འཇང་ཡུལ་གཡུ་རི་སྔོན་པོའི་གནས་ཡིག་གཡུང་དྲུང་རང་སྒྲ་ཞེས་བྱ་བ་བཞུགས་སོ། །
[ཟླ་ཚེས། 2023-03-28 12:48:01][རྩོམ་པ་པོ། སེང་སྤྲུལ་རིག་འཛིན་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
འཇང་ཡུལ་གཡུ་རི་སྔོན་པོའི་གནས་ཡིག་གཡུང་དྲུང་རང་སྒྲ་ཞེས་བྱ་བ་བཞུགས་སོ། །
རྒྱལ་བ་སྟོན་པ་གཤེན་རབ་མི་བོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་གྱི་རྣམ་འདྲེན་དམུ་རྒྱལ་གྱི། །སྡེ་སྣོད་གསུམ་གྱི་བཀའ་ལུང་ཡོད་དོ་ཅོག །སྲིད་པ་གསུམ་ལ་བོན་སྒྲ་སྒྲོག་མཁས་པ། །གཤེན་རབ་གསུམ་ལ་སྒོ་གསུམ་གུས་པས་འདུད། །རྒྱལ་ཀུན་སྤྱི་གཟུགས་དྲན་པ་ནམ་མཁའ་རྗེ། །འཆི་མེད་ཚེ་ལ་དབང་བའི་རིག་པ་འཛིན། །འབྱུང་བཞི་དབང་ཐོབ་འཇང་ཚ་འཕན་སྣང་བཅས། །འཇང་ཡུལ་བོན་བསྟན་སྤེལ་མཛད་དུས་ཀུན་རྒྱལ། །འཆི་མེད་རྒྱལ་བ་ཡབ་སྲས་འཁོར་བཅས་ཀྱི། །ཐུགས་ཀློང་ཡེ་ཤེས་འབར་བའི་གུར་ཁང་ནས། །འཇང་ཡུལ་གཡུ་རི་སྔོན་པོའི་གནས་ཡིག་འདི། །སྤེལ་ལ་ཐུགས་རྗེ་བྱིན་རླབས་གནང་བ་སྩོལ། །ཞང་བོད་བོན་གྱི་རྒྱལ་ཁམས་ཁོངས་གཏོགས་པའི། །འཇང་ཡུལ་ཞེས་གྲགས་ས་ཡི་ལྟེ་བ་ཡི། །གཡུ་རི་སྔོན་པོ་ཞེས་པའི་གནས་ཀྱི་མཆོག །གནས་ཡིག་གཡུང་དྲུང་རང་སྒྲ་འདི་ན་གྲགས། །ཞེས་ཚིགས་སུ་བཅད་པའི་མེ་ཏོག་ཀུན་དྷ་ར་འཐོར་ནས། འདིར་ཞང་བོད་རོང་བཞི་ཤོད་ཆེན་བཅོ་བརྒྱད་ཡུལ་གྱི་ཁོངས་སུ་གཏོགས་པ། གངས་ཅན་ཤར་གྱི་ཡུལ་ཕྱོགས་མདོ་ཁམས་ལྗོངས་ཀྱི་ཡུལ་གྱི་ཡན་ལག། སྦས་ཡུལ་དུ་མ་ལུང་བསྟན་པའི་ནང་ཚན། ཡུན་ནན་ཞིང་ཆེན་ལི་ཅང་ཞེས་ཡོངས་སུ་གྲགས་པའི་གནས་མཆོག་གཡུ་རི་སྔོན་པོ་ཞེས་པའི་འཇང་ཡུལ་གཡུ་རི་སྔོན་པོའི་གནས་ཡིག་གཡུང་དྲུང་རང་སྒྲ་འཆད་པ་ལ་དོན་བཅུ་གཉིས་ཏེ། སྤྱིར་འཇང་ཡུལ་ངོས་འཛིན་བསྟན་པ། འཇང་ཡུལ་གཡུ་རི་སྔོན་པོ་ངོས་འཛིན་པ་བསྟན་པ། འཇང་ཡུལ་གཡུ་རི་སྔོན་པོ་བྱུང་ཚུལ་བསྟན་པ། བོན་གྱི་རིན་པོ་ཆེ་རི་བོ་བདུན་བསྟན་པ། གནས་ཆེན་གཡུ་རི་སྔོན་པོ་ལ་བྱིན་གྱིས་རླབས་ཚུལ་བསྟན་པ། གཡུ་རི་སྔོན་པོའི་ཕྱི་སྣོད་བསྟན་པ། གཡུ་རི་སྔོན་པོའི་ནང་བཅུད་བསྟན་པ། གཡུ་རི་སྔོན་པོའི་གསང་གནས་བསྟན་པ། གཡུ་རི་སྔོན་པོ་ལ་བླ་ཆེན་དྲན་པ་ནམ་མཁའི་མཛད་པ་བསྟན་པ། གཡུ་རི་སྔོན་པོར་ཚེ་དབང་རིག་འཛིན་གྱི་རྗེས་བཞག་སྐོར་བསྟན་པ། གཡུ་རི་སྔོན་པོ་སོགས་འཇང་ཡུལ་ལ་བོན་བསྟན་སྤེལ་མཁན་འགའ་བསྟན་པ། འཇང་རི་སྔོན་པོ་ལ་སྐོར་བ་བྱེད་ལུགས་དང་ཕན་ཡོན་སོགས་བསྟན་པ་དང་བཅུ་གཉིས་སོ། །
སྤྱིར་འཇང་ཡུལ་ངོས་འཛིན་བསྟན་པ།
འཛམ་གླིང་མཐའ་དབུས་ཀྱི་རྣམ་བཞག་ཉེར་མཁོའི་སྣང་བ་ལས། གངས་ཏི་སེའི་ཤར་ལྷོའི་ཕྱོགས་སུ། ཨ་ཤང་གི་ཡུལ་མཐའ་གྷྲྀ་རྡོ་ཟེར་བ་ནས་ཤར་ཕྱོགས་སུ་འཇང་ཡུལ་ཡོད་ཅིང༌། དེར་ས་ཐམ་རྒྱལ་པོའི་མཁར་ཤུལ་སྣང་ཟེར། ཀརྨ་པའི་ཆོས་ལུགས་དང༌། བོན་ལུགས་བོད་ནས་དར་བའི་བརྒྱུད་འཛིན་ཅི་རིགས་ཡོད་འདུག། དེའི་ཤར་ན་ཀོ་ཀི་ཟེར་བའི་རྒྱལ་ཁམས་ནི་རྒྱ་གར་གྱི་ཡུལ་མཐའ། རྒྱ་ནག་གི་མངའ་འོག་ཡུ་ནན་གྱི་མཚམས་ལ་ཐུག་པའོ། །1ཞེས་གངས་རྒྱལ་ཏི་སེའི་ཤར་ལྷོའི་མཚམས་སུ་ཡོད་པར་བསྟན། སྤྱིར་འཇང་ཞེས་པ་འདི་ལ་མཁས་པ་འགའ་ཞིག་གིས་བོད་སྐད་དུ་ལྗང་དང་འཇང་། རྒྱ་སྐད་དུ་ཆང་ཞེས་འབོད་པའི་སྒྲ་ཟུར་ཆག་པ་ལས་དོན་དུ་ཆང་མི་རིགས་ལ་ཟེར་ཞིང་། མི་རིགས་དེ་ནི་བོད་མི་རིགས་ཀྱི་མེས་པོ་ཡིན་པ་དང་རྗེས་སུ་མཚོ་སྔོན་ཀན་སུའུ་ཕྱོགས་ནས་བོད་དབུས་གཙང་དུ་སྤོས་པ་ཡིན་གསུང་ཡང་། བོད་མི་རིགས་ཀྱི་མེས་པོ་ཞང་བོད་ས་གནས་རང་དུ་སྐྱེས་ནས་འཚར་ལོངས་བྱུང་བ་ཞིག་ཡིན་པ་ལས་ས་གནས་གཞན་ནས་སྤོས་པ་ཞིག་མིན་པའི་སྐོར་མཁས་དབང་མང་པོས་ཆེད་རྩོམ་སྤེལ་གནང་ཡོད་པར་གཟིགས་ཙམ་གྱི་ཤེས་ཐུབ། ཡང་འཇང་ཡུལ་དེ་ལ་ངོས་འཛིན་ཚུལ་མང་པོ་ཡོད་ཀྱང་། འདིའི་སྐབས་སུ་གླེང་བ་བྱ་བ་ནི། མདོ་འདུས་པ་རིན་པོ་ཆེའི་རྒྱུད་ཐམས་ཅད་མཁྱེན་པའི་བཀའ་ཚད་མ་ལས། ནུབ་ཕྱོགས་དམུའི་ཡུལ། ཤར་ཕྱོགས་རྒྱའི་ཡུལ། ལྷོ་ཕྱོགས་མོན་གྱི་ཡུལ། ཤར་ལྷོ་འཇང་གི་ཡུལ། བྱང་ཕྱོགས་ལི་བལ་ཕྲོམ། བྱང་ཤར་ཧོར་གྱི་ཡུལ། གངས་ཅན་བོད་ཀྱི་ཡུལ། མི་རིགས་སུམ་བརྒྱ་དྲུག་ཅུ་གནས། ཡུལ་ཆེན་བཅུ་དྲུག་དང་། ཡུལ་ཕྲན་སྟོང་དང་བཅས། དེ་དག་འཛམ་བུ་གླིང་ཡིན་ནོ། །2 ཞེས་དང་། དྲན་པ་ནམ་མཁའི་སྒྲུབ་སྐོར་ནས། རྒྱ་འཇང་གནས་སུ་ཆུ་བོ་གལ་དུ་བསྒྱུར། གྱིམ་ཚ་རྨ་ཆུང་སྐུ་ལ་གསོལ་བ་འདེབས་ཞེས། ཞེས་པའི་རྒྱ་ནག་དང་འབྲེལ་བའི་འཇང་ཡུལ་ཟེར་བ་དེ་ཡིན། དེ་ནི་ཡུན་ནན་ལི་ཅང་ས་ཁུལ་ལ་ངོས་འཛིན་དགོས། ཡུན་ནན་གྱི་ལི་ཅང་ས་ཁུལ་ལ་འཇང་ཡུལ་དང་། དེའི་མི་རིགས་ལའང་འཇང་པ། མི་རིགས་དེའི་སྐད་ལ་འཇང་སྐད། འཇང་ཡུལ་གྱི་མི་རྒྱུད་དང་རུས་རྒྱུས་ལ་འཇང་རིགས། འཇང་ཡུལ་ན་ཡོད་པའི་རི་ལ་འཇང་རི་ཟེར། འཇང་དང་བོད་གཉིས་གང་ཅིའི་ཐད་འབྲེལ་བ་ཟབ་ཅིང་། ལྷག་པར་དུ་བོན་གཤེན་མང་པོ་འཇང་ས་ཐམ་གྱི་ས་ཆར་ཕེབས་ཏེ་བསྟན་འགྲོའི་དོན་ཆེན་མཛད་ཚུལ་འོག་ཏུ་གསལ་ལོ། །
འཇང་ཡུལ་གཡུ་རི་སྔོན་པོ་ངོས་འཛིན་པ་བསྟན་པ། འཇང་ཡུལ་ནི་ཡུན་ནན་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་ལི་ཅང་ས་ཁུལ་ལ་གོ། གཡུ་རི་སྔོན་པོ་ཞེས་པ་ནི། ཡུན་ནན་ལི་ཅང་ཟེར་བའི་ས་ཆ་ལ་ཡོད་པའི་གངས་རི་དེ་ལ་ཟེར། རྒྱ་སྐད་དུ། “玉龙雪山”ཟེར། བོད་སྐད་དུ་གཡུ་རི་གངས་རི་དང་། གཡུ་ལུང་གངས་རི། གཡུ་འབྲུག་གངས་རི་སོགས་ཟེར། དུས་རབས་བཅུ་བཞི་པའི་ལྕགས་བྱི་ལོ་སྟེ་སྤྱི་ལོ༡༣༦༠ལོར་སྐུ་འཁྲུངས་པའི་བློ་ལྡན་སྙིང་པོས་མཛད་པའི་བསང་མཆོད་ཡིད་བཞིན་ནོར་བུ་ལས། གཡུ་རི་སྔོན་པོ་ལ་སོགས་ཏེ། འཇང་ཡུལ་ས་བདག་ཀླུ་གཉན་བསང་།3 ཞེས་གསུངས་སོ། །གཡུ་རི་ཞེས་པའི་གཡུ་དེ་རྒྱ་སྐད་ལ་བསྒྱུར་ན“玉”དང་།“绿松石”གཉིས་ལ་གོ། རི་བོ་དེ་འབྲུག་ལྟར་ཡོད་པས་རྒྱ་སྐད་དུ། “龙”ཞེས་བསྒྱུར་བ་དང་། བོན་གཞུང་ནང་དུ་གཡུ་རི་སྔོན་པོ་ཞེས་པ་དེ་ནི་རྒྱ་སྐད་དུ་“玉龙雪山”ཟེར་བའི་རི་རྒྱུད་དེ་ལ་གོ། ཡུན་ནན་ལི་ཅང་གྲོང་ཁྱེར་ན་ཡོད།ལི་ཅང་ནི་ཡུན་ནན་ཞིང་ཆེན་ཁོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཡིན། དེ་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཐའ་མཚམས་དང་། ཡུན་ནན་ནུབ་བྱང་མཐོ་སྒང་། འབྲི་ཆུའི་དབུས་རྒྱུད་བཅས་སུ་གནས་ཤིང་། རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་གྲགས་ཅན་དང་། རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་དང་། གནའ་བོའི"ལྷོ་ཕྱོགས་དར་གོས་ཚོང་ལམ"དང་"ཇ་རྟའི་གནའ་ལམ་"བཅས་ཀྱི་བགྲོད་ལམ་གལ་ཆེན་ཞིག་ཡིན།
འཇང་ཡུལ་གཡུ་རི་སྔོན་པོ་བྱུང་ཚུལ་བསྟན་པ།
གཡུ་རི་སྔོན་པོ།
འབྱུང་ཁུངས་འཆད་པ་ནི། ཅི་ཡང་མེད་པའི་སྟོང་པའི་དབྱིངས་ལས་འབྱུང་བ་ལྔ་གྲོལ། དེ་ལས་འབྱུང་ལྔའི་ཀློང་སྒོང་ལས་ཕྱི་སྣོད་དང་ནང་བཅད་ཐམས་ཅད་གྲོལ། ཕྱི་སྣོད་ལ་གླིང་བཞི་གླིང་ཕྲན་བརྒྱད་ལ་སོགས་འཛམ་གླིང་བྱེ་བ་ཕྱག་བརྒྱ་གྲུབ། ཁྱད་པར་དུ་སྒོ་ང་ཕྲུམ་གྱིས་ཡུལ་ཆེན་བཅོ་བརྒྱད་ཆགས། སྒོ་ང་བཅོ་བརྒྱད་ལས་འབྲིང་བ་དུང་སྒོང་གཅིག་ལས་བྱེ་བྲག་ཞང་བོད་ཀྱི་ཡུལ་ཁམས་ཆགས་སོ། །ཞང་ཞུང་ལ་སྒོ་ཕུག་བར་གསུམ། བོད་ཡུལ་ལ་མདོ་དབུས་ཁམས་གསུམ། མདོ་སྨད་ཆུ་བཞི་སྒང་བཞི་སོགས་ཆགས་སོ། །ཡུལ་དེ་དག་ལ་གངས་རི་རྫ་རི་སྤང་རི་ནགས་ཚལ་སོགས་ཆགས་པ་བཞིན་དུ་གཡུ་རི་སྔོན་པོ་ཡང་དེ་བཞིན་དུ་ཆགས་སོ། །གཡུ་རི་སྔོན་པོ་ཆགས་སའི་ཡུལ་དེ་ཐོག་མ་རྡོ་ཐལ་བྲག་རྡོ་ལྟེབ་གཉེར་རི་བོའི་ཁོངས་སུ་གཏོགས་ཡོད། ས་ཤུན་དོ་མི་མཉམ་པར་འཕར་བའི་རྐྱེན་གྱིས་རི་བོ་མཐོན་པོ་དང་། གྲོག་རོང་ཟབ་མོ། རི་ལུང་གཤོང་ས་འདྲེས་མའི་ས་དབྱིབས་ཆགས་པ་དང་། གནའ་བོའི་སྐྱེ་དངོས་དུས་རབས་ནས་བར་སྐྱེས་དུས་རབས་བར་མཚོ་རླབས་དང་མཚོ་སློག་གི་ཤུགས་རྐྱེན་ཐེངས་ཁ་ཤས་ཐེབས་མྱོང་བ་དང་། ཕལ་ཆེར་མི་ལོ་ཁྲི་སྟོང་བདུན་ལྔ་བརྒྱའི་སྔ་རོལ་ནས་ཧི་མ་ལ་ཡ་རི་བོའི་རི་རྒྱུད་ཆགས་པའི་གཡོ་འགུལ་དེ་མི་ལོ་ཁྲི་སུམ་བརྒྱའི་བར་རྒྱུན་མཐུད་བྱས་པའི་མཐར་གཡུ་རི་སྔོན་པོ་ཆགས་པ་རེད་ཅེས་བཤད་སྲོལ་འདུག།གཡུ་རི་སྔོན་པོ་ནི་བོན་གྱི་གཏེར་གནས་སུམ་བརྒྱ་དང་དྲུག་ཅུའི་ནང་ཚན་ཡིན་པར་བཤད།།སྤྱིར་འཇང་ཡུལ་ལ་གནས་རི་དུ་མ་ཡོད་པ་ལས་གཡུ་རི་སྔོན་པོ་ནི་དྲན་པ་ཡབ་སྲས་ཀྱི་བྱིན་གྱིས་བརླབས་པའི་གནས་ཡིན། །
བོན་གྱི་རིན་པོ་ཆེ་རི་བོ་བདུན་བསྟན་པ།
སྤྱིར་བོན་ལུགས་ཀྱི་གནས་རི་ལ་རིགས་མི་འདྲ་བ་དུ་མ་ཡོད། སྒྲུབ་གནས། གཏེར་གནས། སྦས་གནས། གཞི་བདག། དབེན་གནས་ལ་སོགས་པའི་དབྱེ་བ་ཡོད། སྒྲུབ་གནས་ལ་རི་དང་བྲག། མཚོ་དང་དགོན་པ་སོགས་མང་པོ་ཡོད། གཏེར་གནས་ལ་རི་བྲག་མཚོ་དང་གསས་ཁང་མཆོད་རྟེན་སོགས་ཀྱི་དབྱེ་བ་ཡོད། གནས་རི་ཞེས་པ་ལ་གངས་རི། བྲག་རི། ནགས་རི་སོགས་ཀྱི་དབྱེ་བ་ཡོད། གཞི་བདག་ནི་ཕལ་ཆེ་བྲག་རི་དང་ནགས་རི། གངས་རི་སོགས་ལ་གནས་པའི་ས་བདག་མ་ཚོགས་ལ་གོ། དབེན་གནས་ནི་མི་རྟ་ཁྱིམ་གསུམ་འགྲིལ་འགྲིམས་མེད་པའི་གནས་ལ་གོ། བོན་གྱི་གནས་རི་ལ་རིགས་མི་འདྲ་བ་དུ་མ་ཡོད་པ་ལས་སྐབས་འདིར་བསྟན་བྱ་བོན་གྱི་རིན་པོ་ཆེ་རི་བོ་བདུན་ནི། དྲན་པ་ནམ་མཁའི་རྣམ་ཐར་ལས། ས་རྡོ་མ་ཡིན་རིན་ཆེན་རི་བོ་ལུང་༔ གསེར་རི་དུང་རི་གཡུ་རི་ཟངས་ཀྱི་རི༔ དངུལ་རི་མཚལ་རི་ལྕགས་ཀྱི་རི་བོ་དང་༔ ཞེས་པའི་རིན་པོ་ཆེ་ཡི་རི་བོ་བདུན་ནི།གསེར་རི་གཡུ་ལུང་ ཤར་གཉན་དུང་རི་དཀར་པོ། འཇང་ཡུལ་གཡུ་རི། ཟངས་རི་ལྕགས་ཐང་མང་པོ། རྒྱལ་མོ་དངུལ་རི༼དམུ་རྡོ་ལྷ་གཉན༽། མཚལ་རི་ལྷ་ཡི་འདུ་ས། ལྕགས་རི་ཟང་ཐལ་དང་བདུན་གྱི་ནང་ཚན་འཇང་ཡུལ་གཡུ་རི་སྔོན་པོ་དེ་ནི་ཡུན་ནན་ས་ཁུལ་ལི་ཅང་ཟེར་བའི་ས་ཆ་དེ་ན་ཡོད།
གནས་ཆེན་གཡུ་རི་སྔོན་པོ་ལ་བྱིན་གྱིས་རླབས་ཚུལ་བསྟན་པ།
སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། སྟོན་པ་གཤེན་རབ་མི་བོ་འཇང་གི་ཡུལ་དུ་བྱོན་ནས་འཇང་གི་བོན་པོ་རྣམས་ལ། ཕྱིའི་དོན་དུ་ཆོ་ག་མཐའ་དག་བསྟན། ནང་དོན་དུ་འཇང་གི་སྐད་དང་མཐུན་པའི་འབྲས་བུ་ཆུད་མི་ཟ་བའི་བོན་སེམས་ཉིད་གཏན་ལ་ཕབས་ཅིང་བསྟན་པར་གསུངས།4 དེ་ནས་བླ་ཆེན་དྲན་པ་ནམ་མཁའ་འཇང་ཡུལ་གཡུ་རི་སྔོན་པོ་ལ་ཕེབས་ནས་བྱ་རྒྱལ་ཁྱུང་དུ་སྤྲུལ་ནས་འཇང་ཡུལ་དང་གཡུ་རི་སྔོན་པོ་བྱིན་གྱིས་བརླབས་ཚུལ་དང་།5 འགྲོ་མགོན་ཚེ་དབང་རིག་འཛིན་འཇང་གི་ཡུལ་དུ་གདུལ་དཀའ་འདུལ་ཚུལ་དང་། ཁྱད་པར་འཇང་ཡུལ་གཡུ་རི་སྔོན་པོའི་ཡུལ་ལ་བསྟན་པ་སྤེལ་ཚུལ་སོགས་འོག་ཏུ་རྒྱས་པར་བསྟན།6 དེ་ལས་གཞན་པའི་བོན་ཆེན་མཁས་པ་ཉི་ཤུའི་ནང་ཚན་འཇང་ཚ་བོན་པོ་འཕན་སྣང་དང་། གྱིམ་ཚ་རྨ་ཆུང༌དང་། རྣལ་འབྱོར་གྲུབ་དབང་བཟོད་པ་རྒྱལ་མཚན་ལ་སོགས་གནས་འདིར་ཕེབས་ནས་བྱིན་གྱིས་བརླབས་པའི་ལོ་རྒྱུས་འོག་ཏུ་བསྟན་པར་བྱའོ། །
གཡུ་རི་སྔོན་པོའི་ཕྱི་སྣོད་བསྟན་པ།
སྤྱི་འཇང་གི་ཡུལ་ནི་ཧ་ཅང་མཛེས་ཤིང་ཡིད་དུ་འོང་བ་མ་ཟད། ས་ཆ་དེ་ལ་རི་དྭགས་གཡུང་དྭགས། འབྲུ་དྲུག་ལོ་ལེགས་དང་། ཤིང་ཏོག་རིགས་སྣ་ཚོགས་ཡོད་སའི་ས་གནས་ཁྱད་པར་ཅན་ཞིག་ཡིན། དེ་ལས་ལྷག་པར་དུ། འཇང་ཡུལ་གཡུ་རི་སྔོན་པོ་དེ་ནི་དབུས་ཀྱི་རི་རྒྱལ་ལྷུན་པོ་ལྟ་བུ་རི་དཔུང་འཐུག་ལ་མཐོ་བ། རི་ཡི་རྩེ་མོ་ནི་གངས་དཀར་ཀྱི་རི་བོ་རྩེ་གསུམ་ཡོད་པ་དེ་སྤྲིན་དཔུང་ན་བུན་ནང་དུ་ཡོད། རི་བོ་རྩེའི་ཕྱོགས་མཚམས་ན་རི་བོ་ཆུང་ངུ་བྲག་རི་མང་པོ་ཡོད། གངས་རི་དེའི་རྐེད་པ་ནི་བྲག་རི་ཆུང་མ་འབྲིང་པོ་མང་པོ་དང་། བྲག་ཕུག་ཡོད། རི་འདབས་ན་མཛེས་ཞིང་སྡུག་པའི་སྤང་ལྗོངས་དང་། ཚང་ཚིང་གི་ནགས་ཚལ་སྣ་ཚོགས་ལོ་འདབས་རྒྱས་པ་ཡོད། རིའི་རྩ་བ་ན་སྔོན་ཆད་ཚེ་དབང་རིག་འཛིན་བྱོན་སྐབས་སུ་ཤན་ཆེན་གྲོང་ཁྱེར་འབུམ་ཕྲག་སྤུངས་ནས་ཡོད་པར་བཤད། དེང་སང་ཡུལ་སྐོར་སྤྲོ་གསེང་བྱ་ཡུལ་གྱི་གྲོང་ཁྱེར་དུ་གྱུར་པས་ཡུལ་སྐོར་བ་དང་ཚོང་ལས་པ་ཡང་ཡོད། གཡུ་རི་སྔོན་པོའི་ཕྱོགས་བཞི་མཚམས་བརྒྱད་ན་གླིང་ཆུང་དགུ་ཡོད། གླིང་ཆུང་རེ་ལ་གཡུ་ཡི་མཚོ་མོ་རེ་ཡོད་པས་གཡུ་མཚོ་དགུ། གཡུ་ཡི་མཚོ་མོ་དགུ་ལ་མེ་ཏོག་འདབ་སྟོང་དགུ་རེ་སྐྱེས་པ་དང་། མེ་ཏོག་དགུ་པོ་རེ་རེ་ལ་གསེར་གྱི་གཡུང་དྲུང་རང་གཟུགས་རེ་རེ་ཡོད། གཡུ་ཡི་མཚོ་མོ་དང་ཕྱོགས་དེའི་གསེར་མཚོ་གཡུ་མཚོ་སོགས་ལ་ཀླུ་རིགས་གཙོ་བོ་བརྒྱད་དང་འཁོར་གྲངས་མེད་པ་གནས་ཏེ།འཆི་མེད་རིག་འཛིན་ཆེན་པོའི་རྣམ་ཐར་ལས༔ ཁྱད་པར་འཇང་ཡུལ་གཡུ་རི་སྔོན་པོའི་ཡུལ༔ རི་རྒྱལ་ལྷུན་འཐུག་རྩེ་མོ་གངས་དཀར་རི༔ རྩེ་གསུམ་སྤྲིན་དཔུང་ན་བུན་ཐུལ་ལི་ལི༔ རྐེད་པ་བྲག་ཁྲོད་སྤང་ལྗོངས་ནགས་ཚལ་རྒྱས༔ རྩ་བར་ཤན་ཆེན་གྲོང་ཁྱེར་འབུམ་ཕྲག་སྤུངས༔ ཕྱོགས་ཕྱོགས་གླིང་དགུ་གཡུ་ཡི་མཚོ་མོ་དགུ༔ མཚོ་མོ་དགུ་ལ་མེ་ཏོག་འདབ་སྟོང་དགུ༔ མེ་ཏོག་དགུ་ལ་གསེར་གྱི་གཡུང་དྲུང་དགུ༔ དེ་ལ་ཀླུ་རིགས་གཙོ་འཁོར་གྲངས་མེད་གནས༔ ཞེས་གསུངས་སོ།།7
གཡུ་རི་སྔོན་པོའི་ནང་བཅུད་བསྟན་པ།
གཡུ་རི་སྔོན་པོ་ནི་རི་མཐོ་ལ་བརྗིད་པ་དེའི་མཐར་སྐོར་ན་རི་ཕྲན་མང་པོ་ཡོད། རི་ཕྲན་གྱི་མཐའ་ན་ས་ཞིང་དང་འབྲས་ཞིང་། ཐང་ཆེན་པོ་དང་ས་རྒྱ་ཤིན་ཏུ་ཆེ་བ་ཡོད། རི་དེ་ལ་སྐྱེད་མོས་ཚལ་གྱི་ནགས་ཚལ་དང་། མཛེས་སྡུག་ལྡན་པའི་མེ་ཏོག། ལྗོན་ཤིང་གི་ཚལ། ནེའུ་ལྗང་། ནེའུ་སིང་། གསེར་མེ། མཚོ་རྫིང་། ཆུ་མིག་རྩི་བཅུད་སོགས་ལོ་འབྲས་རྒྱས་པའི་ཡུལ་དེ་ལ་བྱ་ངང་པ་དང་། ངུར་བ། ཁྲུང་ཁྲུང་། ཆུ་བྱ། མཐིང་རིལ་རྐང་རིང་། སོ་བྱ། ཆུ་གླག། ཏིང་ཀིང་གྱི་བྱ་སོགས་བྱ་རིགས་སྣ་ཚོགས་ཕྱོགས་ཀུན་འཕུར་བ་དང་། ལྡིང་རྩེད་རྒྱག་པ་དང་སྐད་འགྱུར་སྣ་ཚོགས་སྒྲོགས། ས་ཆ་དེ་ལ་མ་ཧེ་དང་བ་གླང་། རྒྱ་རྟ་སོགས་རྐང་འགྲོས་རིགས་མང་བ། རྟ་ནོར་སོགས་གཡུང་དྭགས་རིགས་རྣམས་ཀྱིས་རྩི་བཅུད་སྙིང་པོ་ཟ་བ། སྐྱེ་བོ་ཕོ་མོ་ཀུན་གྱིས་འབྲས་ཟན་འབྲས་ཆང་ལ་སྤྱོད་པ། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང། ཡུལ་དེ་ལ་རིན་ཆེན་ནོར་དང་དར་རས་གོས་སོགས་སྤྱོད་ཆས་མཁོ་དགུ་དཔག་ཏུ་མེད་པ་ཡོད་པ་ཚུལ་ནི་འགྲོ་མགོན་ཚེ་དབང་རིག་འཛིན་གྱི་རྣམ་ཐར་ལས་གསལ་ལོ། །8
གཡུ་རི་སྔོན་པོའི་གསང་གནས་བསྟན་པ།
འཇང་ཡུལ་གཡུ་རི་སྔོན་པོའི་རི་དེ་མཛེས་སྡུག་དང་ལྡན་པའི་གངས་རི་ཞིག་ཡིན་པ་མ་ཟད། ཡ་ཐོག་སངས་རྒྱས་གཡུང་དྲུང་བོན་གྱི་སྒྲུབ་གནས་དང་གཞི་བདག་ཁྱད་པར་བ་ཞིག་ཀྱང་ཡིན། བོན་གཞུང་ནང་དུ། གཡུ་རི་སྔོན་པོ་ལ་སོགས་ཏེ། འཇང་ཡུལ་ས་བདག་ཀླུ་གཉན་བསང་། ཞེས་དང་། རྩེ་ལ་རིག་འཛིན་མཁའ་འགྲོ་དུ་མ་འཁོར། ཞེས་པའི་ལུང་གིས་ཟིན་ཏོ། །དེ་ཡང་གཡུ་རི་སྔོན་པོའི་གངས་རིའི་རྩེ་ལ་སྤྱི་སྤུངས་ཁྲོ་བོ་ཡི་དམ་ལྷ་དང་རིག་འཛིན། མཁའ་འགྲོ། དཔའ་བོ་དཔའ་མོ་གཡུང་དྲུང་སེམས་དཔའ་དུ་མའི་འཁོར་བཅས་གནས་ཡོད། ཀེའུ་ཚང་པདྨ་འཁྱིལ་བའི་དབུས་སུ་ནི། མ་དང་མཁའ་འགྲོ། བོན་སྐྱོང་སྲུང་མ་དང་། རང་བྱུང་རྡོ་ཡི་གཡུང་དྲུང་འཁྱིལ་བའི་སྟེང་། འགྲོ་མགོན་ཚེ་དབང་རིག་འཛིན་འཇང་ཡུལ་དབང་བསྡུས་ཟིལ་གནོན་དགོངས་པ་བཞུགས་པའི་སྐབས་སུ་བཞག་པའི་ཕྱག་དང་ཞབས་རྗེས་ཡོད་དེ། ཚེ་དབང་རིག་འཛིན་གྱི་རྣམ་ཐར་ལས། རྩེ་ལ་རིག་འཛིན་མཁའ་འགྲོ་དུ་མ་འཁོར༔ ཀེའུ་ཚང་པདྨ་འཁྱིལ་བའི་དབུས་སུ་ནི༔ རང་བྱུང་རྡོ་ཡི་གཡུང་དྲུང་འཁྱིལ་བའི་སྟེང༔ འཇང་ཡུལ་དབང་བསྡུས་ཟིལ་གནོན་དགོངས་པ་བཞུགས༔9 ཞེས་དང་།དྲན་པ་ནམ་མཁའི་རྣམ་ཐར་ལས། དེ་ནས་འཇང་ཡུལ་གཡུ་རི་སྔོན་པོར་བྱོན༔ ཞེས་པ་ནས། ཚེ་དབང་ཡབ་ཡུམ་མཐའ་འཁོབ་འདུལ་མཛད་པ༔ ཁྲོ་བོ་སྤྱི་སྤུངས་ལྷ་གསུམ་དྲག་པོར་ཁྲོས༔10 ཞེས་པས་གནས་དེ་ནི་ཕྱི་ལྟར་ན་རིག་འཛིན་མཁའ་འགྲོ་འདུས་པའི་གནས། ནང་ལྟར་ན་འགྲོ་མགོན་ཚེ་དབང་རིག་འཛིན་གྱི་གནས། གསང་བ་ལྟར་ན་ཁྲོ་བོ་སྤྱི་སྤུངས་ལྷ་གསུམ་དྲག་པོར་ཁྲོས་པའི་གནས་ཡིན་པར་བསྟན། ཁྲོ་བོ་སྤྱི་སྤུངས་ལྷ་གསུམ་ནི་སྤྱི་སྤུངས་སྐུའི་ཁྲོ་བོ་དབལ་གསས་རྔམ་པ་མཁའ་འགྱིང་ཁ། སྤྱི་སྤུངས་གསུང་གི་ཁྲོ་བོ་ལྷ་རྒོད་ཐོད་པ། སྤྱི་སྤུངས་ཐུགས་ཀྱི་ཁྲོ་བོ་གཙོ་མཆོག་མཁའ་འགྱིང་ཁ་དང་གསུམ་གྱི་སྒྲུབ་གནས་སོ། །གཞན་ཡང་ཀུ་བྱི་འཇང་ཡུལ་མཁའ་འགྲོ་མ་ཞེས་བོན་གྱི་མ་རྒྱུད་གནས་ཆེན་བརྒྱ་དང་ཉི་ཤུའི་ཡ་གྱལ་རྒྱ་ནག་གནས་ཆེན་མ་ལྔའི་ནང་ཚན། དེང་ཡུ་ནན་ཞིང་ཆེན་གྱི་ལིའི་ཅང་གཡུ་རི་གངས་ཀྱི་ཕྱོགས་ན་ཡོད་དོ། །
གཡུ་རི་སྔོན་པོ་ལ་བླ་ཆེན་དྲན་པ་ནམ་མཁའི་མཛད་པ་བསྟན་པ།
བླ་ཆེན་དྲན་པ་ནམ་མཁའ།
བླ་ཆེན་དྲན་པ་ནམ་མཁའ་མཆོག་མ་གྷ་དྷ་ཡི་དུར་ཁྲོད་སོགས་ལ་འགྲོ་དོན་མཐར་ཕྱིན་རྗེས་སུ། འཇང་ཡུལ་གཡུ་རི་སྔོན་པོར་ཕེབས་ནས་འགྲོ་དོན་མཛད་ཚུལ་ནི། དྲན་པ་ནམ་མཁའི་རྣམ་ཐར་ལས། དེ་ནས་གྱེར་སྤུངས་དྲན་པ་ནམ་མཁའ་ཉིད༔ ཕྱོགས་མེད་གདུལ་དཀའ་ཐ་དག་སྐྱོང་བ་ཡིས༔ གསང་བའི་སྙིང་པོ་གསང་སྔགས་བསྟན་པ་སྤེལ༔ གཡུ་བྱ་ཁུ་བྱུག་སྤྲུལ་ནས་འཇང་གི་ཡུལ༔ གཡུ་རི་སྔོན་པོའི་རྩེ་མོ་དགུང་ལ་ཟུག༔ རྩ་བ་གླིང་དགུའི་མཚོ་མོ་འཁྱིལ་བའི་བསྟོད༔ ཡུལ་དེའི་རི་བོ་གསང་བའི་ཕུག་པར་བྱོན༔ རྩ་བར་གྲོང་ཁྱེར་འབུམ་ལྡན་གནས་པ་སྤུངས༔ དབུས་སུ་འཇང་རྒྱལ་ཕོ་བྲང་རིན་ཆེན་རྫོང་༔ རྒྱལ་པོ་ས་དབང་དམ་རྒྱལ་རིན་ཆེན་དཔལ༔ བཙུན་མོ་སྣང་གསལ་འཕྲུལ་མ་ཞེས་བྱ་ལ༔ འཇང་ཟ་མཁའ་འགྲོ་བློ་གསལ་ལྕམ་མོ་འཁྲུངས༔ སྐུ་ལ་འཇའ་ཚོན་ག་ཤལ་འོད་ལྔས་བསྐོར༔ མཚན་བཟང་གེ་སར་མེ་ཏོག་ནེ་ར་འདྲ༔ གསུངས་དབྱངས་པི་ཝང་སྙན་པའི་སྒྲ་དང་ལྡན༔ ཐུགས་ཉིད་བདེ་སྟོང་འབར་བའི་ངང་རྒྱུད་རིང་༔ ཡུལ་ཁམས་ཐམས་ཅད་དགེ་ཞིང་དེ་ལ་འཁོར༔ མཁའ་འགྲོའི་ཚོགས་ཀྱི་རོལ་མོའི་སྒྲ་དང་འགྲོགས༔ ཚོགས་ཀྱི་མཆོད་པ་ཟད་མེད་གཏེར་ལྡན་སྤུངས༔ མཆོད་སྦྱིན་ཀུན་ཚིམ་ཡིད་རང་བདེ་བ་ཐོབ༔ དེ་ཚེ་འཆི་མེད་སྤྲུལ་སྐུ་མཆོག་ཆེ་ཡིས༔ གཟིགས་ཚད་རྣམ་པར་གསུམ་གྱིས་དེ་ལ་གཟིགས༔ དང་པོའི་གདུལ་བྱ་ལམ་ལ་བཀོད་པ་དང་༔ བར་དུ་གསང་བའི་གྲོགས་ལ་བསྟེན་བ་དང་༔ ཐ་མ་ཉོན་མོངས་སྡུག་བསྔལ་སྦྱང་བའི་ཕྱིར༔ འཇང་རི་རྩེ་ནས་འཇའ་ཚོན་ཐག་པ་རྐྱང་༔ ཕོ་བྲང་རིན་ཆེན་རྫོང་ལ་ཤེད་ཀྱི་ཟུག༔ མཁའ་ལ་རོལ་མོའི་སྒྲ་དང་མེ་ཏོག་ཆར༔ སྣ་ཚོགས་བསྲིང་ནས་སྤྲུལ་ནས་སྐྱེས་བུ་ཆེ༔ འཇའ་ཚོན་ལམ་ལ་རང་བཞིན་གནས་སུ་གཤེགས༔ འཇང་ཡུལ་རྒྱལ་བློན་གནམ་ལྷ་བྱོན་པ་ཤེས༔ གུས་པའི་ཕྱག་འཚལ་གསོལ་འདེབས་མགྲོན་དུ་བོས༔ འཇང་རྒྱལ་ཕོ་བྲང་ནང་དུ་གདན་དྲངས་གཤེགས༔ རིན་ཆེན་སྣ་ཚོགས་འབར་བའི་ཁྲི་ལ་བཞུགས༔ སྐུ་ལ་འོད་ཟེར་བྱེ་བ་ཕྲག་བརྒྱར་འཕྲོས༔ སྣང་ཡུལ་རིན་ཆེན་མེ་ཏོག་ཆར་པ་འབེབས༔ སྐྱེ་འགྲོ་ཀུན་ཀྱང་ཡིད་རང་བདེ་བ་ཐོབ༔ འཇང་རྒྱལ་དད་པའི་མེ་ཏོག་མཆོད་པའི་སྤྲིན༔ རྣམ་པར་དག་པའི་ཚུལ་དང་ལྡན་པ་ཡིས༔ ཨེ་མ༔ འཇང་ཡུལ་གཡུ་རི་རྩེ་ནས་བྱོན་པ་ཡི༔ སྐྱེས་མཆོག་སྤྲུལ་པའི་སྐུ་ཉིད་རིགས་གང་གཏོག༔ ཡུལ་ནི་ཇི་ལྟར་འདིར་བྱོན་དགོས་ཆེད་གསུངས༔ དགོས་འདོད་སྒྲུབ་ལ་བརྩོན་འགྲུས་ལྷུན་ལེན་ཞིང་༔ གང་དང་མཐུན་པར་བདག་ཅག་རྒྱལ་བློན་བསྒྲུབ༔ འཇང་ཡུལ་ཐུགས་རྗེ་བརྩེ་བས་བཟུང་དུ་གསོལ༔ ཞེས་ཞུས་དེ་ལ་དྲན་པ་ནམ་མཁའ་ཡིས༔ ཨ་ཧོ༔ ཉོན་དང་འཇང་རྒྱལ་ཡབ་ཡུམ་སྲས་བློན་འབངས༔ ང་འོང་བ་བོན་ཉིད་ཀློང་ནས་འོང་༔ གནས་རང་གྱུར་རང་བཞིན་ལྷུན་གྲུབ་ཡུལ༔ རིགས་སྐུ་གསུམ་སངས་རྒྱས་རྒྱུད་གསུམ་རིགས༔ ཐབས་ཤེས་རབ་ཞང་ཞུང་ཡུལ་ཉིད་དུ༔ དམུ་འཕྲུལ་རྒྱལ་ཡབ་ཡུམ་སྲས་སུ་འཁྲུངས༔ དུས་འདིར་གདུལ་དཀའ་སེམས་ཅན་འདུལ་བའི་ཕྱིར༔ སྟོན་པ་རྣམ་མཁྱེན་རྒྱལ་བ་གཤེན་རབ་ཀྱིས༔ སྐུ་གསུང་ཐུགས་ཀྱི་བསྟན་པ་རྣམ་གསུམ་བཞག༔ ད་ལྟ་བདག་ནི་ཐུགས་ཀྱི་བསྟན་པ་འཛིན༔ དམུ་གཤེན་གྱེར་སྤུངས་དྲན་པ་ནམ་མཁའ་ཞེས༔ གསང་སྔགས་གསང་བའི་དོན་རྣམས་ཐུགས་སུ་ཆུད༔ བསྒྲུབས་པའི་དོན་རྟགས་མཚན་མ་དངོས་སུ་ཁྱབ༔ གང་ལ་གང་འདུལ་གདུལ་བྱ་མཐའ་ཡས་སྐྱོང་༔ ཡུལ་འདིར་གསང་སྔགས་སྒྲུབ་ཅིང་འགྲོ་དོན་ཆེད༔ གསང་བའི་མཁའ་འགྲོ་བློ་གསལ་ལྕམ་མོ་ཉིད༔ བདག་གི་གསང་སྔགས་སྒྲུབ་པའི་གྲོགས་སུ་བཙལ༔ འདི་མེད་རྒྱ་མཚོའི་ཀླུ་སྲིན་རིགས་རྣམས་འཁྲུགས༔ གཉན་དང་ས་བདག་གདུག་པའི་ནད་རིགས་དར༔ འགྲོ་བ་སེམས་ཅན་སྡུག་བསྔལ་ལས་ཀྱིས་མནར༔ ཙི་ཏི་ཛ་ལ་སེལ་མེད་གདུང་ཞིང་དར༔ དེ་ཕྱིར་གསང་བ་སྔགས་ཀྱི་སྒོར་ཞུགས་ཤིང་༔ བདེ་སྟོང་རོལ་བའི་ཐབས་ཤེས་མ་བྲལ་ན༔ ཀླུ་སྲིད་གཉན་དང་ས་བདག་ཐུལ་བར་ངེས༔ དེ་དག་གསང་བའི་མཁའ་འགྲོ་འདི་ལ་རག༔ ཅེས་གསུངས་དེ་ལ་འཇང་གི་རྒྱལ་པོ་ཡིས༔ ཤིན་ཏུ་དགྱེས་ནས་དགའ་བའི་ཚུལ་བསྟན་ཞིང་༔ འཇང་ཟ་མཁའ་འགྲོ་བློ་གསལ་ལྕམ་མོ་ཉིད༔ སྐུ་མདོག་དཀར་དམར་མེ་ཏོག་གསར་བའི་མདངས༔ དར་ཟ་ལེབ་རྒན་དར་དཀར་དཔྱང་བུ་གསོལ༔ རིན་ཆེན་སྣ་ལྔའི་རྒྱན་དང་ཕྲེང་བས་འགེང་༔ དྲི་བཟང་དང་ལྡན་མཆོད་པའི་སྤྲིན་ཚོགས་དང་༔ མེ་ཏོག་དར་ཟབ་སྣ་ཚོགས་ལྷབ་ལྷུབ་འཕུར༔ རྒྱལ་པོའི་སྣ་དྲང་གྱེར་སྤུངས་དྲན་པ་ལ༔ གསང་སྔགས་གསང་བའི་གྲོགས་སུ་གུས་པས་ཕུལ༔ དྲན་པ་ཉིད་ཀྱང་ཐུགས་ཉིད་དགྱེས་པ་ཡིས༔ གསང་སྔགས་སྒྲུབ་པའི་གྲོགས་གྱུར་མཚན་ལྡན་མཐོང་༔ ཡབ་ཡུམ་མ་འགགས་ཤེས་རབ་བདེ་སྟོང་སྤྱོད༔ གྲོགས་མཛད་གསང་བའི་རྣམ་པར་སྤྱོད་པ་ཡིས༔ གང་འདུལ་ཀླུ་གཉན་ས་བདག་དབང་བསྡུས་ཕྱིར༔ ཁྱུང་ཆེན་ཀ་རུ་ན་ཉིད་ཁྲོས་ནས་སུ༔ སྐུ་མདོག་དམར་ནག་མེ་གཤོག་མཁའ་ལ་གདེགས༔ མཆུ་སྡེར་རྭ་རྣམས་གནམ་ལྕགས་དབལ་ལས་གྲུབ༔ སྤྱི་བོར་རལ་གསེབ་ཡིད་བཞིན་ནོར་བུས་བརྒྱན༔ ཁྱུང་མོ་དམར་མོར་འཁྲིལ་ཞིང་ཀླུ་སྦྲུལ་ཟ༔ བྱ་འུར་ཐོག་སེར་མེ་སྟག་ཚ་ཚྭ་འཕྲོ༔ ས་བདག་ཀླུ་གཉན་མ་ལུས་དབང་དུ་བསྡུས༔ ནམ་ཡང་འདའ་མེད་མི་ལྡོག་ཟིལ་གྱིས་མནན༔ ཐམས་ཅད་ཐ་ཚིག་གསང་བའི་དམ་ལ་གནས༔ བྱ་ཁྱུང་སྐུར་བཤིགས་སྐུ་ཉིད་དངོས་སུ་བསྟན༔ འཇང་གི་གཤེན་པོ་ཀླུ་དབང་དང་བ་དང་༔ བདེ་བ་གནམ་གསས་གཡུང་དྲུང་དཔའ་བོ་སོགས༔ ཁྱུང་ཆེན་ཀ་རུ་ན་ཡི་རྒྱུད་སྡེ་དང་༔ སྒྲུབ་པའི་ལས་རིམ་བརྒྱ་དང་རྩ་བརྒྱད་བསྟན༔ བསྒྲུབས་པས་ཕྱི་ནང་གསང་བའི་གྲུབ་པ་ཐོབ༔ འཇང་ཡུལ་རྒྱལ་བློན་འབངས་འཁོར་སྨིན་ཅི་གྲོལ༔ འཇང་ཟ་མཁའ་འགྲོ་བློ་གསལ་ལྕམ་མོ་ཉིད༔ གཡུ་རི་གསང་བའི་གནས་སུ་རྒྱུན་བཞུགས་མཛོད༔ གསང་སྔགས་གསང་བའི་དོན་དམ་ཉམས་སུ་ལེན༔ སྐྱེ་འགྲོ་སེམས་ཅན་ཐར་པའི་ལམ་ལ་བཀོད༔ འཇང་གི་ཡུལ་གྱིས་འགྲོ་དོན་མཐའ་རུ་ཕྱིན༔ རྒྱལ་ཀུན་སྤྱི་གཟུགས་དྲན་པ་ནམ་མཁའ་རྗེའི༔ སྐུ་གསང་ཐུགས་ཡོན་ཕྲིན་ལས་མི་ཟད་རྒྱུན༔ ཞིང་ཁམས་རབ་འབྱམས་བཀོད་པ་བསམ་མི་ཁྱབ༔ གང་འདུལ་མཛད་པ་གྲངས་མེད་སྤྲུལ་པའི་སྐུའི༔ རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན་ལས༔ གསང་བའི་མཁའ་འགྲོ་བཅུ་གཅིག་རོལ་པའི་ལེའུ་སྟེ་དྲུག་ཅུ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་སོགས་གསལ་བར་བསྟན་ནོ།།11
གཡུ་རི་སྔོན་པོར་ཚེ་དབང་རིག་འཛིན་གྱི་རྗེས་བཞག་སྐོར་བསྟན་པ།
ཚེ་དབང་རིག་འཛིན།
འགྲོ་མགོན་ཚེ་དབང་རིག་འཛིན་མཆོག་རྒྱ་གར་དང་བལ་པོ་ཤིང་ཀུན་སོགས་འགྲོ་དོན་མཐར་ཕྱིན་ནས་འཇང་ཡུལ་གཡུ་རི་སྔོན་པོ་བཅས་འཇང་ཡུལ་དུ་ཕེབས་ནས་འགྲོ་དོན་མཛད་ཚུལ་ནི། དྲན་པ་ནམ་མཁའི་རྣམ་ཐར་ལས། དེ་ནས་འཇང་ཡུལ་གཡུ་རི་སྔོན་པོར་བྱོན༔ གསང་བའི་བྲག་ཁྲོད་མེ་ཏོག་ཚལ་རྒྱས་བཞུགས༔ འཇང་རྒྱལ་སི་བཙན་ད་ཡན་སྲས་མོ་ཆེ༔ ཡུམ་ཆེན་ཐུགས་རྗེ་ཀུན་སྒྲོལ་སྤྲུལ་བ་ཡི༔འཇང་ཟ་གར་བྱོན་གསང་བའི་ཡུམ་དུ་བཞེངས༔གསང་སྔགས་སྒྲུབ་པའི་གྲོགས་ནི་ཁྱད་པར་ཏེ༔མི་མཇེད་ཞིང་ཁམས་གདུལ་བྱ་ཇི་སྙེད་འདུལ༔འཇང་ཡུལ་ཐུགས་རྗེའི་ཐབས་ཀྱིས་འདུལ་བའི་ཕྱིར༔གླིང་དགུ་རྒྱ་མཚོ་འཁྱིལ་པའི་དབུས་སུ་བྱོན༔ཀླུ་རྣམས་དབང་བསྡུས་མི་གཡོ་དགོངས་པར་བཞུགས༔ཀླུ་ཡི་ཡིད་བཞིན་ནོར་བུ་ཕོང་མེད་འབུལ༔གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད་པའི་ཕྱིར༔འཇང་ཡུལ་མི་རྣམས་མཚོ་ལ་ཉ་བརྔན་དུས༔མཚོ་དབུས་རིག་འཛིན་ཡབ་ཡུམ་བཞུགས་པར་མཐོང་༔རྒྱལ་པོའི་གནམ་ལྷ་ཡིན་ཟེར་འཇང་ཡུལ་དྲངས༔ ཀླུ་ཡི་ནོར་བུ་ཐམས་ཅད་ཆང་ལ་ཚོངས༔ འབྲས་ཁལ་ལྔ ་བརྒྱ་ཆང་རིན་བླང་པ་ལ༔ ཉི་མ་གཏོད་གནོན་ཆང་གསོལ་གང་འདུལ་མཛོད༔ ཡུལ་གྱི་རྒྱལ་བློན་ཐམས་ཅད་དགེ་ལ་ཚུད༔ གཡུ་རི་གསང་ཕུག་ཚེ་དབང་དཀྱིལ་འཁོར་བཞེངས༔ ནང་དུ་གཤེན་རབ་གཡུང་དྲུང་བློ་ལྡན་སྐུ༔ རིགས་དྲུག་འདུལ་མཛད་ཚེ་དབང་དྲུག་གིས་བསྐོར༔ མི་དང་མི་མིན་སྐྱོབ་པའི་རྟེན་དུ་ཞོགས༔ དེ་ཡི་ལྷོ་ནུབ་འཇང་ར་དུར་ཁྲོད་བྱོན༔ དུར་ཁྲོད་མ་མོ་དྲེགས་པ་དབང་དུ་སྡུས༔ ཚེ་དབང་ཡབ་ཡུམ་མཐའ་འཁོབ་འདུལ་མཛད་པ༔ ཁྲོ་བོ་སྤྱི་སྤུངས་ལྷ་གསུམ་དྲག་པོར་ཁྲོས༔ དུར་བདག་དྲེགས་པ་ཐམས་ཅད་དམ་ལ་ཐོགས༔ སྒྲུབ་ཕུག་པདྨ་འཁྱིལ་པའི་དབུས་སུ་ནི༔ རང་བྱུང་ཤེལ་ལས་གྲུབ་པའི་གཞལ་ཡས་ཁང་༔ ཚེ་དབང་རིག་འཛིན་ཡབ་ཡུམ་སྐུ་གཟུགས་བཞེངས༔ མཐའ་འཁོབ་ཡུལ་དུ་གསང་སྔགས་བསྟན་པ་སྤེལ༔ཚེ་དབང་ཉི་མ་འོད་གསལ་ཞེས་སུ་གསོལ༔12 ཞེས་དང་། འཆི་མེད་ཚེ་དབང་རིག་འཛིན་གྱི་རྣམ་ཐར་ལས། འཆི་མེད་ཚེ་ལ་དབང་བའི་རིག་པ་འཛིན༔ ནམ་མཁའི་སྙིང་པོ་ནམ་མཁའ་སྒྲོན་གསལ་གྱི༔ སྐྱེས་རབས་རྣམ་ཐར་གསལ་བར་བཀོད་པ་ནི༔ ཡབ་ཀྱི་བཀའ་བཞིན་གསང་སྤྱོད་འགྲོ་དོན་མཛད༔ ཡུམ་གྱི་བཀའ་བཞིན་སྤས་པའི་སྐུ་རུ་བསྟན༔ མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་ཀྱང༔ རབ་འབྱམས་རྒྱལ་བསྟན་ཡིད་བཞིན་འབྱུང་འགྱུར་བོན༔ ངོ་མཚར་དཔལ་གྱི་ཉི་ཟླའི་འཁོར་ལོ་ཞེས༔ གསང་མཆོག་གསང་བའི་དཀྱིལ་འཁོར་རིགས་བརྒྱའི་བདག༔ འཆི་མེད་རིག་འཛིན་ཆེན་པོའི་རྣམ་ཐར་ལས༔ འཇང་གི་ཡུལ་དུ་གདུལ་དཀའ་འདུལ་ཚུལ་ནི༔ སྤྲུལ་པའི་རིག་འཛིན་ངོ་མཚར་སྐྱེས་མཆོག་གིས༔ མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་ཀྱང༔ ཁྱད་པར་འཇང་ཡུལ་གཡུ་རི་སྔོན་པོའི་ཡུལ༔ རི་རྒྱལ་ལྷུན་འཐུག་རྩེ་མོ་གངས་དཀར་རི༔ རྩེ་གསུམ་སྤྲིན་དཔུང་ན་བུན་ཐུལ་ལི་ལི༔ རྐེད་པ་བྲག་ཁྲོད་སྤང་ལྗོངས་ནགས་ཚལ་རྒྱས༔ རྩ་བར་ཤན་ཆེན་གྲོང་ཁྱེར་འབུམ་ཕྲག་སྤུངས༔ ཕྱོགས་ཕྱོགས་གླིང་དགུ་གཡུ་ཡི་མཚོ་མོ་དགུ༔ མཚོ་མོ་དགུ་ལ་མེ་ཏོག་འདབ་སྟོང་དགུ༔ མེ་ཏོག་དགུ་ལ་གསེར་གྱི་གཡུང་དྲུང་དགུ༔དེ་ལ་ཀླུ་རིགས་གཙོ་འཁོར་གྲངས་མེད་གནས༔ རྩེ་ལ་རིག་འཛིན་མཁའ་འགྲོ་དུ་མ་འཁོར༔ ཀེའུ་ཚང་པདྨ་འཁྱིལ་བའི་དབུས་སུ་ནི་༔ རང་བྱུང་རྡོ་ཡི་གཡུང་དྲུང་འཁྱིལ་བའི་སྟེང༔ འཇང་ཡུལ་དབང་བསྡུས་ཟིལ་གནོན་དགོངས་པ་བཞུགས།རིག་འཛིན་མཁའ་འགྲོ་དུ་མས་འཁོར་དུ་བསྐོར༔ ཅིང་ཤན་ཆེན་པོའི་དབུས་སུ་འཇང་ཡུལ་རྒྱལ༔ ས་བཙུན་ད་ཡན་ཞེས་དང་ཧང་ཀུ་ཉ༔ ཡབ་ཡུམ་གཉིས་ཀྱིས་རྒྱ་གྲོང་དབང་ཆེན་བདག༔ ཡུལ་དེར་ངོ་མཚར་བཀོད་པ་ཕུན་སུམ་ཚོགས༔ གཡུ་རི་མ་གཏོགས་རི་ཕྲན་གཞན་མི་མངོན༔ འབྲས་ཞིང་ཐང་ཆེན་ཤིན་ཏུ་རྒྱ་ཆེ་ཞིང༔ དེ་ལ་སྐྱེད་ཚལ་ནགས་ཚལ་མེ་ཏོག་མཛེས༔ ལྗོན་ཚལ་ནེའུ་ལྗང་ནེའུ་སིང་གསེར་མེ་དང༔ མཚོ་རྫིང་ཆུ་མིག་རྩི་བཅུད་ལོ་འབྲས་རྒྱས༔ ངང་ངུར་ཁྲུང་ཁྲུང་ཆུ་བྱ་ཐིང་རིལ་རྐང༔ སོ་བྱ་ཆུ་གླག་ཏིང་ཀིང་གྱིས་བྱ་སོགས༔ ཕྱོགས་ཀུན་འཕུར་འཇོལ་ལྡིང་རྩེད་སྐད་འགྱུར་སྒྲོགས༔ མ་ཧེ་བ་གླང་རྒྱ་རྟ་རྐང་འགྲོས་སོགས༔ ནོར་ཕྱུགས་རྣམས་ཀྱིས་རྩི་བཅུད་སྙིང་པོ་ཟ༔ སྐྱེ་འགྲོ་ཀུན་གྱིས་འབྲས་ཟན་འབྲས་ཆང་སྤྱོད༔ ལོངས་སྤྱོད་རྒྱལ་དཀོར་ཕུན་སུམ་ཚོགས་པ་དང༔ རིན་ཆེན་ནོར་དང་དར་རས་གོས་བར་རྫས༔ སྤྱོད་ཆས་མཁོ་དགུ་དཔག་ཏུ་མེད་པ་བདོག༔ ཉ་སྦྲུལ་ཆུ་གནས་སྣ་ཚོགས་རྔོན་ནས་བཟའ༔ དེ་ཚེ་འཇང་རྒྱལ་ཡབ་ཡུམ་རྣམ་གཉིས་ལ༔ རྒྱ་ཡི་ཇུ་ཡག་དུས་ཆེན་རྒྱས་པའི་ཉིན༔ངོ་མཚར་རྟོགས་ལྡན་བུ་མོ་ཞིག་འཁྲུངས་པས༔ རྒྱ་རྩིས་ཅན་ལ་མཚན་རྟགས་བྱེད་དུ་བཅོལ༔ འདི་ནི་བསོད་ནམས་ཆེ་བའི་རིགས་སུ་གཏོགས༔ གྲོང་ཁྱེར་དབང་ཐང་རྒྱས་ཟེར་ལེགས་པར་སྨྲས༔ མེ་ཏོག་འཇའ་དང་འཇའ་འོད་འཕྲོས་ཏེ་འདུག༔ ཞག་མ་གསུམ་ནས་བུ་མོ་སྐྱེས་སྟོབས་རྒྱས༔ གཡུ་རིའི་རྩེ་ནས་འཇའ་ཚན་ཀ་བ་ཞིག༔ གྲོང་ཁྱེར་དབུས་སུ་འཇང་རྒྱལ་ཕོ་བྲང་ཕོག༔ ཉི་ཤར་དུས་སུ་འཇའ་ཚོན་གར་གྱིས་ཞོན༔ སྟབས་འགྲོས་དུ་མའི་བུ་མོ་ནམ་མཁའ་ལ༔ འཇང་ཡུལ་གཡུ་རི་གནས་སུ་ཐོགས་མེད་བྱོན༔ དེ་ཚེ་ཡུལ་གྱིས་མཐོང་ཚད་སྤྲོ་བ་སྐྱེས༔ ཀུན་གྱིས་གནམ་ལྷ་མཇལ་ཏེ་འགྲོ་བ་རིགས༔ བུ་མོ་འཆི་མེད་རིག་འཛིན་མདུན་དུ་ཕྱིན༔ གུས་པས་ཕྱག་འཚལ་སྤྲོ་བའི་དབྱངས་དང་བཅས༔ ཀྱཻ༔ གསང་བའི་གནས་འདིར་བཞུགས་པའི་རིག་འཛིན་རྗེ༔ བདག་ནི་ཐུགས་རྗེ་ཀུན་སྒྲོལ་སྤྲུལ་པ་སྟེ༔ མཐའ་འཁོབ་ཡུལ་དུ་བོན་འཁོར་བསྐོར་བའི་ཆེད༔ འཇང་རྒྱལ་སི་བཙུན་ད་ཡན་བུ་མོ་ཡིན༔ གསང་སྔགས་སྒྲུབ་པའི་གྲོགས་སུ་བདག་གིས་བགྱི༔ ལུས་དང་ལོངས་སྤྱོད་བསོད་ནམས་དབང་ཐང་འབུལ༔ འཇང་ཡུལ་ཞིང་ཁམས་དགེ་ལ་བཀོད་དུ་གསོལ༔ ཞེས་ཞུས་རིག་ འཛིན་ཚེ་དབང་ཐུགས་ཡི་རང༔ དགྱེས་པའི་ཚུལ་གྱིས་འདི་སྐད་ཞུ་བ་ཕུལ༔ ཨེ་མ༔ རིགས་ཀྱི་གཙོ་མོ་རིགས་མཐུན་བདེ་བའི་གྲོགས༔ འཇང་གི་ཡུལ་བྱོན་གསང་སྔགས་སྒྲུབ་པའི་ཡུམ༔ བདག་ནི་མི་མཇེད་ཞིང་ཁམས་ཇི་སྙེད་འདུལ༔ མི་དང་མི་མིན་འགྲོ་དོན་ཕྲིན་ལས་གྲུབ༔ གསང་སྤྱོད་སྔགས་ཀྱི་བསྟན་པའི་སྲོལ་ཆེན་བཙུགས༔ ད་ལྟ་གནས་ཀྱི་འགྲོ་དོན་མཛད་པའི་ཆེད༔ འཇང་བཟའ་མ་ནི་བསྐུལ་བའི་གྲོགས་སུ་བཀུར༔ དེའི་ཕྱིར་གསང་བ་སྔགས་ཀྱི་དཀྱིལ་འཁོར་ཆེ༔ མ་སྤངས་རང་སར་གྲོལ་བའི་ཡེ་ཤེས་ཉིད༔ འཁོར་ལོ་བཞི་སྦྱོར་དཀྱིལ་འཁོར་བདེ་བ་ཆེ༔ དགའ་བདེ་བཅུ་དྲུག་འབར་བའི་ཕྲིན་ལས་ཀྱིས༔ བརྟུལ་ཞུགས་འཁོར་འདས་མཉམ་པའི་དགོངས་སྤྱོད་སྐྱོང༔ འཆི་མེད་འཇའ་ལུས་འབར་བའི་ཚེ་དབང་འཆང༔ཉམས་རྟོགས་བདེ་བ་ཆེན་པོའི་ཚོགས་འཁོར་འབུལ༔ཉི་ཟླའི་དཀྱིལ་འཁོར་ཟུང་འཇུག་བུམ་པ་འཆང༔ ཕྱི་ནང་གསང་བའི་དབང་མཆོག་ངེས་ཐོབ་གྱུར༔ ཞེས་གསུངས་བཀའ་ཡི་གནང་བ་ཆེན་པོར་མཛད༔ དེ་ནས་ཡབ་ཡུམ་གྲོང་དུ་བྱོན་ནས་སུ༔ གྲོང་ཁྱེར་ཟིལ་གནོན་དགོངས་པའི་ངང་དུ་བཞུགས༔ དེ་ཚེ་རྒྱལ་པོ་ཡབ་ཡུམ་ཐམས་ཅད་ཀྱིས༔ ངོ་མཚར་ཆེ་བ་ནམ་མཁའི་ཁམས་སུ་བྱོན༔ གནམ་གྱི་ལྷ་མོ་ཇོ་བདེ་ཞེས་ཀྱང་ཟེར༔ འཇའ་ཚོན་གར་གྱིས་བྱོན་པར་གར་བྱོན་ཟེར༔ ཡུལ་གྱིས་འཇང་ཟ་མཁའ་ལ་གར་བྱོན་ཟེར༔ ཉིན་རེ་བཞིན་དུ་མཁའ་ལ་རེ་རེ་རྒྱུ༔ དེ་ཚེ་འཆི་མེད་རིག་འཛིན་ཡབ་ཡུམ་གཉིས༔ གླིང་དགུ་རྒྱ་མཚོ་འཁྱིལ་བའི་དབུས་སུ་བྱོན༔ པདྨ་བཀྲག་ལྡན་གསེར་གྱི་གཡུང་དྲུང་སྟེང༔ ཀླུ་སྲིན་འདུལ་བའི་དགོངས་པ་ཆེན་པོར་བཞུགས༔ ས་འོག་གནས་པའི་ཀླུ་རྣམས་དབང་དུ་བསྡུས༔ ཀླུ་རིགས་ཐམས་ཅད་རིག་འཛིན་བཀའ་ལ་ཉོན༔ ཀླུ་ཡི་ཡིད་བཞིན་ནོར་བུ་ཕངས་མེད་འབུལ༔ མེ་ཏོག་སྟེང་དུ་རིན་ཆེན་གྲམ་པ་སྤུངས༔ ཀླུ་རིགས་ཐམས་ཅད་རོ་སྟོད་མཚོ་ཁར་ཕྱིན༔ ཀུན་གྱིས་ཐལ་སྦྱོར་རིན་ཆེན་རེ་རེ་འཛིན༔ འཆི་མེད་ཚེ་དབང་ཡབ་ཡུམ་མདུན་ན་འདུན༔བོན་གྱིས་འཁོར་ལོ་བསྐོར་བ་བསྐུལ་ནས་སུ༔ བྱམས་པའི་ངང་གནས་གདམས་པ་ནོད་དེ་འདུག༔ འཇའ་དང་འོད་ཟེར་གྲངས་མེད་ཕྱོགས་བཅུར་འཕྲོས༔ དེ་ཚེ་འཇང་ཡུལ་གྲོང་ཁྱེར་གནས་མི་ཀུན༔ ཉ་རྔོན་ཕྱིན་པས་ཀུན་གྱིས་ལྟད་མོ་མཐོང༔ ཉ་ཡང་གསོད་དེ་མ་ཕོད་རྒྱ་གྲོང་ཕྱིན༔ གཅིག་གླེང་གཉིས་གླེང་རྒྱལ་གྱི་རྣ་བར་ཐོས༔ ཉུལ་མ་སོང་ཚེ་སྔར་བཞིན་གནས་པས་ན༔ རྒྱལ་པོ་ཡབ་ཡུམ་བཅས་ཏེ་སྐུ་འཆགས་ཤིང༔ གླིང་དགུ་རྒྱ་མཚོ་ཆེན་པོའི་ཁ་ལ་ཕྱིན༔ ཀུན་གྱིས་ངོ་མཚར་སྐྱེས་ནས་འདི་སྐད་བརྗོད༔ ཧེ་ལེགས༔ མཚོ་དབུས་མེ་ཏོག་གསེར་གྱི་གཡུང་དྲུང་སྟེང༔ མི་ཡུལ་ཀླུ་ཡི་ནོར་བུ་འཆང་བ་པོ༔ ངོ་མཚར་གནས་པའི་རིག་འཛིན་སྤྲུལ་པའི་སྐུ༔ འཇང་བཟའ་གནམ་གྱི་ལྷ་མོ་གྲོགས་སུ་འཆང༔ ལོངས་སྤྱོད་རིན་ཆེན་སྣ་ཚོགས་རི་ལྟར་སྤུངས༔ བདག་ཅག་རྣམས་ལ་ནོར་གྱི་སྙིང་པོ་དང༔ འཇང་ཡུལ་སྐུ་བསྐྱོད་མངའ་རིས་བདག་ཏུ་གྱིས༔ ཞེས་ཞུས་རིག་འཛིན་ཞལ་ནས་འདི་སྐད་གསུངས༔ ཧེ་ཡ༔ ཉོན་དང་འཇང་ཡུལ་སི་བཙན་ད་ཡན་པོ༔ བདག་ནི་གནམ་གྱི་ལྷ་ཡིན་གནམ་ལ་དགྱེས༔ འཇང་རྒྱལ་ཡུལ་ལ་སྡོང་དང་གྲོགས་མཛད་པའི༔ གནམ་བཟའ་ལྷ་མོ་གསང་བའི་ཡུམ་དུ་རོལ༔ བདག་ནི་མཚོ་ཡི་ལྷ་ཡིན་མཚོ་ལ་དགྱེས༔ ཀླུ་ཡི་ལོངས་སྤྱོད་སྣ་ཚོགས་འབུལ་ལ་བླངས༔ འཇང་རྒྱལ་ཡུལ་ལ་ནོར་གྱིས་ཆར་བ་ཕབ༔ བདག་ནི་མི་ཡི་ལྷ་ཡིན་མི་ལ་དགྱེས༔ འབྲས་ཆང་འབྲས་ཟན་རིན་ཆེན་ནོར་དང་རྗེ་༔ རྒྱལ་འཁོར་དང་བཅས་བདེ་བར་སླར་ལ་ལོག༔ འདི་དག་ཀླུ་གཉན་ཡིན་ཏེ་དུག་ཕོག་པས༔ བདག་ནི་ཚེས་བཅུའི་ཉི་མ་རྩེ་ཤར་དུས༔ རིན་ཆེན་ཁྱེར་ཏེ་འབྲས་ཆང་ཉོ་རུ་ཕྱིན༔ ཞེས་གསུངས་ཚེ་ན་རྒྱལ་པོ་འཁོར་དང་བཅས༔ འཇང་ཡུལ་ཤན་ཆེན་ཡུལ་དུ་ལོག་སྟེ་སོང༔ རྒྱ་གྲོང་ཀུན་གྱིས་ཆང་ཉོ་ཕྱིན་པར་ཐོས༔ འབྲས་ཁལ་ལྔ་བརྒྱ་བཙོས་ནས་བལྟས་ཏེ་འདུག༔ དེ་ཚེ་འཆི་མེད་ཚེ་དབང་ཡབ་ཡུམ་གཉིས༔ ཀླུ་ཡིས་ཕུལ་བའི་རིན་ཆེན་སྣ་ཚོགས་རྣམས༔ འདམ་སེང་ཆེན་པོ་ཞིག་ལ་ཁལ་དུ་འགེལ༔ འཇང་བཟའ་གར་ཕྱིན་སེང་གེའི་སྣ་ཁྲིད་ཅིང༔ ཚེ་དབང་རིག་འཛིན་གཅེར་བུར་རས་གཟན་མནབས༔ ཁ་ཊཱཾ་ཐོད་ཞལ་བཟུང་ནས་སེང་རྗེས་གནོན༔ འཇང་ཡུལ་ཅིང་ཤན་ཆེན་པོའི་ཟུར་དུ་བྱོན༔ སྨྱུག་མའི་སྐྱིལ་བུ་འཇག་མའི་གདན་ལ་བཞུགས༔ དེ་ཚེ་འདུས་པའི་རྒྱ་གྲོང་འབུམ་ལྡན་གྱིས༔ སྐྱེ་འགྲོ་ཀུན་གྱིས་ཆང་དང་འབྲས་ཟན་རྣམས༔ ཚད་ལ་འདས་པ་རི་ལྟར་སྤུངས་ཏེ་འདུས༔ རྒྱལ་པོ་ཡབ་ཡུམ་གཙོས་ཏེ་འབངས་འཁོར་བཅས༔ ནོར་བུ་བདོག་པས་ཤིན་ཏུ་སྙིང་གཟེར་ཞིང༔ ང་ཡིས་ཆང་བཞེས་ཟེར་ནས་རྩོད་པ་བྱེད༔ དེ་ཚེ་འཆི་མེད་ཚེ་དབང་ཞལ་ན་རེ༔ཨ་ཧོ༔ ཉོན་དང་ཅིང་ཤན་འབུམ་གྲོང་བདལ་བ་ན༔ ལོངས་སྤྱོད་ཆང་ལ་དགྱེས་པའི་རྣལ་འབྱོར་ང༔ འཁོར་འདས་སྣང་བ་ཐམས་ཅད་རིག་པའི་རྩལ༔ སེམས་ཉིད་གཞི་མེད་སྟོང་པ་ཧར་རེ་བ༔ ཡེ་གྲོལ་སྤྲོས་བྲལ་རོ་གཅིག་བལྟས་ན་སྐྱོང༔ བོན་སྐུ་ཀ་དག་ཟང་ཐལ་སང་ངེ་བ༔ བདེ་ཆེན་ཆགས་མེད་ཆགས་འཁོར་མྱོང་སྟོང་ལྡན༔ ཉོན་མོངས་ཆང་འཐུང་བཞིན་དུ་ལོངས་སུ་སྤྱོད༔ ཡེ་ཤེས་མེ་ལྕེ་བཞིན་དུ་གྱེན་དུ་སྤར༔གང་ཤར་ཞེན་པ་མེད་པ་ཐལ་ལེ་བ༔ སངས་རྒྱས་ཀུན་གྱི་དགོངས་པ་སེམས་ལ་འདུས༔ ཡེ་ཉིད་བོན་དབྱིངས་ངོ་བོ་གཞི་ལ་རྫོགས༔ དོན་དམ་སེམས་ལ་འདུས་པའི་མངོན་གདེངས་བརྙེས༔ ཞེས་གསུངས་འཇང་བཟའ་བདེ་བའི་ཡུམ་དུ་བསྟེན༔ ཉི་ཟེར་བཟུང་ནས་ཆང་ཁལ་ལྔ་བརྒྱ་གསོལ༔ གྲོང་ཁྱེར་ཤན་ཆེན་ཆང་ནི་ལུས་མེད་འཛད༔ ཨ་ཧོ༔ ཆང་འཐུང་སྐྱེ་མེད་ངང་དུ་བཏུང༔ ཆང་འཐུང་འགག་མེད་ངང་དུ་བཏུང༔ ཆང་འཐུང་འཁྲུལ་མེད་ངང་དུ་བཏུང༔ སྐུ་གསུམ་ཐོབ་ཕྱིར་ཨ་ལ་ལ༔ ཞེས་གསུངས་མྱོས་ཚུལ་མི་མཛའ་སང་ངེར་བཞུགས༔ རྒྱལ་པོ་ཡུལ་འཁོར་ཀུན་གྱིས་ཆང་རིན་བསླངས༔ བདག་གིས་ཉི་མ་མ་སོང་ཚུན་ཆད་དུ༔ ཆང་གི་རིན་ནི་ཡོངས་སུ་སྟེར་རོ་གསུངས༔ ཉི་མའི་ཟེར་ལ་ཕྱག་གིས་བཟུང་སྟེ་བཞུགས༔ དེ་ཚེ་འཇང་གི་ལྷ་ནི་ཉི་ཟླ་སྟེ༔ ཉི་མ་བཙོན་དུ་བཟུང་བ་མཐོང་ནས་སུ༔ ཆང་རིན་མི་སློང་ཉི་མ་བཏང་བར་ཞུས༔ ཉི་མ་བཏང་ཚེ་ཤད་ཀྱི་རི་ལ་གཟིམས༔ ཀུན་ཡང་ངོ་མཚར་སྐྱེས་ནས་དད་ཅིང་འདུན༔ ཚེ་དབང་ཉི་མ་འོད་གསལ་ཞེས་སུ་གྲགས༔ དེ་ཚེ་འཆི་མེད་ཚེ་དབང་རིག་འཛིན་གྱིས༔ ཉིན་ཞིག་རིན་ཆེན་གསེར་གྱི་ཆར་བ་བསླངས༔ ཆང་དང་འབྲས་ཟན་སྤུངས་པ་རི་ཙམ་བབས༔ ཀུན་ལ་སྦྱིན་ཚེ་གྲོང་ཁྱེར་མི་རྣམས་ནི༔ ཚེ་དབང་ཡབ་ཡུམ་གཉིས་ལ་ཤིན་ཏུ་གདུང༔ དེ་ཚེ་རྒྱལ་བློན་གྲོང་ཁྱེར་མི་རྣམས་བསྡུས༔འཆི་མེད་རིག་འཛིན་ཞལ་ནས་འདི་སྐད་གསུངས༔ ཀྱཻ་མ༔ འཇང་ཡུལ་ཞིང་ཁམས་རྒྱལ་བློན་སྐྱེ་འགྲོ་ཀུན༔ མ་ཡེངས་ལེགས་པར་ཉོན་དང་སྙིང་གི་གཏམ༔ སྐྱེ་འཆི་མི་མངའ་ཚེ་དབང་རིག་འཛིན་ང༔ ཟས་ནོར་ཆང་ལ་འདོད་པའི་གཡོ་ཐབས་མིན༔ སྔོན་ཚེ་དུས་ནས་མ་སྨིན་མཐའ་འཁོབ་མི༔ མ་རིག་དབང་གིས་ཁམས་གསུམ་གནས་སུ་འཁྱམས༔ དགེ་སྡིག་བླང་དོར་མ་ཤེས་ཕྱུགས་ལས་བླུན༔ ད་ལྟ་རང་དབང་ཡོད་པའི་དུས་ཚོད་ལ༔ བླ་མེད་བྱང་ཆུབ་བསྒྲུབ་ལ་མ་བརྩོན་ན༔ གནས་སྐབས་རྨི་ལམ་ཙམ་ལ་བདེན་པ་འཛིན༔ དལ་འབྱོར་རིན་ཆེན་ཚེ་འདི་སྟོང་ལོག་བཏང༔ མི་ལུས་ཐོབ་ཀྱང་དོན་མེད་ཁྱི་དང་འདྲ༔ ཕྱི་མར་ཕན་པའི་དགེ་སྦྱོར་སྒྲུབ་མི་ཤེས༔ ནམ་ཞིག་མི་རྟག་བྱོལ་སོང་ཤི་བ་བཞིན༔ དགེ་བའི་འབྲས་མེད་བདེ་བའི་ལམ་ལ་བྱོལ༔ སྡིག་པའི་ལས་བསགས་ངན་སོང་སྡུག་བསྔལ་མྱོང༔ དེའི་ཕྱིར་ལས་དབང་དྲག་པོའི་འཕེན་ལེན་གྱིས༔དམྱལ་བའི་གནས་སུ་ཚ་གྲང་སྡུག་བསྔལ་མྱོང་༔ ཡི་དྭགས་བཀྲེས་སྐོམ་བྱོལ་སོང་བླུན་རྨོངས་སོགས༔ རིགས་དྲུག་སྡུག་བསྔལ་བགྲང་མཐའ་ཡས་པ་སྟེ༔ ལས་ཀྱིས་འཕེན་ལེན་མི་དགེ་སྤྱོད་པའི་འབྲས༔ བདེ་མེད་འཁོར་བའི་ཁ་བརྒྱུད་ཁམས་གསུམ་འཁོར༔ སྐྱེ་ཤི་འགྲོ་དང་སྡུད་ཅིང་ཡང་ཡང་འཁྱམས༔ ཐར་མེད་ཤིང་རྟའི་འཕང་ལོ་ལྟ་བུར་བརྒྱུད༔ རིགས་དྲུག་ཟག་ཅིང་མྱ་ངན་རྦ་ལ་གཡེང༔ དེའི་ཕྱིར་བསླུ་མེད་དགེ་བ་དག་ལ་བརྩོན༔ སྲོག་གཅོད་ལས་སྤང་སྲོག་བསླུ་བྱམས་པས་སྐྱོང༔ མ་བྱིན་ལས་སྤང་སྦྱིན་པ་བདག་ལ་བརྩོན༔ མི་གཙང་ལས་སྤང་དཀའ་ཐུབ་སྙིང་རུས་བསྒྲུབ༔ ངག་འཁྱལ་ཚིག་རྩུབ་རྫུན་ཕྲ་དབྱེན་བཅུག་སྤངས༔ བདེན་མཐུན་དྲང་པོ་བཟླས་བརྗོད་ཞི་ཚིག་སྨྲོས༔ བརྣབ་སེམས་གནོད་སེམས་ལོག་ལྟ་སྐུར་འདེབས་སྤོངས༔ བརྩེ་སེམས་ཕན་སེམས་དག་སྣང་འབྱོང་བར་བྱ༔ མི་དགེ་སྡིག་པའི་ལས་ལ་དུག་བཞིན་འཛེམ༔ རྣམ་དཀར་དགེ་བའི་ལས་ལ་སྨན་བཞིན་བརྩོན༔ དཀར་ནག་སྨན་དུག་བཞིན་དུ་མ་ནོར་རེམ༔ སྐྱབས་ཀྱི་དམ་པ་དཀོན་མཚོག་གསུམ་ལ་ཚོལ༔ ཁམས་གསུམ་སེམས་ཅན་ཕ་མའི་རང་བཞིན་བྱམས༔ སྔར་བྱས་སྡིག་པ་ཅི་སྤྱོད་བཤགས་པ་གྱིས༔ ཕྱིན་ཆད་སྲོག་ལ་བབས་ཀྱང་སྡོམ་པ་ཟུངས༔ བདག་ནི་འཆི་མེད་ཚེ་དབང་རིག་འཛིན་ཏེ༔ འོག་མིན་ཞིང་ནས་ཀུན་བཟང་གཤེན་ལྷ་ཡིས༔ ཐུགས་སྐྱེད་ཆེན་པོས་འགྲོ་དོན་རྒྱ་ཡང་ཁྱབ༔ མཁའ་མཉམ་འགྲོ་བའི་ཆེད་དུ་སྨོན་ལམ་བཏབ༔ གདུལ་བྱ་འཛམ་བུ་གླིང་དུ་སྒྲོན་མེ་ཤར༔ འཆི་མེད་དྲན་པ་ནམ་མཁའི་སྲས་སུ་འཁྲུངས༔ ཕྱོགས་བཅུར་དག་པའི་ཞིང་ཁམས་ཆེན་པོ་བསྒྲོད༔ འགྲོ་བ་རང་མཐུན་སྤྲུལ་པ་སྣ་ཚོགས་བསྟན༔ སྐྱེ་འགྲོའི་བློ་སྣ་དགེ་བའི་ཕྱོགས་སུ་བསྒྱུར༔ གསང་སྤྱོད་སྔགས་ཀྱིས་འགྲོ་དོན་དཔག་མེད་སྒྲུབ༔ སངས་རྒྱས་བསྟན་པའི་རྒྱལ་མཚན་འགྱུར་མེད་བཙུག༔ བསྟན་འགྲོའི་དོན་ཆེན་བསམ་གྱིས་མི་ཁྱབ་མཛད༔ ཅེས་གསུངས་ཚེས་བཅུའི་ཉི་ཤར་དུས་ཆེན་པོར༔ འཇའ་ཚོན་ཀ་བ་ཞོན་ནས་མཁའ་ལ་གཤེགས༔ ཀུན་གྱིས་མོས་གུས་གདུང་བའི་འདུན་པ་སྐྱེད༔ རྒྱ་གྲོང་ཆེན་པོར་འགྲོ་བའི་ཁ་ལོ་བསྒྱུར༔ ཉ་ཕག་སྲོག་མི་གཅོད་པའི་དམ་བཅའ་བཟུང༔ རྒྱལ་པོ་རང་ངོ་འཕྲོད་ཅིང་སྒོམ་དོན་ཟིན༔ མངའ་རིས་ཞིང་ཁམས་དགེ་བའི་ལམ་ལ་ཚུད༔ དེ་ཚེ་འཆི་མེད་རིག་འཛིན་ཡབ་ཡུམ་གཉིས༔ འཇང་ཡུལ་གཡུ་རི་གསང་བའི་ཕུག་ཏུ་བྱོན༔ རྫུ་འཕྲུལ་རྩལ་གྱིས་མི་མིན་མགར་བཟོ་བསྡུས༔ ལྷ་ཀླུ་མི་ཡི་རིན་ཆེན་སྣ་ཚོགས་བླངས༔ ལི་ལས་གྲུབ་པའི་གཞལ་མེད་ཁང་བཟང་པོ༔ གྲུ་བཞི་སྒོ་བཞི་ཁྱམས་དང་གྲུ་ཆད་བཅས༔ རང་བྱུང་འཕྲུལ་གྱིས་ཚེ་དབང་དཀྱིལ་འཁོར་བཞེངས༔ ནང་དུ་གཤེན་རབ་གཡུང་དྲུང་བློ་ལྡན་སྐུ༔ དགྲ་བཅོམ་ཆ་ལུགསས་གནོན་མཉམ་བཞག་ཅན༔ འཁོར་དུ་རིགས་དྲུག་འདུལ་མཛད་ཚེ་དབང་དྲུག༔ དམྱལ་བ་འདུལ་མཛད་ཚེ་དབང་རྣམ་པར་གནོན༔ ཡི་དྭགས་འདུལ་མཛད་ཚེ་དབང་སྦྱིན་པ་ལྡན༔ བྱོལ་སོང་འདུལ་མཛད་ཚེ་དབང་རིག་སྣང་གསལ༔ མི་རྣམས་འདུལ་མཛད་ཚེ་དབང་སྒྲིབ་པ་སེལ༔ ལྷ་མིན་འདུལ་མཛད་ཚེ་དབང་གོ་ཆ་འཕྲུལ༔ ལྷ་ཁམས་འདུལ་མཛད་ཚེ་དབང་མི་གཡོ་སྟོབས༔ ཐམས་ཅད་སྤྲུལ་སྐུའི་ཆས་ཆེན་ལུགས་མ་བཞེངས༔ མི་དང་མི་མིན་སྐྱོབས་པའི་རྟེན་དུ་བཞག༔ དབྱིངས་ནས་བདེ་གཤེགས་ལྷ་ཚོགས་སྤྱན་དྲངས་ཤིང༔ དབྱེར་མེད་རྟེན་ལ་གཉིས་སུ་མེད་པར་བསྟིམ༔ དེ་ནས་ལྷོ་ནུབ་འཇང་ར་དུར་ཁྲོད་བྱོན༔ མ་མོ་མཁའ་འགྲོ་དྲེགས་པ་མི་སྲུན་འདུལ༔ གསང་སྤྱོད་འགྲོ་དོན་དཔག་ཏུ་མེད་པར་མཛད༔ འཇང་བཟའ་གར་བྱོན་དུར་ཁྲོད་ཚོགས་རྗེ་བསྐོས༔ རིག་འཛིན་མཁའ་འགྲོ་རྟག་ཏུ་གནས་དེར་འདུ༔ སྒྲུབ་ཕུག་པདྨ་འཁྱིལ་བའི་དབུས་སུ་ནི༔ རྡོ་ཡི་གཡུང་དྲུང་འཁྱིལ་བའི་གདན་སྟེང་དུ༔ ཤེལ་ལས་གྲུབ་པའི་ཚེ་དབང་རིག་འཛིན་སྐུ༔ མངོན་སུམ་བྱིན་རླབས་རྟག་ཏུ་དྲོད་ལྡན་བཞུགས༔ མཐའ་འཁོབ་ཡུལ་དུ་བསྟན་པའི་སྲོལ་ཆེན་བཙུགས༔ གྲུབ་ཐོབ་རིག་འཛིན་དུ་མས་འགྲོ་དོན་མཛད༔ བཀའ་ཡི་གཉེར་གཏད་སྨིན་གྲོལ་མཐའ་སྤེལ་གྱུར༔ ཚེ་དབང་གཡུ་བྱ་ཁུ་བྱུག་སྤྲུལ་ནས་སུ༔ མོན་ཡུལ་ཕྱོགས་སུ་ཐོགས་མེད་གཤེགས་ཏེ་སོང༔ འཇང་ཡུལ་དགེ་བའི་རྟེན་ཆེན་བྱིན་ལྡན་གྱིས༔ འཕགས་པའི་ཚོགས་བསགས་མཆོད་པའི་ཞིང་དུ་གྱུར༔ འཆི་མེད་ཚེ་དབང་རིག་འཛིན་མཆོག་ཆེན་པོའི༔ སྐྱེས་རབས་རྣམ་ཐར་གསལ་བར་བཀོད་པ་ཡི༔ ངོ་མཚར་དཔལ་གྱི་ཉི་ཟླའི་འཁོར་ལོ་ཞེས་བྱ་བ་ལས༔ འཇང་ཡུལ་གཡུ་རི་སྔོན་པོའི་གནས་ཀྱི་མ་མོ་དབང་དུ་བསྡུས་ཤིང་འཇང་ཟ་གར་བྱོན་ཡུམ་དུ་བཞེས་ཏེ་ཆང་འཐུང་ཉི་མ་གཏོད་ལ་གནོན་ནས་འགྲོ་དྲུག་འདུལ་མཛད་དཀྱིལ་འཁོར་བཞེངས་ཤིང་མཐའ་འཁོབ་དགེ་ལ་བསྒྱུར་བའི་ལེའུ་སྟེ་དོན་དྲུག་པའོ། །ས་མ་ཡ༔ རྒྱ༔རྒྱ༔རྒྱ༔13 ཞེས་རྒྱ་ཆེར་གསུངས་སོ། །
གཡུ་རི་སྔོན་པོ་སོགས་འཇང་ཡུལ་ལ་བོན་བསྟན་སྤེལ་མཁན་འགའ་བསྟན་པ།
འཇང་ཚ་འཕན་སྣང་།
སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། དེའི་དུས་སུ་སྐུ་གཤེན་གྱེར་ཟླ་མེད་ཀྱིས། གྱེར་གྱི་ལ་བཅད་དེ་རྗེའི་སྐུ་དགྲ་འཇང་ཡུལ་འདུལ་བའི་དུས་སུ། ཐང་ལྷ་དག་དབལ་ལ་དར་བཏགས། དགྲ་སྲི་གཡག་གིས་མནན། འཇང་གི་ར་སྒོ་ནག་པོ་ཡི་ཁ་ཕྱེས་ནས་སྦྲུལ་པོ་ཆེའི་དེའུ་བཤིག་སྟེ། བན་གླང་དཀར་པོ་སྣ་ཡང་བཅད། འཇང་ཟ་ཤེལ་ཏིང་ལང་ཤངས་ཆལ་དུ་བླངས། འཆང་(འཇང་)གི་རྒྱལ་ཁམས་མངའ་རིས་སུ་བསྡུས།14 ཞེས་དང་། དུས་རབས་བརྒྱད་པ་བོད་ཀྱི་རྒྱལ་པོ་སོ་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན་བོན་བསྣུབས་སྐབས་ཞང་ཞུང་ཝེར་སྟག་དང་། ཁུ་སྟོང་བྱ་ཞུ་ཅན་དང་། སྟག་ལོ་བྱ་རུ་ཅན་དང་སུམ་པ་དབལ་རྒོད་བཞིས་རྫུ་འཕྲུལ་དང་པྲ་རྟགས་ཀྱི་བོན་རྣམས་སྟག་གཟིག་ལ་བཀལ་ནས་ཤར་ཕྱོགས་འཇང་ཡུལ་དུ་བྱོན་ནས་བོན་བསྟན་སྤེལ་བར་མཛད་པའི་ལོ་རྒྱུས་ཡོད།15 ཞང་བོད་གྲུབ་ཆེན་བརྒྱད་ཅུ་ལས་མཐུ་བོ་ཆེན་མི་དགུའི་ནང་ཚན། དུས་རབས་བརྒྱད་པ་ཡན་མན་སྐབས་སུ་བྱོན་པའི་འཇང་ཚ་འཕན་སྣང་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བཀའ་ལྟར་བན་བོན་རྩལ་འགྲན་སྐབས་རི་རབ་མཛུབ་རྩེས་གསོར་བ་དང་དག་པའི་ཐུགས་ཀར་འོད་ཀྱིས་འགེངས་ཤིང་བྲག་གི་རི་བོ་རྡོ་རྗེ་རྩེ་མོས་ས་རུ་བསྙིལ་བ་དང་བུམ་རྩེར་ལྷ་མཆོག་གསལ་བ་སོགས་གྲུབ་རྩལ་མངོན་རྟགས་མཛད། འཇང་གི་ཡུལ་དུ་ཕེབས་ནས་བོན་བསྟན་སྤེལ་བས། འཇང་གི་ཡུལ་དུ་འཇང་ཚ་འཕན་སྣང་ཞེས་སུ་གྲགས། ཁྱུང་པོ་གྱེར་ཟླ་མེད་ཀྱིས་འཇང་ཡུལ་དབང་དུ་བསྡུས། འཇང་ཚ་བོན་པོ་འཕན་སྣང་དེ་འཇང་ཡུལ་ཁ་གནོན་དུ་བཞག་པར་མཛད་པའི་ལོ་རྒྱུས་ཡོད།16 ཞང་བོད་གྲུབ་ཆེན་བརྒྱད་ཅུ་ལས་མཐའ་འདུལ་ཟིལ་གནོན་ཆེ་དགུའི་ནང་ཚན། དུས་རབས་བརྒྱད་པར་སྐུ་འཁྲུངས་པའི་འཇང་བོན་ཡེ་མཁྱེན་ཁོང་འཇང་ཡུལ་གཡུ་རིའི་མཚོ་གླིང་ལ་སྒྲུབ་པ་མཛད་པས་གྲུབ་པ་ཐོབ་སྟེ་ཉི་མ་རྟོད་ཅིང་ཐོད་ཞལ་འཛིན་པ་དང་། སྔགས་འཆང་སྤྱོད་པའི་བརྟུལ་ཞུགས་རང་སར་གྲོལ་ཏེ་སངས་རྒྱས་ཀྱི་རྣམ་ཐར་བསྐྱངས་པའི་ལོ་རྒྱུས་ཡོད།17 བྲུ་མཚུངས་མེད་བསོད་ནམས་བློ་གྲོས(༡༢༧༧-༡༣༤༡)ནི་བོན་བསྟན་ཕྱི་དར་སྐབས་སུ་བྱོན་པའི་གཏེར་སྟོན་བརྒྱ་རྩ་དང་། སྡེ་དགེ་པར་ཤིང་ལྟར་ན་གཏེར་གྱི་རྒྱལ་བའི་དབང་པོ་གསུམ་གྱི་ཡ་གྱལ་ཡིན།18 ཁོང་གི་རྣམ་ཐར་ནང་དུ་ཁོང་ཉིད་དག་རྐོང་རྒྱ་འཇང་ཧོར་སོགས་ནས་ཕེབས་པ་ལ་འཆད་ཉན་མཛད་ཚུལ་དང་འཇང་ཡུལ་དུ་བོན་བསྟན་སྤེལ་བའི་ལོ་རྒྱུས་ཡོད། རྟོགས་ལྡན་རི་པ་འབྲུག་གསས(༡༢༩༠-༡༣༧༢)ཁོང་ཐོག་མ་དར་རྩེར་མདོ་ལ་བྲོས། དེ་ནས་འཇང་ཡུལ་དུ་བྱོན་ནས་བོན་བསྟན་སྤེལ་བའི་ལོ་རྒྱུས་རྣམ་ཐར་དུ་གསལ་ལོ།།19 དེ་བཞིན་དུ་ཁྱུང་པོ་བཟོད་པ་རྒྱལ་མཚན། དབལ་གཏེར་གསང་སྔགས་གླིང་པ་སོགས་བོན་གཤེན་མང་པོ་འཇང་ཡུལ་དང་གཡུ་རི་སྔོན་པོར་ཕེབས་པའི་རྣམ་ཐར་དང་གཏམ་རྒྱུད་མང་པོ་ཡོད་པ་ཁ་ཚང་འདིར་འགོད་མ་ནུས་སོ། །བོན་གཤེན་དེ་དག་གཡུ་རི་སྔོན་པོ་སོགས་ལ་ཕེབས་པ་ནི་དེང་སང་ཡུལ་སྐོར་བ་དང་སྤྲོ་འཁྱམ་པ་ལྟ་བུ་མ་ཡིན་པ། གནས་རི་དེ་ལ་མཚམས་བསྙེན་སྒྲུབ་དང་། རི་ཁྲོད་དང་དགོན་པ་འདེབས་པ། ཡང་ན་གཏེར་བཞེས་པ་དང་། གནས་སྐོར་འགྲོ་བ་བཅས་བསྟན་འགྲོའི་དོན་ཆེན་ཁུར་དུ་བཞེས་ནས་ཕེབས་པའོ། །བོན་གཤེན་དེ་དག་གི་གཡུ་རི་སྔོན་པོ་ལ་སྒྲུབ་ཕུག་ཡོད་པ་དང་། ཕྱག་ཞབས་རྗེས་ཡོད་པ། རི་ཁྲོད་བཏབ་པ། དགོན་པ་འདེབས་པ་སོགས་ཡོད་ཚུལ་ཞལ་རྒྱུན་ཙམ་ལས་ལོ་རྒྱུས་ཅན་གྱི་ཡིག་ཆ་རང་གིས་མ་མཐོང་། མ་མཐོང་ཕྱིར་ན་མེད་མ་ཡིན།
འཇང་རི་སྔོན་པོ་ལ་སྐོར་བ་བྱེད་ལུགས་དང་ཕན་ཡོན་སོགས་བསྟན་པ།
འཇང་ཡུལ་གཡུ་རི་སྔོན་པོའི་གནས་ཡིག་དཀར་ཆག་ཞིག་ཡོད་པར་གོ་ཐོས་བྱུང་ཡང་རང་གི་ལག་ཏུ་མ་བྱུང་། གནས་འདི་ལ་སྐོར་བ་བྱེད་སྟངས་དང་ཕན་ཡོན་སོགས་དམིགས་བསལ་ཅན་དུ་བཀོད་པའི་ཐབས་ཤེས་མེད་པ་ལྟ་བུ་ཆགས་ཡོད། གནས་རི་གང་དང་གང་ཞིག་གི་སྐོར་ལམ་སྟེང་འོག་བར་གསུམ་ཡོད་པ་དང་། སྐོར་བ་བྱེད་སྟངས་བོན་པོའི་སྐོར་ལུགས་དང་བན་དེའི་སྐོ་ཞུགས་གཉིས། ཡང་ན་གཡས་སྐོར་དང་གཡོན་སྐོར་གཉིས་ལས་མེད། བོན་པོ་རྣམས་ཀྱིས་བོན་སྐོར་རམ་གཡོན་སྐོར་ཁོ་ན་ཡིན། གནས་འདི་ལ་དེང་སང་ཀུན་སློང་དགེ་བའི་ཆེད་དང་། སྣང་བ་དག་པ་རྒྱལ་བའི་ཞིང་དུ་དམིགས་ནས་འགྲོ་བ་དང་། སྤྱོད་ལམ་ཡང་དག་པའམ་དགེ་བའི་ལས་སྤྱོད་བཅས་ཀྱི་སྐོར་བ་འགྲོ་མཁན་དང་། ཡང་ན་གནས་རི་དེ་ལ་སྐོར་རྒྱག་ནས་འགྲོ་མཁན་ནི་ཉུང་ཉུང་རེད། ཡུལ་སྐོར་བའམ་ལྗོངས་རྒྱུ་སྤྲོ་གསེང་བྱེད་མཁན་མང་བ་ནི་བཤད་མ་དགོས་པ་རེད། གནས་འདི་ལ་སྐོར་བ་ནམ་བྱས་ཀྱང་ཕན་ཡོན་རྒྱ་ཆེན་པོ་ཡོད་ཚུལ་ནི། གནས་སྐོར་ལན་གཅིག་བྱེད་ན་དགེ་བ་དུང་ཕྱུར་བཅུའི་འགྱུར་ཡོད། བླ་མའི་བྱིན་རླབས་རང་རྒྱུད་ལ་འཇུག །ཡི་དམ་ལྷ་ཡིས་དངོས་གྲུབ་སྟེར། མཁའ་འགྲོ་བོན་སྐྱོང་གིས་སྡོང་གྲོགས་བྱེད། ཡུལ་ལྷས་མཐུ་རྐྱེན་སྒྲུབ། ལུས་ངག་ཡིད་གསུམ་སྒྲིབ་པ་དག ། ཚེ་བསོད་ནམས་རྒྱས། ལས་རླུང་རྟ་དར། བསམ་པའི་བར་ཆད་སེལ། བསམ་དོན་མ་ལུས་པ་འགྲུབ། ནད་རིགས་དང་རྐྱེན་བགེགས་བར་ཆད་ཞི་བ། ཚེ་ཕྱི་མ་བླ་མེད་གོ་འཕང་ཐོབ་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་དོ། །
སྨྲས་པ། འཇང་གི་གཤེན་པོ་ཀླུ་དབང་དང་བ་རྗེ། །འཇང་ཟ་མཁའ་འགྲོ་བློ་གསལ་ལྕམ་མོ་དང་། །འཇང་བླ་ཚེ་དབང་ཉི་མ་འོད་གསལ་བཅས། །འཇང་བོན་བླ་ཆེན་རྣམས་ལ་གུས་པས་བསྟོད། །འཇང་གནས་གཡུ་རི་སྔོན་པོ་ལ་སོགས་པའི། །འཇང་ཡུལ་བོན་བསྟན་མེ་རོ་སློང་མཁས་པ། །འཇང་ཚ་འཕན་སྣང་གྲུབ་དབང་རིག་འཛིན་སོགས། །འཇང་གི་བོན་གཤེན་རྣམས་ཀྱི་བཀའ་དྲིན་དྲན། །འཇང་གི་ས་ཐམ་རྒྱལ་པོའི་མངའ་འོག་ཏུ། །འཇང་གི་བླ་མ་དམ་པ་བཞུགས་པའི་གནས། །འཇང་གནས་གཡུ་རི་སྔོན་པོའི་དཀར་ཆག་འདི། །འཇང་རིགས་རྣམས་ལ་ཕན་པའི་སེམས་ཀྱིས་བྲིས། །འཇང་ཡུལ་ལོ་རྒྱུས་ཀུན་གསལ་རྣམ་ཐར་དང་། །འཇང་རིགས་བློ་ལྡན་རྣམས་ཀྱིས་ཞལ་རྒྱུན་རྣམས། །འཇང་ཡུལ་གནས་རིའི་ལོ་རྒྱུས་མདོ་བསྡུས་ཙམ། །འཇང་སྐད་མ་ཡིན་བོད་སྐད་འདི་ན་སྤེལ། །འཇང་གི་རིག་གནས་ཟད་མེད་ཆུ་གཏེར་མཐའ། །འཇང་རིགས་མིན་པས་བདག་གིས་གཞལ་མི་ནུས། །འཇང་གི་བཤད་སྟངས་དང་འགལ་འཁྲུལ་བ་རྣམས། །འཇང་བོན་རིག་འཛིན་ཚོགས་ལ་སྙིང་ནས་བཤགས། །འཇང་རིའི་གནས་ཡིག་བརྩམས་པའི་དགེ་འབྲས་རྣམས། །འཇང་གི་བསྟན་འཛིན་སྐྱེས་བུ་ས་ཆེན་གང་། །འཇང་ཡུལ་སྦྱིན་བདག་མངའ་ཐང་ལོངས་སྤྱོད་རྒྱས། །འཇང་རིགས་ཕོ་མོ་སངས་རྒྱས་ཐོབ་ཕྱིར་བསྔོ། །
ཞེས་འཇང་ཡུལ་གཡུ་རི་སྔོན་པོའི་གནས་ཡིག་གཡུང་དྲུང་རང་སྒྲ་འདི་ནི་དྲན་པ་ནམ་མཁའི་རྣམ་ཐར་དང་ཚེ་དབང་རིག་འཛིན་རྣམ་ཐར་སོགས་ལ་གཞིར་བཅོལ་ནས་ཉག་རོང་ཡེ་ཤེས་དགོན་པའི་གཡག་དྲུག་ཚང་སེང་གེ་སྤྲུལ་སྐུ་རིག་འཛིན་ཉི་མས་དུས་རབས་ཉེར་གཅིག་པའི་ཆུ་སྟག་ལོ་སྟེ་སྤྱི་ལོ༢༠༢༢ལོའི་བོད་ཟླ༡༡པའི་ཚེས༡༨ཉིན་རྒྱ་ནག་ཁྲེང་ཏུའུ་ལ་སྦྱར་བའོ། །
དཔྱད་མཆན།
1. སྣང་མཐའ་བསྟན་འཛིན་ཉི་མས་བསྒྲིགས་པའི་«ཞང་བོད་ལོ་རྒྱུས་ཆེན་མོ» སྨད་ཆ། «འཛམ་གླིང་མཐའ་དབུས་ཀྱི་རྣམ་བཞག་ཉེར་མཁོའི་སྣང་བ»དབྲ་སྟོན་ངག་དབང་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༡པར་པར་གཞི་དང་པོ་བསྒྲིགས། ཤ༢༦༨
2. ཚེ་རིང་ཐར་གྱིས་གཙོ་སྒྲིག་བྱས་པའི«གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།» དེབ་དང་པོ། «མདོ་འདུས་པ་རིན་པོ་ཆེའི་རྒྱུད་ཐམས་ཅད་མཁྱེན་པའི་བཀའ་ཚད་མ» སྟོན་པ་གཤེན་རབ་མི་བོས་གསུང་། མི་རིགས་དཔེ་སྐྲུན་ཁང་ནས་༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤ༧
3. སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི་«གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ» ལས་གླེགས་བམ༨༧པ། «བསང་མཆོད་ཡིད་བཞིན་ནོར་བུ» བློ་ལྡན་སྙིང་པོས་བརྩམས། ༡༩༩༨ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས། ཤ༡༢༨༧
4. ཁྲི་བསོད་བསྟན་གྱིས་བསྒྲིགས་པའི་«བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ» པོད་གསུམ་པ། «སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ» ཁོད་པོ་བློ་གྲོས་ཐོགས་མེད་ཀྱི་གཏེར་མ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། ༢༠༡༨ལོའི་ཟླ༧པར་པར་གཞི་དང་པོ་བསྒྲིགས། ཤ༢༠༡
5. བསོད་ལོས་བསྒྲིགས། «དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན།» གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་བཞི་པ། ཤ༢༥-༢༨
6. བསོད་ལོས་བསྒྲིགས། «ཚེ་དབང་རིག་འཛིན་ཆེན་པོའི་རྣམ་ཐར་ངོ་མཚར་དཔལ་གྱི་ཉི་ཟླའི་འཁོར་ལོ།» གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། སྨད་ཆ། ཤ༢༣༨
7. བསོད་ལོས་བསྒྲིགས། «ཚེ་དབང་རིག་འཛིན་ཆེན་པོའི་རྣམ་ཐར་ངོ་མཚར་དཔལ་གྱི་ཉི་ཟླའི་འཁོར་ལོ» གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་བཞི་པ། ཤ༢༣༨
8. བསོད་ལོས་བསྒྲིགས། «ཚེ་དབང་རིག་འཛིན་ཆེན་པོའི་རྣམ་ཐར་ངོ་མཚར་དཔལ་གྱི་ཉི་ཟླའི་འཁོར་ལོ» གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་བཞི་པ། ཤ༢༣༩
9. བསོད་ལོས་བསྒྲིགས། «ཚེ་དབང་རིག་འཛིན་ཆེན་པོའི་རྣམ་ཐར་ངོ་མཚར་དཔལ་གྱི་ཉི་ཟླའི་འཁོར་ལོ» གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་བཞི་པ། ཤ༢༣༩
10. གཙོ་སྒྲིག་པ་བསོད་ལོས་བསྒྲིགས་པའི《དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན།》 གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་གསུམ་པ། ཤ༣༥༢-༣༥༣
11. བསོད་ལོས་བསྒྲིགས། «དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན། » གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་བཞི་པ། ཤ༢༥-༢༨
12. གཙོ་སྒྲིག་པ་བསོད་ལོས་བསྒྲིགས་པའི《དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན།》 གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་གསུམ་པ། ཤ༣༥༢-༣༥༣
13. བསོད་ལོས་བསྒྲིགས། «ཚེ་དབང་རིག་འཛིན་ཆེན་པོའི་རྣམ་ཐར་ངོ་མཚར་དཔལ་གྱི་ཉི་ཟླའི་འཁོར་ལོ» གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། སྨད་ཆ། ཤོག་ངོས༢༣༨-༢༤༥
14. ཁྲི་བསོད་བསྟན་གྱིས་བསྒྲིགས་པའི་«བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ» པོད་གསུམ་པ། «སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ» ཁོད་པོ་བློ་གྲོས་ཐོགས་མེད་ཀྱི་གཏེར་མ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། ༢༠༡༨ལོའི་ཟླ༧པར་པར་གཞི་དང་པོ་བསྒྲིགས། ཤ༢༢༩
15. སྟོང་སྐོར་ཚེ་རིང་ཐར་གྱིས་རྩོམ་སྒྲིག་བྱས་པའི«གངས་ཏི་སེ་བོན་གཞུང་རིག་མཛོད» དེབ་དང་པོ། «བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མ།» སྤ་སྟོན་བསྟན་རྒྱལ་བཟང་པོས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས།ཤ༣༠༥
16. སྟོང་སྐོར་ཚེ་རིང་ཐར་གྱིས་རྩོམ་སྒྲིག་བྱས་པའི«གངས་ཏི་སེ་བོན་གཞུང་རིག་མཛོད» དེབ་དང་པོ། «གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེའི་གླིང་གྲགས།» རྒྱང་ཡར་བླ་ཆེན་ཁོད་སྤུངས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤ༦༩༩
17. «ཞང་བོད་ཚིག་མཛོད་ཆེན་མོ» སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠ལོའི་ཟླ༡༢པར་པར་གཞི་དང་པོ་བསྒྲིགས། ཤ ༧༨༡
18. 《སྤྲུལ་སྐུ་གཏེར་སྟོན་བརྒྱ་རྩའི་གསོལ་འདེབས་བྱིན་རླབས་ཆར་འབེབས།》ཀུན་གྲོལ་གྲགས་པས་བརྩམས། སྡེ་དགེའི་པར་ཁང་དུ་བཞུགས། ལྡེབ༤སྲིབ།
19. སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི་«གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ» ལས་གླེགས་བམ༡༥༢པ།«རྟོགས་ལྡན་རི་པ་འབྲུག་གསས་ཀྱི་སྐྱེ་བ་བཞེས་པའི་རྣམ་པར་ཐར་པ» རྩོམ་པ་པོ་མི་གསལ། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤ༤༤༩-༤༧༠