ་མོ་མཐོང་། །ཞེས་གསུངས་པ་ལྟར། ང་ཚོས་གནས་རི་དང་སྒྲུབ་གནས། གཏེར་གནས། གཞི་བདག་སོགས་ལ་མཇལ་སྐོར་ཕེབས་པའི་ཚེ། རི་དང་གནས་དེ་དག་རང་ཁའི་སྤང་རི་དང་གངས་རི་བྲག་རིའི་རྣམ་པར་མི་འཛིན་པ། གནས་དེ་དག་ཕྱི་སྣོད་ནི་ལྷ་ཡི་གཞལ་ཡས་ཁང་། དེ་ལ་གནས་པའི་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ནི་ཡེ་ཤེས་ཀྱི་ལྷ་དང་། ཡང་ན་རིག་འཛིན་དཔའ་བོ་དཔའ་མོ་ཡིན་པ་ལ་ཡིན་པའི་འདུ་ཤེས་འཛིན་ནས་རང་སྣང་དག་པའི་སྐུ་དང་ཞིང་ཁམས་ཀྱི་རང་བཞིན་དུ་ཕུན་སུམ་ཚོགས་པ་གསལ་བཏབ་ནས་གནས་སྐོར་དང་ཕྱག་མཆོད་བྱས་ན། ཡང་དག་གི་དོན་ཟབ་མོ་མྱུར་དུ་མཐོང་བའི་ཐབས་ལམ་ཁྱད་པར་ཅན་ཞིག་ཡིན་པའི་ཕྱིར། འདི་ལྟར་མཇལ་སྐོར་ཕེབས་ཡུལ་གྱི་གནས་དེ་ཉིད་གནས་ཕུན་སུམ་ཚོགས་པ་འོག་མིན་འདའ་བ་མེད་པའི་ཞིང་ཁམས། དེར་གནས་པའི་སེམས་ཅན་ཐམས་ཅད་ནི་ས་བཅུའི་སེམས་

  དཔའ་ལྷ་དང་ལྷ་མོའི་རང་བཞིན་དུ་གསལ་གདབ། ཡང་ན་གནས་ཕུན་སུམ་ཚོགས་པ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས། སེམས་ཅན་ཐམས་ཅད་པདྨ་རིགས་ཀྱི་སེམས་དཔའ་དང་སེམས་མའི་རང་བཞིན་དུ་གསལ་གདབ། ཡང་ན་གནས་དེ་ཉིད་གཡུང་དྲུང་རིན་ཆེན་གཏམས་པའི་ཕོ་བྲང་། སེམས་ཅན་ཐམས་ཅད་ནི་རིག་འཛིན་མཁའ་འགྲོ་དཔའ་བོ་དཔའ་མོའི་རང་བཞིན་དུ་གསལ་གདབ་བོ། །དེ་ལྟར་བྱས་ན་མཆོག་ཐུན་མོང་གི་དངོས་གྲུབ་འབྱུང་ངོ་། །གསུམ་པ་ཀུན་སྤྱོད་དག་པ་ནི། སྤང་བྱའི་ཀུན་སྤྱོད་གསུམ་དང་། བླང་བྱའི་ཀུན་སྤྱོད་གསུམ་ཡོད། དང་པོ་སྤང་བྱའི་ཀུན་སྤྱོད་གསུམ་ནི། གཅིག གནས་སྐོར་བ་རྣམས་ཀྱིས་གནས་རི་ལ་མཐལ་སྐོར་ཕེབས་ཚེ། དུ་བ་འཐེན་པ་དང་ཆང་བཏུང་བ། རྐུན་བྱེད་པ། ཕོ་མོ་ལོག་གཡེམ་སྤྱོད་པ། སྲོག་གཅོད་པ། གཞན་ལ་གཡོ་སྒྱུས་མགོ་བསྐོར་བ་སོགས་མ་དག་པའི་སྤྱོད་པ་སྤང་དགོས། གཉིས། གནས་སྐོར་འགྲོ་དུས་མེ་ཆ་དང་། སྟ་རེ། གྲི་ལ་སོགས་པའི་མཚོན་ཆ་འཁུར་མི་ཉན། གནས་རི་ལ་ཅི་མོས་གང་དགས་བསང་ཕུད་པ་དང་རླུང་རྟ་འདོགས་པ་སོགས་བྱ་མི་རུང་། ལྷག་པར་དུ་མེ་ཆ་རིགས་ལ་དོག་ཟོན་དགོས། མེ་སྟག་ཆུང་ཡང་ལྷ་རི་བསྲེག ཅེས་པའི་ལྷ་རི་བསྲེག་པའི་ཉེས་པ་ནི་བསྐལ་པ་བརྒྱ་ཡང་བཤགས་སུ་མེད། ཅེས་བླ་མ་རྣམས་ཀྱི་ཞལ་རྒྱུན་ནོ། །མིའི་འགྲོ་ལམ་དུ་རླུང་རྟ་འདོགས་ན་མིས་འགོམ་པ་སོགས་བྱེད་ན་དགེ་བ་ལས་ཀྱང་ཉེས་པ་ཆེའོ། །གསུམ། གད་སྙིགས་སོགས་གང་བྱུང་འཕེན་མི་རུང་། རྒྱུ་མཚན་ནི། གནས་རི་དང་གཞི་བདག་སོགས་ལ་གནས་པའི་ལྷ་དང་ཀླུ་གཉན་ས་བདག་སོགས་ནི་གཙང་མ་ལ་དགའ་བས་དེ་དག་དང་འགལ་བའི་ལས་བྱ་མི་རུང་བ་དང་། གད་སྙིགས་གང་བྱུང་འཕེན་ན་འཁོར་ཡུག་ལ་གནོད་པའི་ལས་ཀ་བྱ་བ་ནི་མི་དགེ་བའི་ལས་སུ་འགྱུར་བའི་ཉེས་ཁ་ཆེའོ། །གཉིས་པ་བླང་བྱའི་ཀུན་སྤྱོད་གསུམ་ནི། སྐྱེ་བོ་ཕལ་པ་རྣམས་ཀྱིས་ལུས་སྒྲིབ་དག་པའི་ཆེད་དུ་རྟ་ཞོན་ཅིང་ཞྭ་གྱོན་པ་སོགས་སྤངས་ནས་གུས་པ་དང་བཅས་པས་གནས་སྐོར་འགྲོ་བ། གནས་རི་དེ་ལ་གཙང་སྦྲ་བྱེད་པ་དང་། ཕྱག་བདར་བྱས་པ་སོགས་ལུས་དག་པའི་སྒོ་ནས་ཕྱག་མཆོད་འབུལ་བྱེད་པའོ། །གནས་སྐོར་འགྲོ་བའི་སྐབས་ངག་སྒྲིབ་དག་པའི་ཆེད་དུ་འཐབ་རྩོད་དང་ངག་འཁྱལ་སོགས་སྤངས་ནས་གསོལ་འདེབས་སྙིང་པོ་རྣམ་གསུམ་འཛབ་དབྱངས་དང་བཅས་པ། ཡིད་སྒྲིབ་དག་པའི་ཆེད་དུ་ཆགས་སྡང་རྨོངས་གསུམ་དང་ང་རྒྱལ་ཕྲག་དོག་ཐེ་ཚོམ་གྱི་བསམ་མནོ་སྤངས་ནས་མོས་གུས་དག་སྣང་དང་བཅས་པས་མཇལ་སྐོར་བྱེད་པར་བྱའོ། །ལམ་ཞུགས་ཀྱི་གང་ཟག་ཡིན་ན། འདུལ་བ་དང་མཐུན་པར་སྒོ་གསུམ་བག་ཡོད་དང་ལྡན་པ། །བྱང་སེམས་དང་མཐུན་པར་ཚད་མེད་བཞི་དང་བྱང་ཆུབ་སེམས་བསྐྱེད་རྣམ་དག་དང་ལྡན་པ། གསང་སྔགས་དང་མཐུན་པར་སྒོ་གསུམ་ཁྱེར་སོ་གསུམ་དང་ལྡན་པས་བསྐོར་བ་སྟེ། དེ་དག་གང་ལྟར་ཡང་མི་དགེ་བའི་བསམ་སྤྱོར། ལུང་མ་བསྟན་གྱི་བྱ་བ་ཐམས་ཅད་སྤངས་ནས་དགེ་སེམས་ཁྱད་པར་ཅན་དང་ལྡན་པའི་སྒོ་ནས་བསྐོར་བ་བྱ། མདོར་ན་གནས་ལ་དམིགས་ཏེ་ཐལ་མོ་ཡ་གཅིག་སྦྱར་བའམ་མེ་ཏོག་གཅིག་འཐོར་བ། ཡང་ན་སྙིང་པོ་གཅིག་བགྲང་བ་ཡན་ཆད་ཀྱི་བཟང་འབྲེལ་ཅི་ཐོགས་བྱས་ཤིང་བསྐོར་བ་ནུས་ཚད་དུ་བྱ་དགོས་སོ། །

ཁ་བ་དཀར་པོར་བསགས་སྦྱང་བགྱིས་པའི་ཕན་ཡོན་བསྟན་པ།

  དྲུག་པ། རྒྱལ་བའི་སྐུ་གཟུགས་དང་། གསུང་རབ་གླེགས་བམ། ཐུགས་རྟེན་མཆོད་རྟེན་ལ་དད་པས་མཇལ་ཞིང་ཕྱག་མཆོད་བསྐོར་བ་ཕུད་དུད་སོགས་བགྱིས་པའི་ཕན་ཡོན་ཚད་མེད་པ་ཡོད་པའི་ཚུལ་ནི་རྒྱལ་བའི་བཀའ་དྲི་མེད་གཟི་བརྗིད་སོགས་མདོ་རྒྱུད་རྣམས་ལས་གསུངས་པ་ལྟར་ལ། འདིར་ནི་རྒྱལ་བའི་ཐུགས་རྗེ་དང་སེམས་ཅན་གྱི་བསོད་ནམས་ཀྱི་སྟོབས་ལས་གྲུབ་པའི་རང་བྱུང༌གི་གནས་རི་ལ་ཕྱག་བསྐོར་སོགས་ཀྱི་ཕན་ཡོན་ཡོད་པ་ནི། ཚེ་དབང་རིག་འཛིན་ཞུས་ལན་ལས། རིག་འཛིན་མཁའ་འགྲོ་འདུ་བའི་གནས། །མ་རིག་བློ་ཡིས་མི་མཐོང་ཡང༌། །མཁའ་ལ་སྐར་ཚོགས་བཀྲ་ལྟར་བཞུགས། །ཚོགས་དང་སྒོམ་སྒྲུབ་སྨོན་ལམ་འདེབས། །འབྲེལ་ཚད་ཐམས་ཅད་འདྲེན་པར་ངེས། །ཞེས་པ་སོགས་མཐའ་ཡས་པར་གསུངས་སོ། །ཁྱད་པར་དུ་གནས་ཆེན་ཁ་བ་དཀར་པོ་གནས་རི་འདི་སྒོ་གསུམ་གུས་པའི་སྒོ་ནས་ཕྱག་སྐོར་བྱེད་ན་ཚོགས་གཉིས་རྫོགས་པ་དང་། གནས་དེ་ལ་ཡི་དམ་སྒོམ་སྒྲུབ་བྱེད་ན་མཆོག་ཐུན་གཉིས་ཀྱི་དངོས་གྲུབ་མྱུར་དུ་ཐོབ་པ། མཆོད་བསྟོད་བྱེད་ན་བསམ་པའི་འདོད་དོན་འགྲུབ་པ། སྒྲིབ་གཉིས་བྱང་ཞིང་ཚོགས་ཆེན་རྫོགས་པ། ཚོགས་འཁོར་བསྐོར་ན་མཁའ་སྤྱོད་བདེ་བར་ཆེན་པོར་བགྲོད་ནུས་པ། ཏིང་འཛིན་སྒོམ་ལ་བཞུགས་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ནི་སྒྲུབ་གནས་སྤྱིའི་ཡོན་ཏན་དང་མཐུན་ནོ། །ཁ་བ་དཀར་པོའི་གནས་རི་འདི་ནིགསང་སྔགས་ཀྱི་ཡི་དམ་དབལ་གསས་རྔམ་པ་དང་མ་རྒྱུད་གསང་མཆོག་མཐར་ཐུག་གི་སྒྲུབ་གནས་ཁྱད་པར་ཅན་ཡིན་པས་གསང་སྔགས་སྤྱི་དང་ཁྱད་པར་མ་རྒྱུད་སྒྲུབ་ན་འགྲུབ་སླ་བ་སོགས་གནས་རི་འདིའི་ཡོན་ཏན་དང་ཁྱད་བོན་ནི་བདག་ཅག་ཚུར་མཐོང་གི་སྤྱོད་ཡུལ་མིན་པས་དེ་ཙམ་གྱིས་ཆོག་པར་མཛད་དོ། །

  སྨྲས་པ། སྐུ་ཡི་སྟོན་པ་རྣམ་འདྲེན་དམུ་རྒྱལ་སྲས། །གསུང་གི་སྟོན་པ་གདུང་སོབ་མུ་ཆོ་དང་། །ཐུགས་ཀྱི་སྟོན་པ་བླ་ཆེན་དྲན་པ་རྗེ། །གྱེར་གྱི་སྟོན་པ་རྣམ་གསུམ་དུས་ཀུན་རྒྱལ། །སྙིགས་དུས་དཔའ་བོ་དྲན་པ་ཡབ་སྲས་གསུམ། །འབྱུང་བཞི་དབང་ཐོབ་གྲུབ་ཆེན་བརྒྱད་ཅུ་དང་། །ཟབ་བོན་མངའ་བདག་གཏེར་སྟོན་བརྒྱ་རྩ་བརྒྱད། །ཕྱི་དར་བསྟན་འཛིན་ཚོགས་རྣམས་རྒྱལ་གྱུར་ཅིག །བོན་གཤེན་བསྟན་འགྲོ་ཁུར་བཞེས་དཔའ་བོ་ཚོགས། །གནས་མཆོག་རོང་བཙན་ཁ་བ་དཀར་པོ་ཡི། །ཞིང་འདིར་ཕེབས་ནས་ཕྲིན་ལས་འོད་སྟོང་མཆེད། །གདུལ་བྱའི་བློ་མུན་སེལ་བའི་བཀའ་དྲིན་དྲན། །ཕྱི་ལྟར་མཆོག་གསུམ་རྩ་གསུམ་ཡི་དམ་གནས། །ནང་ལྟར་རིག་འཛིན་དཔའ་བོ་མཁའ་འགྲོའི་གནས། །གསང་བ་འཆི་མེད་དྲན་པ་ཡབ་སྲས་གནས། །ཡང་གསང་མ་རྒྱུད་གནས་མཆོག་དཀར་ཆག་བྲིས། །སྔར་ཡོད་བོན་གྱི་རྒྱལ་གཞུང་ཁུངས་འཚོལ་ཞིང་། །ཕྱིར་བྱོན་བོན་གཤེན་རྣམས་ཀྱིས་ཞལ་རྒྱུན་རྣམས། །རང་བཟོའི་བློ་ཡི་དྲི་མས་མ་བསླད་པར། །ཡང་དག་ཚིག་སྦྱོར་སྡེབ་སྟེ་འདི་ན་སྤེལ། །འོན་ཀྱང་གནས་རིའི་ཡོན་ཏན་ཆུ་གཏེར་མཐའ། །བདག་བློ་སྦལ་བའི་རྐྱལ་རྩལ་གཞལ་མི་ནུས། །འགལ་འཁྲུལ་ནོང་པ་ཅི་མཆིས་མཆོག་གསུམ་དང༌། །རྩ་གསུམ་བོན་སྐྱོངས་ཚོགས་ལ་སྙིང་ནས་འཆགས། །འདི་བརྩམས་དགེ་འབྲས་གཤེན་བསྟན་དར་ཞིང་རྒྱས། །བསྟན་འཛིན་སྐྱེས་བུ་ས་ཆེན་ཡོངས་སུ་འགེངས། །བསྟན་པའི་སྦྱིན་བདག་མངའ་ཐང་ལོངས་སྤྱོད་རྒྱས། །མ་གྱུར་འགྲོ་རྣམས་རྣམ་མཁྱེན་ཐོབ་ཕྱིར་བསྔོ། །

  ཞེས་གནས་མཆོག་རོང་བཙན་ཁ་བ་དཀར་པོའི་རྟོགས་བརྗོད་གཤེན་རབ་དགྱེས་པའི་དུང་འཕར་ཆེན་རང་སྒྲ་ཞེས་བྱ་བ་འདི་ནི། ཡུན་ནན་ཡུལ་གྱི་སློབ་མ་རྣམས་ཀྱིས་བསྐུལ་བ་ལ་བརྟེན་ནས་རྒྱལ་འཕགས་བཀའ་ལུང་ཟབ་མོ་རྣམས་ལ་གཞིར་བཅོལ་ཏེ་ཉག་རོང་ཡེ་ཤེས་དགོན་པའི་གཡག་དྲུག་ཚང་སེང་གེ་སྤྲུལ་སྐུ་རིག་འཛིན་ཉི་མས་དུས་རབས་ཉེར་གཅིག་པའི་ཆུ་སྟག་ལོ་སྟེ་སྤྱི་ལོ༢༠༢༢ལོའི་བོད་ཟླ༡༡པའི་ཚེས༡༦ས་ཆུ་འཕྲད་པའི་ལང་ཚོ་སྦྱོར་བའི་ཉིན་ལ་རྒྱ་ནག་ཁྲེང་ཏུའུ་ལ་སྦྱར་བའོ། །བཀྲ་ཤིས་སོ། །

  དཔྱད་མཆན།

  1 (༡)ཤར་རྒྱལ་མོ་རོང་རྩུབ་པའི་རོང་། ལྷོ་མོན་ཁ་གྲོལ་མུན་ནག་གི་རོང་། ནུབ་ལི་ཡུལ་རྫ་མི་རོང་། བྱང་སྐྱེད་ཡུལ་གངས་ཀྱི་རོང་། དྲན་པའི་མ་འོངས་ལུང་བསྟན་དཔེ་གཟུགས་ཤ་༦༡༠ཕ་༣ལས་དྲངས། (༢)ཤར་དུ་རྒྱལ་མོ་རོང་། ལྷོ་རུ་ཚ་བ་རོང་། ནུབ་ཏུ་ཀོང་པོ་རོང་། བྱང་དུ་ཨ་ཏ་རོང་སྟེ་བཞིའོ། །

  2 ཤོད་ཆེན་བཅོ་བརྒྱད། མདོ་ཁམས་སྒང་གི་གླིང་ཁམས་ན་ཤོད་ཆེན་པོ་བཅོ་བརྒྱད་ཡོད་པ་དང་། ནག་ཤོད་དང་སོག་ཤོད་གཉིས། ལྕི་ཤོད་དང་སུམ་ཤོད་བཞི། དཀར་ཤོད་དང་དམར་ཤོད་དྲུག གཉི་ཤོད་དང་ཟླ་ཤོད་བརྒྱད། སྐྱི་ཤོད་ཡུག་ཤོད་གཉིས་དང་བཅུ། དམེ་ཤོད་འཇག་ཤོད་བཅུ་གཉིས། སྟག་ཤོད་འབྲི་ཤོད་བཅུ་བཞི། འདན་ཤོད་རྨ་ཤོད་བཅུ་དྲུག དྲེ་ཤོད་ཉག་ཤོད་བཅོ་བརྒྱད་དོ། །སྲིད་པ་རྒྱུད་ཀྱི་ཁ་བྱང་དཔེ་གཟུགས་ཤ༥༤ཕ་༦ལས་དྲངས།

  3 ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས«སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ» པོད་ཉི་ཤུ་པ། སྟོད་ཆ། «འདུས་པ་རིན་པོ་ཆེ་གཟེར་དམིག་ལེའུ་སྟེ་བཅོ་བརྒྱད་པ» སྟོན་པ་གཤེན་རབ་མི་བོས་གསུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་ཐེངས་དང་པོ་དཔར། ཤ༤༤༩

  4 ཚེ་རིང་ཐར་གྱིས་གཙོ་སྒྲིག་བྱེད་པའི«གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།» དེབ་བརྒྱད་པ། «དབུ་མ་བདེན་གཉིས་ཀྱི་གཞུང་» མེ་སྟོན་ཤེས་རབ་འོད་ཟེར་གྱིས་ས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས་༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤ༢༧༥

  5 ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས«སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ» པོད་ཉི་ཤུ་པ། སྟོད་ཆ། «འདུས་པ་རིན་པོ་ཆེ་གཟེར་དམིག་ལེའུ་སྟེ་བཅོ་བརྒྱད་པ» སྟོན་པ་གཤེན་རབ་མི་བོས་གསུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་ཐེངས་དང་པོ་དཔར། ཤ༤༤༩

  6 ཚེ་རིང་ཐར་གྱིས་གཙོ་སྒྲིག་བྱེད་པའི«གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།» དེབ་བཅུ་གཉིས་པ། «སྲིད་པའི་མཛོད་ཕུགས་ཀྱི་ཚིག་དོན་གསལ་བར་བྱེད་པའི་འགྲེལ་བ་འཕྲུལ་གྱི་སྒྲོན་མ» མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་ས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས་༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤ༡༩

  7 ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས«སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ» པོད་གོ་གཅིག་པ། «གབ་པ་ཐུགས་ཀྱི་བརྣག་པ་ཁྲོ་རྒྱུད་གསང་བ་བསེན་ཐུབ» སྟོན་པ་འཆི་མེད་གཙུག་ཕུད་དམ་སྟོན་པ་གཤེན་རབ་མི་བོས་གསུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་ཐེངས་དང་པོ་དཔར། ཤ༦

  8 ཀླུ་འབུམ་དཀར་པོ། བྲིས་མ། ཡེ་ཤེས་དགོན་དུ་བཞུགས། ལྡེབ་རིང་། ༨༠ སྲིབ།

  9 སྟོང་སྐོར་ཚེ་རིང་ཐར་གྱིས་རྩོམ་སྒྲིག་པའི«གངས་ཏི་སེ་བོན་གཞུང་རིག་མཛོད» དེབ་དང་པོ། «བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མ།» སྤ་སྟོན་བསྟན་རྒྱལ་བཟང་པོས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤ༢༡༩ ནང་དུ་ལུང་དྲངས་ཡོད།

  10 «ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་དཔྱོད་ལྡན་དགའ་བའི་ཆར» ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས༡༩༨༥ལོའི་ཟླ༩པར་པེ་ཅིན་ལ་པར་ཐེངས་དང་པོ་བརྒྱབ། ཤ༩ ནང་དུ་ལུང་དྲང་ཡོད།

  11 ཁྲི་བསོད་བསྟན་གྱིས་བསྒྲིགས་པའི་«བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ» པོད་གསུམ་པ། «སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ» ཁོད་པོ་བློ་གྲོས་ཐོགས་མེད་ཀྱི་གཏེར་མ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། ༢༠༡༨ལོའི་ཟླ༧པར་པར་གཞི་དང་པོ་བསྒྲིགས། ཤ༢༡༤-༢༡༥

  12 བསོད་ལོས་བསྒྲིགས། «དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན།» གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་གཉིས་པ། ཤ༤༠༣

  13 ཚེ་རིང་ཐར་གྱིས་གཙོ་སྒྲིག་བྱེད་པའི«གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།» དེབ་དང་པོ། «བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ» མཁས་གྲུབ་ལུང་རྟོགས་རྒྱ་མཚོས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས་༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤ

  14 བསྟན་པ་རྣམ་གསུམ་ལ་འདོད་སྟངས་གསུམ་ཡོད། གཅིག སྐུ་ཡི་བསྟན་པ་ནི་སྐུ་གཟུགས་སྤྱན་ཅན་དང་། གསུང་གི་བསྟན་པ་ནི་གསུངས་རབ་གླེགས་བམ་། ཐུགས་ཀྱི་བསྟན་པ་ནི་རྒྱལ་བའི་མཆོད་རྟེན། །གཉིས། སྐུ་ཡི་བསྟན་པ་ནི་སྟོན་པ་གཤེན་རབ་ཀྱི་བསྟན་པ་དང་། གསུང་གི་བསྟན་པ་ནི་ཤཀྱ་ཐུབ་པའི་བསྟན་པ། ཐུགས་ཀྱི་བསྟན་པ་ནི་བླ་ཆེན་ཡབ་སྲས་གསུམ་གྱི་བསྟན་པ། གསུམ། སྐུ་ཡི་བསྟན་པ་ནི་སྟོན་པ་གཤེན་རབ་ཀྱི་བསྟན་པ་དང་། གསུང་གི་བསྟན་པ་ནི་མུ་ཆོ་ལྡེམ་དྲུག་གི་བསྟན་པ། ཐུགས་ཀྱི་བསྟན་པ་ནི་བླ་ཆེན་དྲན་པ་ནམ་མཁའི་བསྟན་པ།

  15 ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》པོད་བཅུ་གཉིས་པ། 《སྟོན་པས་འཁོར་རྣམས་ལ་རྒྱུ་འབྲས་རྣམ་པར་འབྱེད་པའི་མདོ།》 སྟོན་པ་གཤེན་རབ་མི་བོས་གསུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་པར་ཐེངས་དང་པོ་དཔར། ཤ༣༡༠

  16 《སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་ཚོགས་ཀྱི་མགྲིན་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ།》 དཔལ་ལྡན་ཚུལ་ཁྲིམས་ཀྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོར་ཟླ11པར་པར་ཐེངས་དང་པོ་བརྒྱབ། ཤ༦༨

  17 ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》པོད་བཅུ་དགུ་པ། 《འདུས་པ་རིན་པོ་ཆེའི་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་སྟོན་པས་འཁོར་སྤང་དགོན་པ་མཛད་པའི་མདོ》སྟོན་པ་གཤེན་རབ་མི་བོས་གསུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་པར་ཐེངས་དང་པོ་དཔར། ཤ༣༡༨

  18 《གསང་བ་འདུས་པ་དོན་གྱི་རྒྱུད།》 སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་རྒྱུད། བྲིས་མ། ལྡེབ༡༡

  19 ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》པོད་བཅུ་དགུ་པ། 《མཁའ་འགྲོ་རིན་ཆེན་འཕྲེང་བའི་རྒྱུད》ལུང་བོན་ལྷ་གཉེན་གྱི་གཏེར་མ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་པར་ཐེངས་དང་པོ་དཔར། ཤ༡༣

  20 སྣང་མཐའ་བསྟན་འཛིན་ཉི་མས་བསྒྲིགས་པའི།«ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས» སྨད་ཆ། «ཞང་བོད་ལོ་རྒྱུས་མ་བཅོས་གསེར་ཀྱི་ཡང་ཞུན» ཀུན་གསལ་བློ་གྲོས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༡པར་པར་གཞི་དང་པོ་བསྒྲིགས། ཤ༥༦༩

  21 བསོད་ལོས་བསྒྲིགས། «དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན།» གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་བཞི་པ། ཤ༢༩༣

  22 བསོད་ལོས་བསྒྲིགས། «དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན།» གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་བཞི་པ། ཤ༡༠༢

  23 བསོད་ལོས་བསྒྲིགས། «དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན།» གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་བཞི་པ། ཤ༡༠༡

  24 ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས«སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ» པོད་ཞེ་གསུམ་པ། «ཕྱྭ་གཤེན་ཐེག་པའི་བོན་སྒོ་ལས་དཔྱད་དོན་སྒྱུ་མ་གསེར་འབུམ་བཞུགས་པའི་དབུ» སྟོན་པ་གཤེན་རབ་མི་བོས་གསུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་ཐེངས་དང་པོ་དཔར། ཤ༤༩༠

  25 བསོད་ལོས་བསྒྲིགས། «དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན།» གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་བཞི་པ། ཤ༢༩༣

  26 སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི་«གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ» ལས་གླེགས་བམ༨༧པ།«བསང་མཆོད་ཡིད་བཞིན་ནོར་བུ» བློ་ལྡན་སྙིང་པོས་བརྩམས། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤ༡༢༨༧

  27 བསོད་ལོས་བསྒྲིགས། «དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན» གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་གསུམ་པ། ཤ༣༥༧

  28 «གནས་ཆེན་ཁ་བ་དཀར་པོའི་ནང་སྐོར་གནས་ཡིག་ཉི་མའི་འོད་ཟེར»ཚེ་དབང་ཉི་མས་བརྩམས། ཚེ་རིང་ཆོས་འཕེལ་གྱིས་བསྒྱུར། ཡུན་ནམ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༡པར་པར་གཞི་དང་པོ་བསྒྲིགས། ཤ༡༤

  29 སྣང་མཐའ་བསྟན་འཛིན་ཉི་མས་བསྒྲིགས་པའི།«ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས» སྨད་ཆ། «ཞང་བོད་ལོ་རྒྱུས་མ་བཅོས་གསེར་གྱི་ཡང་ཞུན» ཀུན་གསལ་བློ་གྲོས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༡པར་པར་གཞི་དང་པོ་བསྒྲིགས། ཤ། ༥༦༩

  30 བསོད་ལོས་བསྒྲིགས། «དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན།» གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་བཞི་པ། ཤ༡༠༡-༡༠༢

  31 «ཞང་བོད་ཚིག་མཛོད་ཆེན་མོ» སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠ལོའི་ཟླ༡༢པར་པར་གཞི་དང་པོ་བསྒྲིགས། ཤ༡༨༤

  32 ཐོག་མར་གངས་རི་ནི། ཞང་ཞུང་ཡུལ་གྱི་ལྟེ་བ་འཛམ་གླིང་ས་ཡི་ལྟེ་འབུར། རི་མཆོག་གངས་ཏེ་སེ་དང་། རྟ་སྒོ་གངས་རི། ཇོ་མོ་གླང་མ། དབྱུག་རྗེ་གངས་དཀར། རྒྱལ་པོ་གངས་རི། ཕག་རི་ཇོ་མོ་གངས་དཀར། དུག་ལ་གངས་རི། བསམ་ཕུ་གངས་ལྷ། མེ་ལྕེ་གངས་སྐན། ཨ་ཝེར་གངས་རི། ནོར་ལྷ་གངས་རི། རོ་ལ་གངས་རི། བསམ་གཏན་གངས་བཟང་། རོང་བཙན་ཁ་བ་དཀར་པོ། ཇོ་མོ་གངས་དཀར། རྨ་ཆེན་སྤོམ་རིའི་གངས་རི་དབུ་རྩེ་བཅུ་གསུམ། རྨ་ཆེན་གངས་དཀར་ཇོ་མོ། སོགས་ལམ་གངས་རི། སེར་དམར་གངས་རི། སྦལ་ཞོལ་གངས་རི། ཞོལ་ལ་ཕུ་གངས་རི། ཡོག་པོ་གངས་རི། བྱོན་པོ་གངས་རི། བྱ་ཁྱུང་གངས་རི། རྩ་རི་རྩེའི་གངས་རི། བྲག་རྡོ་གངས་རི། གངས་ཆེན་གཡུ་ལྷ། ཤར་གཉེན་དུང་རི་དཀར་པོ་དང་ཉེར་བརྒྱད་དོ། །

  33 སྣང་མཐའ་བསྟན་འཛིན་ཉི་མས་བསྒྲིགས་པའི་«ཞང་བོད་ལོ་རྒྱུས་ཆེན་མོ» སྟོད་ཆ། «སྟོད་འདུལ་རྒྱུད་ཀྱི་བསྒྲགས་པ» རྒྱུང་ཡར་བླ་ཆེན་ཁོད་སྤུངས་གིས་བརྩམས། རྨ་ཤེས་རབ་སེང་གེའི་གཏེར་མ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༡པར་པར་གཞི་དང་པོ་བསྒྲིགས། ཤ༧༣༤

  34 སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི་«གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ» ལས་གླེགས་བམ༨༦ པ། «དགོངས་འདུས་ཨ་དཀར་འོད་ཀྱི་སྒོམ་སྒྲུབ་ཉམས་ལེན» ཁྱུང་པོ་བླ་མའི་གཏེར་མ། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤ༥༧༠

  35 བསོད་ལོས་བསྒྲིགས། «དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན» གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་གསུམ་པ། ཤ༣༥༧

  36 བསོད་ལོས་བསྒྲིགས། «དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན།» གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་བཞི་པ། ཤ༡༠༡

  37 བསོད་ལོས་བསྒྲིགས། «དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན།» གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་བཞི་པ། ཤ༡༠༡-༡༠༢

  38 བསོད་ལོས་བསྒྲིགས། «དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན།» གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་བཞི་པ། ཤ༢༩༣

  39 སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི་«གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ» ལས་གླེགས་བམ༨༦པ། «དགོངས་འདུས་ཨ་དཀར་འོད་ཀྱི་སྒོམ་སྒྲུབ་ཉམས་ལེན» ཁྱུང་པོ་བླ་མའི་གཏེར་མ། ༡༩༩༨ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤ༥༧༣

  40 «སྤྲུལ་སྐུ་གཏེར་སྟོན་བརྒྱ་རྩའི་གསོལ་འདེབས་བྱིན་རླབས་ཆར་འབེབས།» རིག་འཛིན་ཀུན་གྲོལ་གྲགས་པས་བརྩམས། སྡེ་དགེའི་པར་ཁང་དུ་བཞུགས། ལྡེབ༦ཉིན།

  41 བསོད་ལོས་བསྒྲིགས། «དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན།» གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་བཞི་པ། ཤ༣༡༢

  42 ཚེ་རིང་ཐར་གྱིས་གཙོ་བསྒྲིགས་པའི«ཟབ་དང་རྒྱ་ཆེ་གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་དཀར་ཆག་ཉི་མ་འབུམ་གྱི་འོད་ཟེར» རིག་འཛིན་ཀུན་གྲོལ་གྲགས་པས་བརྩམས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༣ལོའི་ཟླ༡༢པར་གཞི་དང་པོ་བསྒྲིགས། ཤ༨༤

  43 སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི་«གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ» ལས་གླེགས་བམ༨༦ པ། «དགོངས་འདུས་ཨ་དཀར་འོད་ཀྱི་སྒོམ་སྒྲུབ་ཉམས་ལེན» ཁྱུང་པོ་བླ་མའི་གཏེར་མ། ༡༩༩༨ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤ༥༧༠

  44 «ཞང་བོད་གདན་རབས»སྟོད་ཆ། སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པས་བཏུས་རྩོམ་བྱས། ༢༠༡༥ལོ་ཟླ༡ལ་མི་རིགས་དཔེ་སྐྲུན་ཁང་གིས་པར་ཐེངས་དང་པོ། ཤ༣༦༨

  45 «ཞང་བོད་གདན་རབས»སྟོད་ཆ། སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པས་བཏུས་རྩོམ་བྱས། ༢༠༡༥ལོ་ཟླ༡ལ་མི་རིགས་དཔེ་སྐྲུན་ཁང་གིས་པར་ཐེངས་དང་པོ། ཤ༣༨༢

  46 «ཞང་བོད་གདན་རབས»སྟོད་ཆ། སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པས་བཏུས་རྩོམ་བྱས། ༢༠༡༥ལོ་ཟླ༡ལ་མི་རིགས་དཔེ་སྐྲུན་ཁང་གིས་པར་ཐེངས་དང་པོ། ཤ༣༧༨

  47 «གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས།» དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༤༣༤

  48 «སྤྲུལ་སྐུ་གཏེར་སྟོན་བརྒྱ་རྩའི་གསོལ་འདེབས་བྱིན་རླབས་ཆར་འབེབས།» རིག་འཛིན་ཀུན་གྲོལ་གྲགས་པས་བརྩམས། སྡེ་དགེའི་པར་ཁང་དུ་བཞུགས། ལྡེབ༦ཉིན།

  49 བསོད་ལོས་བསྒྲིགས། «དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན།» གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་བཞི་པ། ཤ༣༡༣

  50 «སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བའི་རྒྱན།» སྟོད་ཆ། སངས་རྒྱས་གླིང་པས་མཛད་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། ཤ༨༣

  51 གཙོ་སྒྲིག་པ། མཁར་རྨེའུ་བསམ་གཏན་རྒྱལ་མཚན། ན་ག་ནོ། «བོན་གྱི་བཀའ་བརྟེན་ཕྱོགས་བསྡུས་དཀར་ཆག» ཉི་ཧོང་ཨོ་ས་ཁ་རྒྱལ་ཡོངས་མི་རིགས་རྩད་ཞིབ་རིག་པའི་འགྲེལ་སྟོན་ཁང་གིས༢༠༠༡ལོར་པར་སྐྲུན་བྱས། ཤ༦༥༤

  52 «གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས།» དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༤༥༥

  53 བསོད་ལོས་བསྒྲིགས། 《དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན།》གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་བཞི་པ། ཤ༣༡༦

  54《འགྲོ་འདུལ་བསྟན་གཉིས་གསང་སྔགས་གླིང་པའི་སྐྱེ་གནས་བར་དོའི་རྣམ་པར་ཐར་པ་བརྗོད་པ་སྒྱུ་མའི་འཁྲུལ་འཁོར།》ཤོག་༦-༧

  55 གཙོ་སྒྲིག་པ། མཁར་རྨེའུ་བསམ་གཏན་རྒྱལ་མཚན། ན་ག་ནོ། «བོན་གྱི་བཀའ་བརྟེན་ཕྱོགས་བསྡུས་དཀར་ཆག» ཉི་ཧོང་ཨོ་ས་ཁ་རྒྱལ་ཡོངས་མི་རིགས་རྩད་ཞིབ་རིག་པའི་འགྲེལ་སྟོན་ཁང་གིས༢༠༠༡ལོར་པར་སྐྲུན་བྱས། ཤ༡༡༨༩

  56 བླ་མའི་བྱང་སེམས་ལ་ཟེར།

  57 «གནས་ཆེན་ཁ་བ་དཀར་པོའི་ནང་སྐོར་གནས་ཡིག་ཉི་མའི་འོད་ཟེར» ཚེ་དབང་ཉི་མས་བརྩམས། ཚེ་རིང་ཆོས་འཕེལ་གྱིས་བསྒྱུར། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༡པར་པར་གཞི་དང་པོ་བསྒྲིགས། ཤ༦༢

  58 «གནས་ཆེན་ཁ་བ་དཀར་པོའི་ནང་སྐོར་གནས་ཡིག་ཉི་མའི་འོད་ཟེར» ཚེ་དབང་ཉི་མས་བརྩམས། ཚེ་རིང་ཆོས་འཕེལ་གྱིས་བསྒྱུར། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༡པར་པར་གཞི་དང་པོ་བསྒྲིགས། ཤ༦༢

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།