བོན་གྱི་འདུ་གནས་སོ་བདུན་ལས་བྱེ་བྲག་གི་འདུ་གནས་གསུམ་གྱི་སྐོར་ལ་དཔྱད་པ།

[ཟླ་ཚེས། 2021-05-20 22:38:59][རྩོམ་པ་པོ། བསམ་གཏན་འགྱུར་མེད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


བོན་གྱི་འདུ་གནས་སོ་བདུན་ལས་བྱེ་བྲག་གི་འདུ་གནས་གསུམ་གྱི་སྐོར་ལ་དཔྱད་པ། 
                
བསམ་གཏན་འགྱུར་མེད།༼ལྷ་ས༽
ནང་དོན་གནད་བསྡུས།    བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོས་ཞང་ཞུང་བོན་གྱི་རིག་གནས་ནང་འདྲེན་བྱས་ཏེ་བོད་ཡུལ་རུ་བཞིའི་རྒྱལ་དང་རྒྱལ་ཕྲན་རྣམས་སུ་བོན་གྱི་འདུ་གནས་དངོས་སུ་བཙུགས་པ་དང་འཕེལ་རྒྱས་ཕྱིན་པའི་ཡོངས་གྲགས་འདུ་གནས་སོ་བདུན་ནང་སྔོན་མའི་དབུས་རུའི་ཁུལ་དུ་འདུ་གནས་བཅུ་གསུམ་ཡོད་པ་དང་། དེང་སྐབས་ཀྱི་ལྷ་ས་གྲོང་ཁྱེར་ས་ཁོངས་སུ་ད་ལྟ་དངོས་སུ་ངོས་ཟིན་པའི་འདུ་གནས་དགུ་ཙམ་ཡོད་པའི་ནང་འདིར་ལྷ་ས་གྲོང་ཁྱེར་གྱི་ཆེས་ཉེ་འཁོར་དུ་ཡོད་པའི་བོན་གྱི་འདུ་གནས་ཤུན་གྱི་བྲག་དམར་དང་། ངན་ལམ་རལ་གསུམ། ལྷ་ས་ཡེར་པ་དང་གསུམ་ནི་དེ་སྔའི་ལོ་རྒྱུས་དེབ་ཐེར་ལ་འཁོད་ཚུལ་དང་ད་ལྟའི་གནས་ཡུལ་ངོ་སྤྲོད་མདོར་བསྡུས་ཤིག་ཞུ་བ་བཅས་ཡིན།
བརྡ་ཆད་གཙོ་བོ། བོན།   ཞང་ཞུང་།  འདུ་གནས། 
 གཅིག  བོན་གྱི་འདུ་གནས་སོ་བདུན་ལས་ཤུན་གྱི་སྐོར།
བསྒྲགས་པ་རིན་ཆེན་གླིང་གྲགས་ལས་ཕུན་གྱི་བྲག་དམར་བོན་གྱི་འདུ་འཚོགས་གནས༼༡༽ཞེས་དང་། ཡང་མཛོད་སྒྲ་འགྲེལ་དཔེ་རྙིང་ཞིག་ལས་ཤུན་གྱི་བྲག་དབར༼༢༽ཞེས་པ། དར་རྒྱས་གསལ་སྒྲོན་ལས་མཆིམ་གྱི་བྲག་དམར༼༣༽བོན་འབྱུང་བསྐལ་བཟང་མགྲིན་རྒྱན་ལས་མཆིམ་གྱི་བྲག་དམར་ནི་བསམ་ཡས་མཆིམ་ཕུ༼༤༽ཞེས་འབྱུང་བ་རྣམས་ལས། མཆིམ་ཞེས་པའི་ཚིག་དེས་དཔལ་ཚུལ་གྱིས་བསམ་ཡས་མཆིམས་ཕུ་ལ་ཡིན་པར་གོ་བ་བླངས་འདུག ཁོ་བོས་དཔྱད་ན་ཤུན་གྱི་བྲག་དམར་ནི་ལྷ་སའི་ནུབ་ཀྱི་བྲག་རི་འདི་རང་ཡིན་འདུག་སྙམ། རྒྱུ་མཚན་ནི་ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བཙན་པོའི་རྒྱལ་རབས་བྱ་བ་ལས་རྒྱ་བཟའ་ཀོང་ཇོས་ས་དཔྱད་བརྟག་ཚུལ་སྐོར་ན། དེ་ལྟར་ཤར་གྱི་སྟག་སྐྱ་བོ་དགའ་གདོང་འགོ་མ། ལྷོ་ཡི་གཡུ་འབྲུག་སྔོན་མོ་སྐྱིད་ཆུ། ནུབ་ཀྱི་བྱ་དམར་མོ་ཤུན་ཀྱི་བྲག་དམར་བྱ་གདོང་། བྱང་གི་རུས་སྦལ་རྒྱ་བོ་ཉང་བྲན་ཕ་བོང་ཁ་སྟེ༼༥༽ཞེས་དང་། ཆོས་འབྱུང་མེ་ཏོག་སྙིང་པོ་ལས་ནུབ་ཕྱོགས་ཤུན་གྱི་བྲག་ལ་བདུད་ནག་པོ་བྱ་ར་བྱེད་པ་འདྲ་བའི་ས་དགྲ་ཡོད། དེའི་ཕྱོགས་ས་མཆོད་རྟེན་བསེ་རུ་རྩིགས༼༦༽ཞེས་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་༼༧༽དང་བོད་ཀྱི་ལོ་རྒྱུས་གཡུ་ཡི་ཕྲེང་བ་ལས་ཁ་མཐུན་པར་ནུབ་ན་ཤུན་གྱི་བྲག་དམར་བདུད་པོ་བྱ་ར་བྱེད་པ་ལྟ་བུ་དང་རི་སྲིན་མོ་རལ་པ་ཟིང་པ་འདྲ་བ་ལ་རྡོ་ཡི་མཆོད་རྟེན་བསྟན༼༨༽ཞེས་པ་འདིར་སྔར་ནས་ད་བར་གཞིས་བཅའ་བའི་ཡུལ་མིས་ཀྱང་ཡུལ་ལ་ཤུན་དང་བྲག་ལ་ཤེལ་དཀར་བྲག་ཕུག་གམ་གྲོང་འདི་གདོང་དཀར་ཟེར་བཞིན་ཡོད། བྲག་ཕུག་ནང་གི་ཆུ་མིག་ནི་བཏུངས་ཀྱང་མི་ཉུང་ལ་བཞག་ཀྱང་མི་འཕེལཔ་བླ་མ་ལི་ཤུས་བྱིན་རླབས་ཞུགས་ཡོད་ཟེར་ལ། ཤེལ་རྡོའམ་ཅོང་ཞིའི་རང་བྱུང་ཀ་བ་དེ་དག་ནི་གཅོ་གཤེན་ཕྱག་དཀར་བསམ་ཡས་གྱི་མཆོད་རྟེན་ཆེན་པོ་བཞི་གཟིགས་ཚེ་རྫུ་འཕྲུལ་གྱིས་བཞེངས་བར་འདོད་པ་སྟེ། དར་རྒྱས་གསལ་སྒྲོན་ལས་གཅོ་གཤེན་ཕྱག་དཀར་གྱིས་ཕྱག་རྒྱ་བར་སྣང་ལ་བསྒྱུར་བས། བདུད་འདུལ་སྒྲ་སྒྲོགས་གཡུང་དྲུང་བརྩེགས་པའི་མཆོད་རྟེན་ཞིག་བར་སྣང་ལ་བཀྲ་ལམ་མེར་གདའོ།། དེ་ལ་འོད་འཕྲོས་ལྷ་སའི་བྲག་ལ་བབས་པས། ད་ལྟ་རང་བྱུང་ཤེལ་གྱི་མཆོད་རྟེན་དུ་གྲགས་སོ༼༩༽ཞེས་གསུངས་པས་སོ།། རི་གཤམ་དུ་སྔོན་བོན་གྱི་འདུ་གནས་སམ་འདུལ་བསྟན་ཆགས་པའི་མཁར་ཤུལ་ཡོད་ལ། ཡང་ཡུལ་མིའི་ཁ་རྒྱུན་དུ་རི་ཤུན་བྲག ཤིང་གནམ་འཛེར། མི་གདོང་དཀར་ཞེས་འདི་ཁུལ་གྱི་རི་དང་ཤིང་མི་བཅས་གསུམ་ཀ་རྩུབ་མོ་ཡོད་པའི་བཤད་ཚུལ་ཞིག་ཀྱང་འདུག་ལ། རིག་གསར་གོང་དུ་བལ་པོ་བ་ཚོ་བྲག་ཕུག་འདིར་མཇལ་ཞིང་བྲག་ཕུག་གི་ས་ཐོད་པར་བྱུག་པའི་སྲོལ་ཞིག་ཡོད། ཐོད་པར་བྱུག་པའི་ས་དེ་ས་རང་ཡིན་ཡང་རི་འདབས་སུ་སླེབ་ཚེ་དམར་གཡའ་ཡོད་པའི་བཟོ་འདྲ་ཆགས་ཡོད།༼༡༠༽ཤེལ་དཀར་ཕུག་པའི་སྒོ་འགྲམ་གྱི་ཞབས་རྗེས་དེ་སློབ་དཔོན་སྟོང་རྒྱུང་མཐུ་ཆེན་ནམ་བླ་མ་ལི་ཤུའི་ཞབས་རྗེས་ཡིན་སོགས་ཟེར། བོན་གཤེན་དེ་དག་འདིར་ཕེབས་མྱོང་སྟེ་ཡང་རྩེ་ཀློང་ཆེན་ལས་འདུ་གནས་སུམ་ཅུ་རྩ་བདུན་དུ། བོན་ཆེན་ཉི་ཤུ་རྩ་བཞི་དང་། སྒྲུབ་པ་པོ་ཉི་ཤུ་རྩ་བརྒྱད། མཐུ་བོ་ཆེ་མི་དགུ མཁས་པ་མི་བཞི། མཁས་པ་ཉི་ཤུ་དེ་ཚོས་བསྟན་པ་བཟུང་།༼༡༡༽ཞེས་གསུངས། འགའ་ཞིག་གིས་འདི་ནི་བླ་མ་ལི་ཤུའི་བཞུགས་གནས་ཤེལ་གྱི་བྲག་དཀར་རྩེ་རྫོང་དུ་ངོས་འཛིན་མཁན་ཡོད་འདུག་ཀྱང་། ཡང་རྩེ་ཀློང་ཆེན་མཛད་ས་ནི་སྔར་ནས་ད་བར་ཤེལ་གྱི་བྲག་དཀར་རྩེ་རྫོང་ཞེས་རླུང་ལྟར་གྲགས་པ་ད་ལྟའི་དཔལ་མགོན་རྫོང་གནམ་མཚོའི་བྱང་ཕྱོགས་སྤུ་གྲོ་གྲོང་བརྡལ་ཤེལ་བྲག་ཕུག་པ་དགོན་གྱི་བྲག་རི་དཀར་པོ་ཞིག་ཡོད་པ་དེ་ཉིད་ཡིན་དགོས་སྟེ། རྫོགས་ཆེན་སྔོན་འགྲོ་ལས་ཤེལ་གྱི་བྲག་དཀར་རྩེ་རྫོང་གི་སྒྲུབ་གནས་སུ། བླ་མ་ལི་ཤུ་སྟག་རིང་ལ་གསོལ་བ་འདེབས༼༡༢༽ཞེས་དང་། ཡང་རྩེ་ཀློང་ཆེན་ལས། བྲག་དཀར་གནས་སུ་སྙན་རྒྱུད་གཏན་ལ་ཕབ། རྫོགས་ཆེན་དོན་རྟོགས་གཉའ་ཆེན་ཁྱེད་ལ་བསྟོད།། ༼༡༣༽ཞེས་དང་། ཡང་དེ་ལས་དེའི་དུས་སུ་ཁ་ཅོ་བྲག་དཀར་དུ་མཁའ་འགྲོ་ཅོ་ཟ་དང་། མཁས་པ་ཉི་ཤུས་ཚོགས་ཀྱི་འཁོར་ལོ་བརྒྱ་རྩ་བརྒྱད་བསྐོར་ནས། བླ་མས་སྙན་རྒྱུད་ཡང་རྩེ་ཀློང་ཆེན་བྱ་བ་མཛད་དོ།། ༼༡༤༽ཞེས་དང་། ཡང་དེ་ལས། བྲག་དཀར་རྩེ་རྫོང་བཀའ་རྟགས་བརྩེགས་པའི་ཕྱག་རྒྱ་ཅན་དུ། ལྷ་ཀླུ་མི་གསུམ་གྱི་རྣལ་འབྱོར་པས།ཐུགས་ཀྱི་མཛོད་བསྐུལ་ནས། བསྒྲགས་པ་གསུམ་གྱི་བཅུད་བསྡུས་ཡང་རྩེ་ཀློང་ཆེན་མཛད༼༡༥༽ཞེས་སོགས་ཤིན་ཏུ་མང་ལ་ལྷག་པར་གོ་བདེ་ལ་དོན་ཚང་བ་སྐྱབས་སྟོན་རིན་ཆེན་འོད་ཟེར་གྱི་མཛད་པའི་ཡང་རྩེ་ཀློང་ཆེན་གྱི་འགྲེལ་ལས་དེ་ལ་གཞུང་འདི་མཛད་པའི་དཔོན་གསས་ནི། ཡེ་གཤེན་གཙུག་ཕུད་ཀྱི་སྤྲུལ་པ། ལི་ཤུ་སྟག་རིང་གིས་མཛད། མཛད་པའི་ཡུལ་ནི། ལ་སྟོད་ཀྱི་ས་ཆའམ། ཡང་ན་གནམ་མཚོའི་བྱང་ཕྱོགས་ན། ཁ་ཅོ་བྲག་དཀར་ཞེས་ཀྱང་བྱ། ཤེལ་གྱི་བྲག་དཀར་རྩེ་རྫོང་ཞེས་བྱ་བ། གཡུང་དྲུང་འཁོར་ལོ་པད་མ་རིན་པོ་ཆེ། བཀའ་རྟགས་ཕྱག་རྒྱ་བརྩེགས་པ་འདྲ་བའི་གནས་སུ་མཛད༼༡༦༽ཞེས་མིང་གཉིས་དང་གནམ་མཚོའི་བྱང་ཞེས་ས་ཕྱོགས་བཅས་གསལ་བོར་བསྟན་པའི་ཕྱིར་རོ།། ཡང་ཁ་ཅིག་གིས་གོང་དུ་ལུང་ལས་ཤུན་གྱི་བྲག་དམར་ཟེར་འདུག་པ་འདི་བྲག་དཀར་ཡིན་དོན་ཅི་ཡིན་ཟེར་ན། བྲག་དམར་འགའ་ལོ་རབས་ནས་ལོ་རབས་ཉི་རླུང་ཆར་པས་བསྲེག་གཏོར་བཀྲུ་གསུམ་བྱས་པས་དཀར་པོའི་རྣམ་པར་གྱུར་བ་ཡོད་དེ། དཔེར་ན་དུས་རབས་བརྒྱད་པར་བཞུགས་པའི་དྲན་པ་ནམ་མཁའི་བསྒྲགས་གླིང་ལས་འཕེན་ཡུལ་བྲག་དམར་བོན་གྱི་འདུ་འཚོགས་གནས༼༡༧༽ཞེས་པ་ལ་དུས་རབས་བཅུ་བཞི་པའི་སྤ་སྟོན་གྱི་དར་རྒྱས་གསལ་སྒྲོན་ལས་འཕེན་ཡུལ་བྲག་དཀར༼༡༨༽ཞེས་དང་། དུས་རབས་ཉི་ཤུ་པའི་མཁས་པ་དཔལ་ཚུལ་གྱི་བསྟན་འབྱུང་བསྐལ་བཟང་མགྲིན་རྒྱན་ལས་འཕེན་ཡུལ་བྲག་དཀར་ནི་དབུ་རུ་བྱང་ངོས་འཕེན་པོའི་ནང༼༡༩༽ཞེས་གསུངས་ལ། དེང་སྐབས་འཕེན་པོ་དར་ཡུལ་ནང་ལ་དར་ཡུལ་ཕུ་ཤར་ནུབ་གཉིས་ཡོད་པའི་ཤར་གྱི་རི་རྩེ་ལ་ཡུལ་མིས་བྲག་དཀར་རྟ་སོ་ཟེར་བ་དེང་གི་ཆར་བྲག་དཀར་པོ་ཡིན་པའོ།། གཞན་ཡང་ཤུན་གྱི་བྲག་འདི་ལ་འགྲེལ་བཤད་བྱེད་མཁན་ཡ་མཚན་ཅན་འགའ་ཡོད་དེ། བོན་པོས་འདུ་གནས་ཡིན་ཟེར་ནས་བོན་འབྱུང་མང་པོར་བཀོད་ཡོད་ལ། སྔ་རབས་རྒྱ་བཟའི་རྩིས་དང་ཆོས་པའི་མཁས་པས་ས་དགྲ་དང་བདུད་རི་ཡིན་ཟེར་ནས་ཆོས་འབྱུང་དུ་མར་བྲིས་ཡོད། ཉེ་ཆར་ལོ་རེ་གཉིས་ནང་གསར་དུ་གཞིས་ཆགས་བྱས་པའི་མི་འགའ་ཤས་ཀྱིས་གནས་འདི་ནི་སྤྱན་རས་གཟིགས་ཀྱི་གནས་རི་ཡིན་ཞེས་རོ་རྒྱབ་ཁུར་ལྟ་བུའི་བཤད་ཚུལ་དགོད་བྲོ་བ་འགའ་ཡང་ཐོན་ཡོད་འདུག འདུ་གནས་དེ་ནི་ད་ལྟའི་གནས་ཡུལ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་གདོང་དཀར་ཤང་རུ་ཁག་དང་པོའི་ཁོངས་སུ་ཡོད།
གཉིས།  བོན་གྱི་འདུ་གནས་སོ་བདུན་ལས་ངན་ལམ་རལ་གསུམ་གྱི་སྐོར།
   བསྒྲགས་པ་རིན་ཆེན་གླིང་གྲགས་ལས་ངམ་ལམ་རམ་གསུམ་བོན་གྱི་འདུ་འཚོགས་གནས༼༢༠༽ སྒྲ་འགྲེལ་ལས། ངན་ལམ་རལ་གསུམ༼༢༡༽དར་རྒྱས་གསལ་སྒྲོན་ལས་ངལ་ལན་རལ་གསུམ་༼༢༢༽དཔལ་ཚུལ་བསྟན་འབྱུང་ལས་ངན་ལམ་རལ་གསུམ་ནི་བསམ་ཡས་ནས་སྐྱིད་ཤོད་ཡོང་བའི་བར༼༢༣༽ཞེས་པས། དེ་ཡང་ངན་ལམ་སྲི་འམ་དེང་སྐབས་ཡི་གེ་འབྲི་ལུགས་འགྱུར་བའི་ཀྲིའི་ནང་དུ། ཕུའི་ལུང་པ་རྨ་ལུང་དང་། བྲག་ལ།༼བྲག་རལ་ ༽ གཡའ་ལུང་བཅས་གསུམ། རྨ་ལུང་གྱང་རལ་ལ་སྔོན་བོན་གྱི་དགོན་པ་ཡོད་པར་གྲགས། བྲག་ལ་ལ་རྫ་ལྕགས་རི་དང་ལྐུགས་པ་བྲག་རི། གཡའ་ལུང་ནང་ཧ་ལམ་ངམ་སྟག་ར་ཀླུ་གོང་གྱི་བང་སོར་ཞོལ་རྡོ་རིང་གི་ཚབ་དུ་འཛུག་འཆར་བྱས་པའི་རྡོ་རིང་གཤོག་པ་ཅན་བཅས་ཡོད། རི་ཁུག་དུ་ཡུལ་མིས་ས་གྲུ་བཞི་ཞེས་བློན་པོ་ངམ་སྟག་ར་ཀླུ་གོང་[སྟག་སྒྲ་གླུ་ཁོང་]གི་བང་སོ་རྒྱ་ཆེན་པོ་ཞིག་ཀྱང་ཡོད། འདིར་དེ་སྔོན་པོ་ཏ་ལའི་ཞོལ་རྡོ་རིང་སྔ་ཕྱི་གཉིས་དང་གཤོག་པ་ཅན་སོགས་གསུམ་ཙམ་ཡོད་འདུག  དུང་དཀར་ཚིག་མཛོད་ལས་ངན་ལམ་སྟག་ར་ཀླུ་གོང་དང་ངམ་ཏ་ར་ཀླུ་ཁོང་ཁ་ཁར་བཤད་ཀྱང་འདིར་དོགས་པ་ཅུང་ཙམ་འདུག་པས་དཔྱད་པར་བྱ། གཤམ་དེར་འབའ་རྡོག་དགོན་པ་དང་རྒྱ་ཚ་འབུམ་པ་ཞེས་མཆོད་རྟེན་ཤུལ་དང་བང་སོ་དང་། གོང་དེར་ཆུ་མིག་ཁྲ་མོ། ཆུ་མིག་དང་བང་སོ་བརྒྱ་དང་བརྒྱད་རེ་ཡོད་ཟེར། ལྷ་ཀླུང་སྒྲུབ་ཁང་བླ་མ་ཞང་ཆུང་ངུའི་དུས་ཀྱི་ཞབས་རྗེས། བྱང་མཁར་ལ་བླ་མ་ཞང་གི་སྐུ་གདུང་དང་ཞབས་རྗེས་གྲུབ་རྟགས་བཅས་ཡོད། ལུང་པ་འདི་བསམ་ཡས་ནས་སྐྱིད་ཤོད་ལྷ་སར་འགྲོ་སའི་ལམ་བར་དུ་ཡོད་པ་མ་ཟད་ངན་ལམ་སྟོང་སྡེའི་ཁུལ་ཡིན་ཏེ། དར་རྒྱས་གསལ་སྒྲོན་ལས། ལྷོ་བལ་གྱི་ཨ་ཙ་ར་མི་གསུམ་གྱི་བྲག་དམར་བསམ་ཡས་གསེར་མང་པོ་ཡོད་པ་ཐོས། བསམ་ཡས་སུ་ཡོང་ན་ནུབ་མོ་བསྐོར་བ་བྱས་པས། དཀོར་གཉེར་ན་རེ། ཁྱོད་ལྷོ་བལ་གྱི་མི་དད་པ་ཅན་འདུག་པས་མོས་གུས་གྱིས་གསུངས་ནས་སྒོ་བཅད་ནས་སོང་། དེར་སྒྲོ་བ་ཞིག་ལ་ཁྲོ་ཆུས་རྒྱས་བཏབ་པ་ཞིག་འདུག་ནས། བཏེག་པས་ལྕིད་ཆེ་སྟེ། འདི་ནས་གསེར་ཡོད་སྙམ་ནས་ཁྱེར་ནས་བྲོས་སོ། ནུབ་མོ་ཕྱིན་ཅིང་ཉིན་མོ་ནགས་གསེབ་ཏུ་སྡད། དེ་ནས་ངན་ལམ་གྱི་ལུང་པ་སྲི་བྱ་བར་སླེབས་ཏེ། ཁྲོ་ཆུ་ཁོལ་མའི་རྒྱ་བཅག་ནས་སྒྲོ་བ་ཁ་ཕྱེས་པས༼༢༤༽ཞེས་དང་། ཕོ་བྲང་པོ་ཏ་ལའི་ལོ་ཕྱེད་དུས་དེབ་ལས་སྟག་སྒྲ་ཀླུ་གོང་གི་བང་སོའི་རྡོ་རིང་སྐོར་གླེང་བ་ཞེས་པའི་དཔྱད་རྩོམ་གྱི་མཆན་ཆུང་དུ། ཀྲི་ཞེས་པའི་ཡུལ་འདི་ལ་སྲི་ཞེས་འབོད་པར་གསལ་ཏེ། རྒྱ་བོད་ཡིག་ཚངས་མཁས་པ་དགའ་བྱེད་ཆེན་མོའི་དཀར་ཆབ་གདོག་གོ་བྱ་བའི་དབུ་མེད་བྲིས་མ་ལས་སྲིའི་རྡོ་རིང་ཞེས་གསལ་བ་དང་རྒྱ་བོད་ཡིག་ཚངས་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་ཞེས་བྱ་བ་ནའང་སྲིའི་རྡོ་རིང་ཞེས་གསལ་ཡོད་པས་ཤེས་ཐུབ་ལ་ཕྱིས་སུ་དབུས་གཙང་སོགས་ས་ཆ་མང་པོ་ཞིག་གི་ཕལ་སྐད་དུ་སྲ་ལ་ཀྲ་དང་སྲོག་ལ་ཀྲོག་ཞེས་པའི་སྒྲ་ཐོན་པས་ན་སྲི་ཞེས་པའི་སྒྲ་ཀྲི་ལ་འགྱུར་བ་ཡིན་ནོ༼༢༥༽ཞེས་བྲིས་གནང་འདུག གཞན་ཡང་ཞང་གཡུ་བྲག་པ་བརྩོན་འགྲུས་གྲགས་པའི་རྣམ་ཐར་རྒྱལ་བློན་མ་ལས་ངན་ལུང་པ་རལ་གསུམ་དང་ཡང་དེ་ལས་བྱང་མཁར་དང་།གཡའ་ལུང་གཉིས་གཡར་[དབྱར]ས་དགུན་ས་བྱས།དགེ་སྦྱོར་བོག་ཆེ་བར་བྱུང་། ཞེས་དང་། ཡང་དེ་ལས། དེ་ནས་བྱང་མཁར་ཕུག་དུ་བཞུགས་པས་ནས་དེའི་ནུབ་མོ་ང་སྡོད་སའི་རྩེ་མོ་ལ་འབྲུག་ཆེན་པོ་ཞིག་གྲགས་པས། རྒྱལ་ཁམས་ཐམས་ཅད་དུ་གྲགས་པར་སྨིན[རྨིས]།ངན་ལམ་རལ་གསུམ་ནས་ཇེ་ཆེ་ཇེ་ཆེར་ལ་སོང་།༼༢༦༽ཞེས་སོགས་འཁོད་ཡོད་པའོ།། འདུ་གནས་ནི་སྟག་ར་ཀླུ་གོང་བང་སོའི་ཐད་ཀྱི་ཡུལ་ལྷ་གསོ་སའི་ཐོག་མཁར་དམར་དགོན་ཤུལ་ལམ། བསམ་གཏན་ཨ་ནེའི་རི་ཁྲོད་ཀྱི་ཤུལ་དེར་ཡིན་ནམ་སྙམ། ད་ལྟའི་གནས་ཡུལ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་དཔལ་ལྡིང་གྲོང་ཚོ། ཁྲོན་བོད་གཞུང་ལམ་ནས་སྤྱི་ལེ་ལྔས་འདིར་སླེབ་ཐུབ་པ་ཡིན།
གསུམ། བོན་གྱི་འདུ་གནས་སོ་བདུན་ལས་ལྷ་ས་ཡེར་པའི་སྐོར།
བསྒྲགས་པ་རིན་ཆེན་གླིང་གྲགས་ལས་ལྷ་ས་ཡེར་པ་བོན་གྱི་འདུ་འཚོགས་གནས་༼༢༧༽ཞེས་དང་། སྒྲ་འགྲེལ་ལས་ལྷ་ས་ཡེར་པ་༼༢༨༽དར་རྒྱས་གསལ་སྒྲོན་ལས་ལྷ་སའི་ཡེར་པ་༼༢༩༽དཔལ་ཚུལ་བསྟན་འབྱུང་ལས་ལྷ་ས་ཡེར་པ་ནི་སྐྱིད་ཆུའི་རྒྱུད་ལྷ་སའི་གཞུང་། འདི་གར་བོད་ཀྱི་རྒྱལ་རབས་དྲུག་པ་བྱང་ཁྲི་འམ་༼གདགས་ཁྲི་༽བཙན་པོའི་སྐབས་སུ་གསས་ཁང་བཞེངས་མྱོང་ལ་༼༣༠༽བསྒྲགས་གླིང་ལས་དར་ཁྲི་དང་སིང་སྨན་ཕྱུགས་མོའི་སྲས། བྱང་ཁྲི་བཙན་པོ། སྐུ་གཤེན་གཅོ་མི་ཆེས་ཀྱི་བསྲུངས། ཡེར་པའི་བྲག་ལ་གསས་ཁང་གཡུང་དྲུང་ཁྲི་བརྩེགས་བཞེངས། ཞེས་དང་། ཡང་དེ་ཉིད་ལས་ཡ་གོང་གི་ལྷ་ས་ཡེར་པའི་གླིང་དུ་བདུད་འདུལ་གཡུང་དྲུང་ཁྲིམས་གནས་ཀྱི་ལྷ་ཁང་བཞེངས།༼༣༡༽ཞེས་དང་། དཔལ་ཚུལ་བསྟན་འབྱུང་ལས། སློབ་མ་ཡ་གོང་ཡེ་ཤེས་རྒྱལ་བ་ནི་ཞེས་པ་ནས་དེ་རྗེས་ཡེར་པའི་རི་དགོན་ལྷ་སའི་གནས། བདུད་འདུལ་གཡུང་དྲུང་ཁྲིམས་གནས་ལྷ་ཁང་བཞེངས་༼༣༢༽ཞེས་པ་གོང་གསལ་གྱི་ལུང་དུམ་བུ་དེ་དག་ལས་ཡེར་པ་ནི་འདུ་གནས་ཡིན་པ་མ་ཟད་ཡ་གོང་ཡེ་ཤེས་རྒྱལ་བས་ལྷ་ཁང་བཞེངས་ཤིང་བོན་གྱི་འདུལ་དགོན་ཆེན་པོ་ཆགས་མྱོང་ཡོད་འདུག་པ་རྟོགས་ནུས་སོ།། བསྟན་པ་ཕྱི་དར་གྱི་སྐབས་སུ་དབུས་གཏེར་ཡེར་རྫོང་མ་ཞེས་བན་དྷེ་མི་གསུམ་གཏེར་མར་གྲགས་པའི་བོན་གྱི་གསུང་རབས་མང་པོ་ཡོད་སྟེ། དར་རྒྱས་གསལ་སྒྲོན་ལས་གསུང་རབས་ནི་བོན་ཉིད་སྙིང་པོ་བདལ་བའི་འབུམ་དུམ་པ་བརྒྱད་འབུམ་རྩ་གཅིག་དང་དགུ མངོན་རྟོགས་རིག་པ་རྩེ་འབུམ་དུམ་པ་བཅུ། ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད། རྩ་འགྲེལ་མེ་ལོ་དགུ་སྐོར། ཚད་མ་སྨྲ་སེང་། སོགས་ནས་ཐིག་ལེ་ཉི་མའི་སྙིང་པོ་ས་གཅོད་དང་བཅས་པ་བྱུང་ངོ་།༼༣༣༽ཞེས་པའི་བར་གྱི་དཔེ་རྣམས་བྱུང་བས་ན་གཏེར་གནས་ཀྱང་ཡིན་ནོ།།
ད་ལྟའི་གནས་ཡུལ་ནི་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ཡེར་པ་ཤང་། ལྷ་ས་རྔ་ཆེན་ལམ་ནས་ཁ་ཤར་དུ་སྤྱི་ལེ་སུམ་ཅུ་བསྐྱོད་ན་སླེབས་ཐུབ་པ་ཡིན།
མཇུག་བསྡུའི་གཏམ།
        འདི་ལྟ་བུའི་དཔྱད་གཏམ་ཉུང་ངུ་ཞིག་ལ་ཞིབ་འཇུག་གི་རིན་ཐང་ལྡན་པར་དཀའ་མོད་ཀྱང་ཞིབ་འཇུག་བྱས་པའི་བརྒྱུད་རིམ་ཁྲོད་དུ་ལོ་རྒྱུས་ཀྱི་ཡིག་ཆར་ལྟ་ཀློག་དང་། ཡུལ་མིའི་ཞལ་རྒྱུན་ཟིན་བྲིས་སུ་བཏབ་པ། ཡུལ་དངོས་བརྟག་དཔྱད་གྲངས་མང་དང་པར་ལེན་སོགས་ཞིབ་འཇུག་གི་ཐབས་ལམ་སྣ་ཚོགས་བཀོལ་བའི་འབྲས་བུ་ཞིག་ཡིན་པར་བསམ་མོད། ཕྱོགས་སོ་སོའི་མཁས་དབང་རྣམས་ཀྱིས་སློབ་སྟོན་དང་སྐྱོན་སེལ་གྱི་བཀའ་སློབ་མང་ཙམ་གནང་བའི་རེ་བ་ཞུ་རྒྱུ་ཡིན་ལགས། ཐུགས་རྗེ་ཆེ།། །།
མཆན་དང་དཔྱད་གཞིའི་ཡིག་རིགས།
༼༡༽གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་ཆེན་གླིང་གྲགས། དྲན་པ་ནམ་མཁས་མཛད།ཤོག་ངོས༡༠༧པར། མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ༢༠༡༠ལོའི་ཟླ་༩པར་དཔར།
༼༢༽བདེན་པ་བོན་གྱི་མཛོད་སྒྲ་འགྲེལ།དྲན་པ་ནམ་མཁས་མཛད།ཤོག་ངོས་༢༡པར།ཝ་ཎ་མཐོ་སློབ་༡༩༩༣ལོར་དཔར།
༼༣༽བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མ།སྤ་སྟོན་བསྟན་རྒྱལ་བཟང་པོས་མཛད།ཤོག་ངོས་༢༨༦མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༡༠ལོའི་ཟླ་༩པར་དཔར།
༼༤༽སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་འབྱུང་བ་བརྗོད་པའི་ལེགས་བཤད་སྐལ་བ་བཟང་པོའི་མགྲིན་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ།དཔལ་ལྡན་ཚུལ་ཁྲིམས་ཀྱི་མཛད།ཤོག་ངོས་༤༩༢པར།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༡༩༨༨ལོའི་ཟླ་༡༡པར་དཔར།
༼༥༽ཏུང་ཧོང་བོད་ཀྱི་ཡིག་རྙིང་ལས་བྱུང་བ་བཙན་པོའི་རྒྱལ་རབས།འབྲི་གུང་སྐྱབས་མགོན་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་གྲུབ་ཀྱིས་མཛད།ལྡེབ་༢༣༥པར།
༼༦༽ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།མཛད།ཤོག་ངོས་༢༣༤པར།བོད་ལྗོངས་མི་དམངས་བཔེ་སྐྲུན་ཁང་ནས་སྤྱི་ལོ་༡༩༨༨ལོའི་ཟླ༣པར་དཔར།
༼༧༽ཆོས་འབྱུང་མཁས་པའི་དགའ་སྟོན།དཔའ་བོ་གཙུག་ལག་ཕྲེང་བས་མཛད།ཤོག་ངོས་༢༢༡པར།པེ་ཅིན་མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༡༩༨༥ལོའི་ཟླ་༥པར་དཔར།
༼༨༽བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ།ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན་གཉིས་ཀྱི་སྒྲིག་རྩོམ་མཛད།ཤོག་ངོས་༡༧༩པར།།བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་ནས་སྤྱི་ལོ༡༩༩༠ལོའི་ཟླ༩པར་དཔར།
༼༩༽བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མ།སྤ་སྟོན་བསྟན་རྒྱལ་བཟང་པོས་མཛད།ཤོག་ངོས་༣༡༢པར།མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ༢༠༡༠ལ༠ལོའི་ཟླ་༩པར་དཔར།
༼༡༠༽ཡུལ་མིའི་ཞལ་རྒྱུན་དྲི་བ་ཞུ་ས།ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་གདོང་དཀར་ཤང་ཙུའུ་དང་པོའི་བག་གྲོ་ལགས་དང་ཀུན་དགའ་ཚེ་རིང་ལགས།
༼༡༡༽༼༡༢༽༼༡༣༽༼༡༤༽༼༡༥༽རྫོགས་པ་ཆེན་པོ་ཡང་རྩེ་ཀློང་ཆེན།པཎ་ཆེན་ལི་ཤུ་སྟག་རིང་གི་མཛད།ཤོག་ངོས་༤༦༣པ་དང་༡༣ ༡༡༣  ༡༢༧  ༡༦༩པར། མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ༢༠༡༠ལོའི་ཟླ་༩པར་དཔར།
 ༼༡༦༽ཡང་རྩེ་ཀློང་ཆེན་གྱི་འགྲེལ་བ།སྐྱབས་སྟོན་རིན་ཆེན་འོད་ཟེར་གྱིས་མཛད། འཕྲུལ་དེབ་ཤོག་ངོས་༡༥༠པར།
 ༼༡༧༽ སྒྲ་བསྒྲགས་པ་རིན་ཆེན་གླིང་གྲགས།དྲན་པ་ནམ་མཁས་མཛད།ཤོག་ངོས་༡༠༧པར། མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ༢༠༡༠ལོའི་ཟླ་༩པར་དཔར།
༼༡༨༽དར་རྒྱས་གསལ་བའི་སྒྲོན་མ།སྤ་སྟོན་བསྟན་རྒྱལ་བཟང་པོས་མཛད།ཤོག་ངོས་༢༨༦མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༡༠ལོའི་ཟླ་༩པར་དཔར།
༼༡༩༽བོན་འབྱུང་སྐལ་བཟང་མགྲིན་རྒྱན། དཔལ་ལྡན་ཚུལ་ཁྲིམས་ཀྱི་མཛད།ཤོག་ངོས་༤༩༢པར།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༡༩༨༨ལོའི་ཟླ་༡༡པར་དཔར།
༼༢༠༽སྒྲ་བསྒྲགས་པ་རིན་ཆེན་གླིང་གྲགས།དྲན་པ་ནམ་མཁས་མཛད།ཤོག་ངོས་༡༠༧པར།མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ༢༠༡༠ལོའི་ཟླ་༩པར་དཔར།
༼༢༡༽མཛོད་སྒྲ་འགྲེལ།དྲན་པ་ནམ་མཁས་མཛད།ཤོག་ངོས་༢༡པར།ཝ་ཎ་མཐོ་སློབ་༡༩༩༣ལོར་དཔར།
༼༢༢༽ དར་རྒྱས་གསལ་བའི་སྒྲོན་མ།སྤ་སྟོན་བསྟན་རྒྱལ་བཟང་པོས་མཛད།ཤོག་ངོས་༢༨༦མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༡༠ལོའི་ཟླ་༩པར་དཔར།
༼༢༣༽བོན་འབྱུང་སྐལ་བཟང་མགྲིན་རྒྱན།དཔལ་ལྡན་ཚུལ་ཁྲིམས་ཀྱི་མཛད།ཤོག་ངོས་༤༩༢པར།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༡༩༨༨ལོའི་ཟླ་༡༡པར་དཔར།
༼༢༤༽དར་རྒྱས་གསལ་བའི་སྒྲོན་མ།སྤ་སྟོན་བསྟན་རྒྱལ་བཟང་པོས་མཛད།ཤོག་ངོས་༣༢༧པར།མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༡༠ལོའི་ཟླ་༩པར་དཔར།
༼༢༥༽ ཕོ་བྲང་པོ་ཏ་ལའི་ལོ་ཕྱེད་དུས་དེབ།སྟག་སྒྲ་ཀླུ་གོང་གི་བང་སོའི་རྡོ་རིང་སྐོར་གླེང་བ།བན་ཤུལ་དཔལ་མཁར་རྒྱལ་གྱིས་མཛད།ཤོག་ངོས་༩པར།ནང་ཁུལ་དུས་དེབ་སྤྱི་ལོ་༢༠༡༤ལོ་ཟླ་༡༢པར་དཔར།
༼༢༦༽ཞང་གཡུ་བྲག་པ་བརྩོན་འགྲུས་གྲགས་པའི་རྣམ་ཐར་རྒྱལ་བློན་མ།་དབུ་ཅན་པར་མ་མཛད་པ་པོ་མི་གསལ།ཤོག་ལྡེབ་༡༦དང་༡༧ ༡༨པར།དཔེ་གཟུགས།
༼༢༧༽སྒྲ་བསྒྲགས་པ་རིན་ཆེན་གླིང་གྲགས།དྲན་པ་ནམ་མཁས་མཛད།ཤོག་ངོས་༡༠༧པར།མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ༢༠༡༠ལོའི་ཟླ་༩པར་དཔར། 
 ༼༢༨༽མཛོད་སྒྲ་འགྲེལ།དྲན་པ་ནམ་མཁས་མཛད།ཤོག་ངོས་༢༡པར།ཝ་ཎ་མཐོ་སློབ་༡༩༩༣ལོར་དཔར།
༼༣༩༽དར་རྒྱས་གསལ་བའི་སྒྲོན་མ།སྤ་སྟོན་བསྟན་རྒྱལ་བཟང་པོས་མཛད།ཤོག་ངོས་༢༨༦མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༡༠ལོའི་ཟླ་༩པར་དཔར།
༼༣༠༽བོན་འབྱུང་སྐལ་བཟང་མགྲིན་རྒྱན།དཔལ་ལྡན་ཚུལ་ཁྲིམས་ཀྱི་མཛད།ཤོག་ངོས་༤༩༢པར།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༡༩༨༨ལོའི་ཟླ་༡༡པར་དཔར།
༼༣༡༽སྒྲ་བསྒྲགས་པ་རིན་ཆེན་གླིང་གྲགས།དྲན་པ་ནམ་མཁས་མཛད།ཤོག་ངོས་༡༠༦པར།མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ༢༠༡༠ལོའི་ཟླ་༩པར་དཔར།
༼༣༢༽ བོན་འབྱུང་སྐལ་བཟང་མགྲིན་རྒྱན།དཔལ་ལྡན་ཚུལ་ཁྲིམས་ཀྱི་མཛད།ཤོག་ངོས་༢༢༡པར།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༡༩༨༨ལོའི་ཟླ་༡༡པར་དཔར།
༼༣༣༽དར་རྒྱས་གསལ་བའི་སྒྲོན་མ།སྤ་སྟོན་བསྟན་རྒྱལ་བཟང་པོས་མཛད།ཤོག་ངོས་༣༥༠མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༡༠ལོའི་ཟླ་༩པར་དཔར།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།