ཞང་ཞུང་ཁ་ཡུག་ཡུལ་གྱི་ལྷོ་ངོས་ཀྱི་རི་བོ་གངས་སྨན་རྒྱལ་མོ།
ཞང་ཞུང་ཁ་ཡུག་ཡུལ་དང་འབྲེལ་བའི་ཁྱུང་པོ་དབྲ་ཡི་གདན་ས་འཚོལ་བའི་ཟིན་ཐོ་ཤེལ་གྱི་མེ་ལོང་།
རྩོམ་པ་པོ། ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས།
དང་པོ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ནི།
ཀུན་ཏུ་བཟང་པོ་རིག་སྣང་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།།
འདུར་རྒྱུད་ཕྱར་བ་ཐང་ཆེན་ལས། ཡང་ཡུལ་ནི་བྱང་ཁ་སྣ་བརྒྱད་ནས། ཆུ་མཁར་འཁོར་བའི་ནང་ཤེད་དུ། གཉན་ཚ་འབྲིང་བ་ཨ་མཁར་དབྲ། དབྲ་སྲས་ཟི་ཚ་ཞེས་ཀྱང་བྱ། དེ་དང་དམུ་ལྕམ་དཀར་མོ་སྲས། དབྲ་ནི་ཁྲི་ལྡེ་ཐང་པོ་འཁྲུངས། དབྲ་རྒྱལ་པོ་ལྺེ་ཞེས་ཀྱང་བྱ། དེ་གྲངས་དེ་འོག་ཤག་མ་དང་རོལ། མ་སངས་ལྷ་སྡེ་སྤུན་བདུན་འཁྲུངས། གཅེན་པོ་དབྲ་དཀར་ཁྱུང་ལག་སྲས། ཁྱུང་ཚ་སྨར་ཉག་དབལ་ནེ་ཙ། ཏ་ག་སྐྱིན་སྒྱུ་འཕྲུལ་རྫུ་འཕྲུལ་བཙན། རེང་སྐྱེན་སྲས་ནི་སྨུག་ཀྱེར་ཀྱེར། དེ་སྲས་དྲག་ཆེན་ལི་ཝེར་སྟེ། དེ་སྟག་རོ་སྣ་རོ་གུ་རུབ་གསུམ་གྱི་སྲིད་པར་སོང་ངོ་། ཁྱུང་ཚ་སྨར་ཉག་སྲས་ལ་ནི། ཤེ་ལེ་དག་པ་ལེགས་དང་སྙ། གཅེན་ནི་ཤེལ་ལེ་དག་པའི་སྲས། རྒྱལ་ནི་ཤེལ་ལེ་གྲ་ཙེ་སྟེ། དེ་སྲས་སྤུང་དང་ཟུར་ཙེ་སྟེ། ཞང་ཞུང་ཕུག་པའི་སྲིད་པར་སོང་། གཅུང་པོ་ལེགས་དང་སྙ་ཤོའི་སྲས། ཨ་པ་ཡག་ཤོ་ཤོ་ཞེས་བྱུང་། དེ་སྲས་སྟོང་ལུམ་རྨ་ཙེ་སྟེ། དེ་ཞང་ཞུང་མར་པ་པུ་རང་གསུམ། སེ་དང་ཨ་ཞ་སུམ་པ་དང་། ཐག་དབྲ་དཀར་སྡེ་དྲུག་དུ་འཕེལ། ཞང་ཞུང་མར་པ་ཁྱུང་པོ་གསུམ། དབྲ་ཡི་དངས་མ་རྣམ་གསུམ་ཡིན། སྟོད་མངའ་རིས་ཡུལ་གྱི་བཅུད་དུ་གཤེགས། དེ་དག་ནི་དབྲ་དཀར་སྤུན་དགུའི་རྒྱུད་པའོ། ཞེས་གསུངས་ཤིང་དེ་བཞིན་འདིའི་གོང་གི་གཉན་ཚ་འབྲིང་བ་ཨ་མཁར་དབྲ་ཡི་ཡབ་ནི་ཕྱྭ་སྲས་ཁྲི་དོ་དཀར་པོ་ཡིན་པ་དང་དེ་ནི་བོད་མི་བུ་གདུང་དྲུག་ཡབ་ཡིན། དེའི་ཡབ་ནི་བོད་ལོ་འབྲང་དང་དེའི་ཡབ་ནི་རྒྱལ་བུ་འཐེང་གི་ཡིན་པར་གསུངས་ཡོད། རླངས་ཀྱི་པོ་ཏི་བསེ་རུའི་དགོངས་དོན་ལྟར་ན། འབྱུང་བ་རྣམ་ལྔའི་སྙིང་པོ་སྒོང་ཆེན་པོ་གཅིག་དང་དེའི་སྒོང་ངའི་ཕྲུམ་སྟེ་སྙིང་པོ་སྒོ་ང་བཅོ་བརྒྱད་ཆགས། དེའི་ནང་གི་སྒོ་ང་འབྲིང་བ་དུང་སྒོང་གཅིག་ཏུ་བྱུང་ཞིང་དེ་ནི་སྨོན་མི་བསམ་པ། བླུམ་བླུམ་ལམ། ཡེ་སྨོན་རྒྱལ་པོའམ། སངས་པོ་འབུམ་ཁྲི་ཡིན་ཞིང་། དེ་དང་ཡུམ་ལྕམ་རྒྱལ་མོ་གཉིས་ཀྱི་སྲས་སུ་འཕྲུལ་སྲས་དབང་ལྡན། དེ་དང་དུང་ཟ་དཀར་མོའི་སྲས་སུ་མི་རབས་མཆེད་གསུམ་དང་། དེའི་ཐ་ཆུང་སྟག་ཚ་འལ་འོལ་དང་འཚམས་ཟ་ཁྱད་ཁྱུད་མའི་སྲས་སུ་ལྷ་རབས་མཆེད་བཞི། དེའི་ནང་ནས་ཡབ་ལྷག་བརྡ་དྲུག་སྲས་སུམ་ཅུ་སོ་དྲུག་ཡོད་པའི་ཆུང་བ་སྣེ་ཁྲོམ་ལ་ཁྲ་དང་ལྷ་ལྕམ་དཀར་མོའི་སྲས་སུ། ཕ་རྒྱལ་པོ། དེས་ལུང་ཁ་ཧྲིལ་མོ་ཁབ་ཏུ་བཞེས་པའི་སྲས་རྒྱལ་བུ་མཐིང་གེས། མཐིང་པོ། མཐིང་གཉིས་བཅས་སྲས་གསུམ་དང་། རྒྱལ་བུ་མཐིང་གེས་དང་ལྷ་ལྕམ་དཀར་མོའི་སྲས་བོད་འབྱོང་ལ་འབྲངས་སོགས་བོད་རྒྱལ་ཧོར་གསུམ། བོད་འབྱོང་ལ་འབྲངས་ཀྱི་ཁྲི་རྗེ་ཐང་སྙན། དེ་དང་ཨ་ཉེ་མུ་ཟི་ཁྲི་ཏོ་ཆེན་པོ། དེའི་སྲས་སུ་མི་བུ་གདུང་དྲུག གདུང་དྲུག་མི་བུའི་ནང་གི་ཆེ་འོག་སེ་ཁྱུང་དབྲ་དང་། དབྲ་ལས་དབྲ་དཀར་ནག་ཁྲ་གསུམ། དེ་སྐད་དུ། དབྲ་ལ་སྟོད་ཀྱི་ཨ་དཀར་མཆེད་དགུ་ནི། བལ་པོ་དང་བལ་ཡོལ་བལ་གཟིགས་གསུམ། མ་སྟོང་བལ་སྟོང་ཅོན་སྟོན་དྲུག མར་པ་དང་། ཞང་ཆུང་སྤུ་རངས་དགུ། སྟོད་ཀྱི་ཨ་དཀར་མཆེད་དགུ་ཡིན། ཞེས་དང་། ཨར་ངང་པོའི་རྒྱལ་པོ་བརྩད་འཁོན། དཀར་པོའི་རྒྱལ་པོ་ཞང་ཞུང་། ཁྲ་བོའི་རྒྱལ་པོ་རླངས་མཆོག ནག་པོའི་རྒྱལ་པོ་ཁོ་ཡོ་ཁོ་སྤྲོ་ཡིན། ས་སྐྱེ་མགོ་དེ་འཁོག་དང་རྩད་པོས་མཐོ། ས་མཁར་ཞང་ཞུང་ཁྱུང་པོས་བཟུང་། ལྷ་རི་ལྷ་མཁར་ལྷ་རྩེ་གསུམ། ཁྱུང་པོ་སྐྱིད་ལ་བརྩིགས་ཀྱི་མཁར་གསུམ་ཡིན། ཞེས་སོགས་དང་། དེ་བཞིན་དབུ་ནག་མིའུ་འདྲ་ཆགས། རུས་མཛོད་མེ་ཏོག་སྐྱེད་ཚལ་སོགས་རུས་མཛོད་ཁག་གི་ནང་དུ་ཁྱུང་པོ་ནི་མི་བུ་གདུང་དྲུག་གི་ནང་ནས་དབྲ་དཀར་གྱི་བརྒྱུད་ལས་གྲོལ་ཚུལ་བཤད་ཡོད། ཡང་རྗེ་རྒྱལ་དབྲ་ཁྱུང་དཀར་པོའི་གདུང་རབ་གྲོལ་འཁྲུངས་ཚུལ་ལེགས་བཤད་འཕྲེང་བའི་ཁྱུང་རབ་དང་། མ་ཡིག་གཡུ་མགོ་མ་འདི་ཁྱུང་གི་རྒྱལ་པོ་གཡུ་ཁྲིས་རྒྱུད་དུ་རྟོག་གོ་ཞེས་པའི་ཁྱུང་རབས་དེ་དང་། ཁྱུང་པོའི་གདུང་རབས་གསེར་སྒམ་མ་དང་། ཁྱུང་པོ་རྒོད་པ་ཚང་ཞེས་སྒོང་ང་ལས། ཁྱུང་པོ་སྟོད་སྨད་བར་གསུམ་གདུང་རབས་རིམ་བྱོན་གྱི་ལོ་རྒྱུས་རྣམ་ཐར་མདོར་བསྡུས། དབྲ་དཀར་ཁྱུང་པོའི་གདུང་རབ་བྱོན་ཚུལ་རྣམ་དག་ཤེལ་ཕྲེང་དང་བཅས་ཁྱུང་རབས་ཁག་ལས། ཁྱུང་པོའི་གདུང་ཁུངས་ནི་ཞང་ཞུང་ཁ་ཡུག་གི་ཡུལ་ན་ཁྱུང་ཕོ་ཞིག་བབ་པ་དང་དེའི་སྤར་མོའི་དྲོད་ལས་ཁྱུང་པོའི་གདུང་བརྒྱུད་གྲོལ་ཚུལ་བཤད། དེ་བཞིན་བོན་གྱི་བསྟན་འབྱུང་ཁག་ལས་ཁྱུང་པོའི་གདུང་བརྒྱུད་གྲོལ་ཚུལ་ནི་ཁྱུང་རབས་ཁག་དང་འདྲ། ཡིན་ནའང་ཁྱུང་རབས་ཁག་གི་ནང་དུ་བཤད་ཚུལ་ཏོག་ཙམ་མི་མཐུན་པའང་ཡོད། འདིར་རྗེ་རྒྱལ་དབྲ་ཁྱུང་དཀར་པོའི་གདུང་རབ་གྲོལ་འཁྲུངས་ཚུལ་བཤད་འཕྲེང་བའི་ཁྱུང་རབ་དང་། མ་ཡིག་གཡུ་མགོ་མ་འདི་ཁྱུང་གི་རྒྱལ་པོ་གཡུ་ཁྲིས་རྒྱུད་དུ་རྟོག་གོ་ཞེས་པའི་ཁྱུང་རབས་དེ་གཉིས་པོ་ཅུང་ཙམ་བཤད་ཚུལ་རྙིང་པའམ་ཁུངས་དག་པར་མཐོང་བས། དེའི་གཉིས་པོ་གུང་སྒྲིག་སྟེ་ཁྱུང་རབས་ཀྱི་མཚམས་སྦྱོར་ཙམ་གླེང་རྒྱུ་ཡིན།། དེའང་ཁྱུང་རབས་མ་ཡིག་གཡུ་མགོ་མ་ལས། དེའི་ཚེ་དེའི་དུས་ན། ཞང་ཞུང་ཁ་ཡུག་གི་ཡུལ་ན། མེ་ཏོག་མཛེས་པའི་གླིང་ལ། སྔ་གྲོ(དྲོ) དར་ཡུག་གཅིག་ལ་བབ་ནས། སླར་འཕུར་ཏེ་དགུང་དུ་གཤེགས་སོ། དེ་ལ་ཡུལ་དེ་རྣམས་ཀྱིས་ལྟད་མོ་བལྟས་པས། མེ་ཏོག་མཛེས་པའི་གླིང་ལ། འདབ་ཆགས་ཀྱི་རྒྱལ་པོ་ཁྱུང་རྭ་ཅོ་དང་སྤྱན་མིག་དམར་བ། སྤྱི་གཙུག་ནོར་བུ་འོད་འབར་གྱི་བརྒྱན་པ། ཅི་ལ་ལྟས་པའི་ཆོ་འཕྲུལ་ཡིན་ཞེས་ཀུན་ལ་དྲིས་པས། ཤེས་ཆེན་རྒན་པ་རྣམས་ཀྱི་ན་རེ། ཁྱུང་མོ་ལ་གནམ་རུ་མེད་ཅིང་། ཁྱུང་ཕོ་ལ་གནམ་རུ་སྔོ་ཟང་ངེ་བ་ཡོད་བ་ནོར་བུ་འབར་བའི་རྒྱན་དང་བཅས་པ་དེ། ཁྱུང་ཕོ་ཁྱད་པར་ཅན་ཞིག་རེད་ཟེར་བར་འདུག་གོ། ཞག་གསུམ་གྲོས་བཞི་ནས་སྔར་ཁྱུང་གསུམ་བབ་པའི་མལ་དུ། སྦལ་མོའི་དྲོད་ལས་ཟིལ་པ་ཆགས། ཟིལ་པ་དེ་ལས་ཤེལ་གྱི་སྒོ་ང་དཀར་པོ་རེ་རེ་གྱུར་ཏོ། སྒོ་ང་དེ་གསུམ་རྡོལ་བའི་ནང་ཤད་ནས། ཁྱད་པར་འཕགས་པའི་ཁྱེའུ་མཚན་དང་ལྡན་པ་གསུམ་བྱུང་ཀྱང་། ཆེ་བ་ལྷ་ཁྱུང་རྒྱལ། དེ་འོག་ཁྱུང་རྒོད་ཐོག་ལ་འབར། ཆུང་བ་དམུ་ཁྱུང་རྒྱལ་དང་གསུམ་མོ། ཁྱེའུ་དེ་གསུམ་རྫུ་འཕྲུལ་གྱིས་སྒོ་ང་ལས་བྱུང་ཀྱང་འཁྲུངས། བླ་རྡོ་རིན་ཆེན་ཕ་བོང་རེ་རེ་ཡང་བསྲིད། ཁྱེའུ་མཚན་ལྡན་དེ་གསུམ་གྱིས། ཞང་ཞུང་ཡུལ་དུ་བརྩེགས་པའི་མཁར་མིང་ནི། ལྷ་རི་ལྷ་རྩེ་ལྷ་མཁར་གསུམ། མ་བརྩེགས་རང་གྲུབ་མཁར(གསུམ)བཞི་ཟེར། མ་བསྐྱིལ་བའི་མཚོ་བཟུང་། དེ་ནས་འགྲོ་བ་སེམས་ཅན་གྱི་དོན་ཕྱོགས་རིས་མེད་པར་མཛད་དོ། དེ་ལ་ཁྱུང་པོ་སྐྱིད་ཀྱི་མཁར་གསུམ་བཞིངས(བཞེངས)པ་ནི། ལྷ་ཁྱུང་རྒྱལ་གྱིས་ཟོ་བོ་ཁྱུང་ལག་གི་གསས་ཁང་བརྒྱ་རྩ་བརྒྱད་བཞིངས་པས་ནང་དུ། ལོ་པཎ་ཤེལ་གྱི་མཆོད་རྟེན་བརྒྱ་རྩ་བརྒྱད་བཞིངས། དེའི་མདུན་དུ་མུ་མེན་གྱི་རྐོང་བུ་ལ། ག་པུར་གྱི་སྡོང་བུར་གཙུག སེང་གེ་དཀར་མོའི་འོ་མ་བླུག ལེབ་རྒན་འབར་བའི་སྒྲོན་མེ་སྦར་ནས། བདུན་ཚར་བརྒྱ་རྩ་བརྒྱད་བཤམས། ཁྱུང་རྒོད་ཐོག་ལ་འབར་གྱིས་འོད་ཟེར་འཕྲོ་བའི་གསས་ཁང་བརྒྱ་རྩ་བརྒྱད་བཞིངས་པའི་ནང་དུ། བདེར་བར་གཤེགས་པའི་སྐུ་བཞིངས་ནས། མདུན་དུ་གསེར་གྱི་མཎྡལ་གཡུའི་ཚོམ་བུར་བཀོད་པ་བདུན་ཚར་བརྒྱ་རྩ་བརྒྱད་བཤམས། དེ་འོག་དམུ་ཁྱུང་རྒྱལ་གྱིས་དངུལ་མཁར་ལྷ་རྩེ་ཅན་བརྒྱ་རྩ་བརྒྱད་བཞིངས་ནས་ནང་དུ། གཞི་མ་མཐིང་ཤོག་ལ་གསེར་གྱི་བྲིས་པའི་འབུམ་ཆེན་བརྒྱ་དང་རྩ་བརྒྱད་བཞིངས། དེའི་མདུན་དུ་མུ་མེན་གྱི་ཏིང་ཕོར་ཤེལ་གྱི་མཉ་འཇི་ཁ་ལ་བཏེགས་ནས། རིན་པོ་ཆེའི་བཀང་བ་བདུན་ཚར་བརྒྱ་རྩ་བརྒྱད་བཤམས། དེ་ནས་བོད་ཀྱི་རྒྱལ་པོ་སེང་ཁྲི་བཙན་པོ་ཡན་ཆད་དུ། བླ་མཆོད་བྱས་པ་ལ། ལན་གཅིག་གྲི་གུམ་བཙན་པོའི་བོན་སྣུབ་པས་རྗེས་སུ། དེའི་སྲས་སྡེ་གུང་རྒྱལ་གྱིས། ལྷ་ཁྱུང་རྒྱལ་དང་དམུ་ཁྱུང་རྒྱལ་གཉིས་ཀྱིས་བོན་གྱི་བསྟན་པ་སྤེལ་བ་ལ། བོད་ཡུལ་དུ་གདན་དྲངས་ནས། ཐེག་པ་རིམ་དགུའི་བོན་དང་འཕྲ་མོ་བཅུ་གཉིས་ཀྱི་འབུམ་སྡེ་དང་། གསང་སྔགས་ཟམ་མོ་མང་དུ་སྤེལ་ནས། བོད་དང་ཞང་ཞུང་གཉིས་ཀ་ལ་བཀའ་དྲིན་ཆེའོ། དམུ་ཁྱུང་རྒྱལ་གྱི་སྲས་པོ་སྟག་སྒྲ་དུན་གཙུག་དང་། དཔལ་གྱི་འགིར་ཏི་དང་། ཁྱུང་ཟ་ཡེ་ཤེས་མཚོ་རྒྱལ་དང་གསུམ་ཡིན། དེ་ནི་ཞང་ཞུང་རྒྱལ་པོ་ལིག་མིན་རྒྱལ་གྱི་ཁབས་སུ་བཞེས། ཁྱུང་པོ་སྟག་སྒྲ་དུན་ཙུག་ནི་རྫུ་འཕྲུལ་དུ་མ་དང་ལྡན་པས་རྟག་གཟིག་མགོ་བོ་འོལ་མོ་ལུང་རིང་དུ་བྱོན་ནས། བོན་སྡེ་མང་པོ་བླངས་ཏེ་ཀུན་ལ་སྤེལ་ལོ། དུས་དེར་བོད་ཀྱི་རྒྱལ་པོ་ཁྲི་སྲོང་སྡེ་བཙན་གྱིས། ཞང་ཞུང་རྒྱལ་པོ་ལིག་མིན་རྒྱལ་བསྒྲུངས་ནས། ཞང་ཞུང་བོད་ཀྱི་བཅུད་རྒྱལ་ཁྲིམས་སིལ་བུར་འཐོར། གཡུང་དྲུང་གི་བོན་བསྣུབ་པའི་དུས་སུ་ལིག་མིན་རྒྱལ་གྱི་ཤུལ་དུ། ཞང་ཞུང་གི་རྒྱལ་པོ་སྟག་སྒྲ་དུན་ཙུག་གིས་བཟུང་ནས་བོན་ཁྲིམས་རྒྱལ་ཁྲིམས་གཉིས་ཀའི་མངའ་བདག་མཛད། ཚེ་ཡི་རིག་འཛིན་ཐོབ་ནས་བོད་ཀྱི་རྒྱལ་རབ་མང་པོའི་བླ་མཆོད་བཞུགས་པར་སྣང་ངོ། ཞེས་གསུངས་ཤིང་འདི་ཡི་ལིག་མི་རྐྱ་སྐུ་བཀྲོངས་མཁན་ནི་སྤུ་རྒྱལ་ཁྲི་སྲོང་བཙན་སྟེ་སྲོང་བཙན་སྒམ་པོའི་སྐབས་སུ་ཡིན་པ་ཏུང་ཧོང་ཡིག་རྙིང་ལས་གསལ་ཞིང་།ཞང་ཞུང་སྙན་རྒྱུད་ཀྱི་བླ་བརྒྱུད་རྣམ་ཐར་སོགས་བོན་གྱི་དཔེ་ཆ་ཁག་ལས་སྤུ་རྒྱལ་ཁྲི་སྲོང་ལྡེ་བཙན་ཡིན་པར་གསུངས། དེ་བཞིན་དབྲ་ཁྱུང་གདུང་རབ་ལེགས་འཕྲེང་ལས། ཁྲི་སྲོང་ལ་བོན་གྱི་མཐུ་བྱུང་ནས་སྲོག་ལ་ཐུག་སྟེ། ཞང་ཞུང་རྒྱལ་པོའི་བཙུན་མོ་ལ་གསེར་སྲོང་རྡབ་དུ་འཇལ། ཞང་ཞུང་གི་རྒྱལ་ས་སྟག་སྒྲ་དུན་གཙུག་ལ་གཏད། ཅེས་དང་། མ་ཡིག་གཡུ་མགོ་མ་ལས། དཔལ་གྱི་འགིར་ཏིའི་སྲས། མཆོག་གི་སྒྲོན་མ་དང་། སྤུང་སྒྲ་ཟུར་ཙེ་གཉིས་སོ། དེའི་སྲས་རྒྱུད་ཁྱུང་པོ་བཀྲ་ཤིས་རྒྱལ་མཚན(ཐོ་རི་གཉན་བཙན་གྱི་སྐུ་གཤེན་ཡིན་ཡང་ཞེར་ཕྱི་ལོའི་དུས་རབས་ལྔ་པའི་གཡས་གཡོན་དུ་ཡིན)། དེའི་སྲས་ཁྱུང་པོ་ལེགས་པ་མགོན(ཁྲི་གཉན་བཟུང་བཙན་གྱི་སྐུ་གཤེན་ཡིན་ཡང་ཟེར་ཕྱི་ལོའི་དུས་རབས་ལྔ་པ་དང་དྲུག་པའི་སྐབས་སུ་ཡིན)། དེའི་སྲས་ཁྱུང་པོ་གྱེར་ཟླ་མེད་དང་། ར་སང་ཁྲི་ནེ་ཁོད་(མཆན། སྤུ་རྒྱལ་སྟག་རི་གཉན་གཟིགས་ཀྱི་སྐུ་གཤེན་ཡིན)གཉིས་སོ། དེའི་སྲས་རྒྱུད་ཁྱུང་པོ་ར་སང་ཁོད་ཀླུ་རྒྱལ་དང་ཏ་པི་ཧྲི་ཙ་ཡབ་སྲས་(ཕྱི་ལོའི་དུས་རབས་དྲུག་པ་དང་བདུན་པའི་གཡས་གཡོན་དུ་ཡིན)ཡིན་སྐད་དོ། དེའི་བར་དུ་རྒྱ་གར་ཆོས་ཀྱི་བསྟན་པ་མུ་སྟེགས་སྲིན་པོ་རྣམས་ཀྱང་ཡང་ཡང་འཇོམས་ནས་བརླག་པར་ཡོད་པ་ལ། ཁྱུང་པོ་གྱེར་ཟླ་མེད་ཀྱི་དགྲ་སྲི་མནན་ན་བཏུལ་བའི། རྒྱ་གར་ཆོས་ལ་བཀའ་དྲིན་ཆེའོ། ཁྱུང་པོ་སྟག་སྒྲ་དུན་ཙུག་གི་སྲས། ཙཎྡ་དུན་ཙུག་དེའི་སྲས་གྱེར་ནམ་ཟུར་རྩེ(མཆན།འདི་ནི་ཁྱུང་པོ་སྤུངས་སད་ཟུར་ཙེ་ཡིན་པར་སྣང་ཞིང་འདི་བར་དུ་མི་རབས་འགའ་ཤས་ཆད་འདུག དཔེར་ན་སྤུངས་སད་ཀྱི་སྲས་རེ་ཁྱུང་དང་དེའི་སྲས་རེ་རྒྱུང་ལྟ་བུའོ)། དེའི་སྲས་སྟོང་རྒྱུང་རིང་ནམ་(སྟོང་རྒྱུང་རིང་མོ་སྟེ་མཚན་གཞན་ཁྱུང་སྒོམ་ཡིད་བཞིན་རྒྱལ་བ་ཞེས་ཀྱང་བརྗོད། )དང་། ཁྱུང་པོ་རྒྱ་སྟག་གཉིས་སོ། དེའི་སྲས་མཁས་གྲུབ་ཆོས་རྗེ་དང་། སྐལ་ལྡན་ཁྱུང་པོ་རྣལ་འབྱོར་གཉིས(མཆན། ཕྱི་ལོ་༩༠༩ལ་འཁྲུངས། ཤངས་པ་བཀའ་བརྒྱུད་ཀྱི་ཆོས་སྲོལ་འབྱེད་པ་ཡིན། འདིར་དེའི་སྲས་མཁས་གྲུབ་ཆོས་རྗེ་དང་། སྐལ་ལྡན་ཁྱུང་པོ་རྣལ་འབྱོར་གཉིས་ཞེས་བྲིས་འདུག་མོད་དེ་ནི་དཔྱད་ན་མཁས་གྲུབ་ཆོས་རྗེ་དང་ཁྱུང་པོ་རྣམ་འབྱོར་ཞེས་པ་དེ་ནི་མི་གཉིས་ཡིན་པར་དཀའ་ཞིང་མི་གཅིག་ལ་གོ་དགོས་པར་སྙམ་ལ། ཡབ་ནི་སྟོང་རྒྱུང་རིང་མོ་དང་ཁྱུང་པོ་རྒྱ་སྟག་གཉིས་གང་གི་སྲས་ཡིན་གསལ་པོ་མི་འདུག་པ་མ་ཟད་དུས་རབས་དང་མཐུན་གི་མི་འདུག་པས། ཕར་ཆེར་དཔྱད་ན་ཁྱུང་པོ་རྒྱ་སྟག་གི་སྲས་ཁྱུང་རྒྱལ་སྟག་ལ་སྐྱེས་དང་དེའི་སྲས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཡིན་པར་སྙམ། ཡིན་ནའང་འདི་ཚོའི་སྐོར་ད་དུང་ཞིབ་འཇུག་བྱེད་རྒྱུ་མང་བ་ཡིན།)། དེ་རྣམས་ཀྱི་གསང་སྔགས་ཟབ་མོ་སྲོལ་བཟུང་། དེ་གཉིས་ཀྱི་ལྕམ་སྲིང་མ་ཁྱུང་ནག་རལ་མོ་ཆེ་བྱ་བ་ཡིན། ཞེས་དང་། དབྲ་ཁྱུང་གདུང་རབ་ལེགས་འཕྲེང་ལས། སྟག་སྒྲ་དུན་གཙུག་གི་སྲས་བཙན་དགྲ་དུན་དེའི་སྲས་གྱེར་ནམ་ཟུར་རྩེ། དེའི་སྲས་སྟོང་རྒྱུང་རིང་མོའོ། ཁྱུང་པོ་སྟོང་རྒྱུང་རིང་མོའི་སྐུ་ཚེའི་སྨད་ཙམ་དུ། ཞང་ཞུང་གི་ཡུལ་སྟོད་ནས། ཞང་ཞུང་གི་དཔོན་རྒྱུད་ཡིན་པའི་རྒྱལ་ཕྲན་ལྡང་ལྟ་བྱ་བ་དང་། ཡུལ་སྨད་ནས་རྒྱལ་ཕྲན་ལྡང་མི་བྱ་བ་གཉིས་ཡོད་པ། སྟོད་སྨད་ངག་བརྒྱུད་ནས། ཚ་ཞང་གི་རྒྱལ་ས་བཟུང་པ་མི་རིག་ཟེར་ནས། ཁྱུང་པོ་ལ་དམག་དྲོངས་བས། སྟོང་རྒྱུང་རིང་མོ་ལ་སྲིད་རྒྱལ་གྱི་ལུང་བསྟན་ནས། རྒྱལ་ས་དོར་ནས་བྲོས་པའི་ལམ་དུ་རྡོ་དང་བྲག་ལ་ཞབས་རྗེས་བཞག ཞང་ཞུང་རྒྱལ་པོའི་རྐྱེན་དུ་ནོར་བུ་ཁྱད་པར་ཅན་ཅིག་བསྣམས་ནས་བྱོན། དེ་རྨ་ཡི་བཀྲ་རི་ལྷ་མཚོ(མཆན།འདི་ནི་ད་ལྟ་མངའ་རིས་མཚོ་ཆེན་རྫོང་གྱི་བཀྲ་རི་གནམ་མཚོ་བྱ་བ་དེ་ཡིན་པར་སྣང་། རྨ་ཡི་ཞེས་མདོ་སྨད་རྨ་ཆུའི་རྒྱུད་ཅིག་གོ་བ་ལེན་སྲིད་མོད་ཡིན་ནའང་ཞང་ཞུང་ཡུལ་དུ་ཁྱུང་ཕྲུག་རྣམས་བཀྲོངས་བའི་སྐབས་སུ་སྟོང་རྒྱུང་རིང་མོ་མ་བཟོད་དེ་ཞང་ཞུང་གི་ནོར་བུ་ཁྱད་པར་བསྣམས་ཕེབས་ཏེ་དེ་ཞང་ཞུང་ལ་ཕྱིར་སློག་པའི་ཚུལ་ཁྱུང་རབས་ཁག་ལ་འཁོད་པ་ལྟར་བཀྲ་རི་ལྷ་མཚོ་ཞེས་ཞང་ཞུང་གི་ཉེ་སྐོར་ཞིག་ལ་ཡིན་པ་རྟོགས་ཐུབ། དེ་ནི་ད་ལྟ་མངའ་རིས་ཁུལ་མཚོ་ཆེན་རྫོང་གི་བཀྲ་རི་གནམ་མཚོའི་ལྷོ་ངོས་སུ་བོན་ཕུག་ཅེས་གནས་རི་དང་སྒྲུབ་ཕུག་དང་བོན་ཕུག་མཁར་གོག་ཅེས་ཡོད་པར་འདུག དེར་དཔྱད་གཞི་ཡིན།)བྱ་བར་ཕོ་བྲང་བཏབ་ནས་བཞུགས་པའི་ཚེ། ཞང་ཞུང་གི་མི་རྣམས་ཀྱིས། དམེ་རུ་གྱུར་ཀྱང་ཁྱུང་ཕྲུག་རྣམས་རྐེ་བ་དར་གྱིས་བསྒགས་ནས་བསྒྲོང་ཟེར་བ་ལ། ནོར་བུ་ཁྱད་པར་ཅན་ཞང་ཞུང་ལ་ཕྱིར་སློག་སྟེ་བསྐོར་བས། ཁྱུང་ཕྲུག་ལ་ལ་བལ་ཡུལ་དུ་བསྐྱུག་པ་བལ་ཁྱུང་དུ་དར། ལ་ལ་མོན་ཡུལ་དུ་སྤྱུག་པ་མོན་ཁྱུང་དུ་དར། སྟོང་རྒྱུང་རིང་མོ་ལ་སྲས་གསུམ་ཡོད་པས། ཆེ་བ་དེས་ནི་ང་ནི་ཕ་མུ་ནས་ལངས་ནས་འགྲོ་བ་ཡིན་སྟོད་ཕྱོགས་སུ་བྱོན་པ། ཁྱུང་སྒོམ་མུ་ལངས་ཞེས་གྲགས་སོ། ཞེས་དང་། མ་ཡིག་གཡུ་མགོ་མ་ལས། མུ་ལངས་སྐུ་མཆེད་འཁོར་དང་བཅས་པ་ཁྱུང་པོ་མང་རབ་ཅིག དང་པོའི་མངའ་རིས་དབུས་སུ་བྱོན། ད་ལྟ་ཡང་ཁྱུང་པོའི་སྡེ་མངའ་རིས་དུ(མཆན། དཔྱད་ན། ཕར་ཆེར་རུ་ཐོག་ཏུ་ཁྱུང་པོའི་རུས་རྒྱུད་ཡོད་པ་ཙམ་མ་ཟད་ལྕགས་སྒང་ཤང་གི་ལྷོ་ནུབ་ཀྱི་རི་གསེང་དུ་གཉའ་ཤུལ་ཀྱི་མཁར་གོག་ཡོད་པ་ཡིན། གཉའ་ཤུར་ཞེས་གོ་མིང་ཞིག་ཡིན་མོད་ཡིན་ནའང་སྙའམ་གཉའ་ཤུར་གྱི་རུས་ཕར་ཆེ་བ་དེ་ཁྱུང་པོ་ཡིན།)མང་། དེ་ནས་གཙང་དང་དབུས་ལ་བྱོན། དེ་ནས་ལྷོ་རྒྱུད་བཞིན་མཛད་ནས་རྐོང་པོ་ལ་བྱོན། དེ་ནས་སྤུ་བོ་ལ་ནག་དུ་བྱོན། ལ་བའི་གངས་མ་ཤོག་ནས་ལ་ཁ་ལ། འགའ་རེ་ཕར་སོགས་དབུས་གཙང་དུ་བཞུགས། མུ་ལང་ཡབ་སྲས་ཚུར་བྱོན། དེར་ཐམས་ཅད་འཐོར་བའི་ཁྱུང་འཐོར་ལ་ཁ་འདི་དགུང་བའི་མཐོ་བྱ་བ་ལགས་སོ། ཐུགས་རྨང་པོ་བྱུང་པས་གླུ་འགའ་ཞིག་བླངས། ཞེས་དང་། དེང་སང་ཁྱུང་འཐོར་ལ་ནག་དུ་གྲགས་སོ། འབྲིང་བ་ཁྱུང་འཕགས་ཁྲ་མོ་སྨད་དུ་བྱོན། དེ་ནས་གཉན་གེ་ཏོའི་རྩ་བར་ཕེབས། དོ་ཚ་མི་སྡེའི་ཞབས་རྟོག་མ་འཕྲོད་བས་ཐུགས་འཁྲུགས་ནས། ངན་ཚང་རྒྱབ་པ། ས་གེ་ཏོའི་རྩ་བའི་མི་སྐྱ་ཏོ་བ། ལྷ་ཁྱུང་འཕགས་ལ་མི་ལྟ་འདྲེ་བོང་ཚེ་ལ་ལྟ། ཁྱོད་ཁ་རྗེ་ཡར་ཡར་མ་འཕེལ་མར་མར་མ་འགྲིབ། འདི་ཙམ་ལ་སྡོད་གསུངས་པས། མི་ནོར་དེང་སང་འགྲིབ་མེད་པར་ཡོད། གྲུབས་རྟགས་སུ་གཡུ་འབྲུག་སྔོན་མོ་ལ་ཆིབ་ནས་རྨ་པོམ་རའི་རྩ་བར་བྱོན། སྦ་སྙུག་ཕུང་པོ་སྐྱེས་པ་དེ་བཅད་ནས་བྱོན་པས། ཁོ་རང་གི་གདུང་རུས་ཆད་པ(མཆན། དཔལ་ཚུལ་བསྟན་འབྱུང་སོགས་འགའ་ཞིག་ལས། རྒྱ་རོང་དང་འབྲེལ་བའི་བུ་འབོར་གཡུང་དྲུང་སྤུན་བཞི་སོགས་མདོ་ཁམས་ཁྱུང་པོའི་བརྒྱུད་པ་ཁྱུང་འཕགས་ཁྲ་བོ་ཡིན་པར་གསུངས་མོད། འདིར་ཁྱུང་འཕགས་ཁྲ་བོ་གདུང་ཆད་པ་དང་མདོ་ཁམས་སྨད་ཀྱི་ཁྱུང་པོ་གདུང་ཁུངས་ནི་ཆུང་བ་ཁྱུང་སྡེར་སྔོན་མོའི་བརྒྱུད་པ་ཡིན་པར་གསལ།)ཡིན་གསུངས། བཀའ་རྒྱུད་མདོ་སྨད་ནས་བོན་གྱི་བསྟན་པ་མཐའ་ཡས་པ་འབྱུང་ངོ་། ཆུང་བ་ཁྱུང་སྡེར་སྔོན་མོའི་བཀྲ་རི་ལྷ་མཚོ་ནས་ཡབ་ཀྱི་གདན་ས་བཟུང་། དེའི་རྒྱུད་མདོ་སྨད་དུ་ཆད་ནས། བསམ་གཏན་སྤེལ་མདོའི་ས་ཆ་བཟུང་ངོ་། མི་རྒྱུད་མྱེས་ནི་རྒྱལ་བ་དཔལ་(མཆན། ད་ལྟ་བཀྲ་རི་གནམ་མཚོའི་ལྷོ་ངོས་བོན་ཕུག་ཅེས་པའི་སྒྲུབ་གནས་དང་མཁར་གོག་ཡོད་དེར་དཔྱད་གཞི་ཡིན།)དང་། ཤེས་རབ་དཔལ་བཟང་པོའི་(མཆན། ལེགས་ཕྲེང་ལས། ཁོང་རྣམ་གཉིས་ཀྱི་ཡབ་ནི་ཁྱུང་པོ་སྟོང་རྒྱུང་རིང་མོའི་མཆེད་པོ་ཁྱུང་པོ་སྟག་རྒྱལ་གྱི་སྲས་ཡིན་པའང་བཤད།)དུས་ནས་བན་ཤལ་ལ་སོགས་ཀྱི་ལས་ཀ་ཐམ་ཀ་སྟག་མགོ་ནོར་བུ་གཅིག་པ་བཟུང་བའི་ཡོད་པ་དང་། བླ་མ་རྒྱལ་མཚན་རིན་པོ་ཆེ་ཟེར་བའི་དབེན་ཤུག་ཤའི་ལས་ཀ་བཟུང་ནས་རྒྱལ་པོའི་དབུ་ཐོག་ཏུ། གསེར་གྱི་བུམ་པ་བཞག་པའི་རྒྱུད་པ་ཡོད། མ་ཁྱུང་ནག་ཡེ་རྒྱལ་རལ་མོ་ཆེ་མདོ་སྨད་ན་ཕྱིན་པའི་བུ་རྒྱུད་ལ། ཨ་ཤོ་དང་འགྲུ་ཤོ་ཁྱུང་ཁ་ལ་རུ་ཤོ་བྱ་བ་ལ་སོགས། མྱེས་པའི་སྐྱེ་བོ་རྣམས་འགའ་བུ་ཨ་ཐོག་ལ་སོགས་བྱུང་བ་ནི། བེ་རོ་ཁྱུང་པོ་ཡི་ཚ་བོ་ཡིན། མ་ཕུག་གི་ཡང་རེ་ཆེན་མོ་ནི་ལྡོང་བི་རི་གྱི་ར་སྦྲུལ་གྱེས་ལེ་ཡིན། ཇེམ་ར་རག་ཤི་སྐྲ་ཁོ་བཅས་ལྡོང་བི་རིའི་ཆེ་བ་སྒ་བསྟོད་མི་ཡིན། ཕྱིས་ཁྱུང་ཨ་བླ་ལ་ཕྱག་མ་བཏང་། ཞང་ཞུང་བཙན་གྱི་བུ། ཁ་ཤོ་ལྡོང་འབུམ་འོ་མ་མགོ་མོ་ནག་ཨོག་ལྡི་དང་། གླང་ར་རུའི་སྒའི་སྟོང་དཔོན། སྟོན་དཔོན་དགའ་བ་གླིང་ཁྲི། ལྡོང་རྒྱལ་ཚེ་འབུམ་སྟོང་དཔོན་བཅས། ཁྱུང་པོ་ཁྱུང་ལུང་དངུལ་མཁར་གྱི་དུས་མཉམ་ཡིན། ཚེ་དཔུང་རིན་ཆེན་འོད་ཟེར་རྒྱལ་མཚན་བླ་མཆོད་ཡིན། ཧང་སྐྱེས་མེ་ཉག་དང་འཐོར་བ་ཁ་དྲུག། ཁྱུང་ལུང་དངུལ་མཁར་ནས་དཔའ་གཅིག་ཁྲོམ་དཀར་པོའི(འདི་སྤུ་རྒྱལ་ཁྲི་སྲོང་སྐབས་སུ་ཡིན་པར་གསུངས་ཡོད།)ཕྱག་ཏུ་བཏང་ལེ་ཡིན། ཨུ་རི་དང་ཨ་འཚོ་ཡག་བཞེར་རྒྱ། ཁྱུང་ཐོ་ལོ་ནག་ན་མུ་ལང་ཡབ་སྲས་ལ་མགོ་བཏག་ནས། མི་ཉན་ན་གཡོག་བྱེད་ཁྱི་ཉན་ན་སྒོ་ཁྱི་བྱེད་པའི་ཁའི་བླངས། ཞེས་དང་། དབྲ་ཁྱུང་གདུང་རབ་ལེགས་འཕྲེང་ལས། ཁྱུང་སྒོམ་མུ་ལོང་ཁོང་། ཡབ་ཀྱི་མདུན་དུ་འབྱོན་ནས་འབྲིང་རྒྱུད་ཀྱི་རག་ཐག་ན་ཕེབ། བཀྲ་རིང་དུ་ཡབ་ཀྱི་དགོངས་པར་མཁྱེན་ནས། མུ་ལོང་ཁྱོད་ང་ཅན་མ་འོང་། རག་ཐག་ཞེས་བྱ་བའི་ས་གནས་བྱ་ཁྱུང་བབ་པ་འདྲ་བ་གཅིག་ན་སྡོད། ཁྱོད་ནི་མི་རྒྱུད་ལ་བསྟན་པ་དེ་ན་ཡོད། གསུངས་པའི་བཀའ་བྱུང་། འོ་ན་ཡང་ལན་ཅིག་འཇལ་བ་ལ་འོང་ཞུས་པས། ལན་ཅིག་ཀྱང་མ་འོང་གསུངས་ནས་རག་ཐག་ལ་བཞུགས། སྲས་ཅིག་འཁྲུངས་པ་དང་ཁུ་བྱུག་གི་ཀུ་ཀུ་ཟེར་བས། མཚན་ཁུ་བྱུག་ཏུ་གྲགས། ཞེས་དང་། མ་ཡིག་གཡུ་མགོ་མ་ལས། མུ་ལང་གི་སྲས་ཁུ་བྱུག་ཡིན། དེ་ལ་སྲས་གསུམ་ཡོད་པ་ཆེ་བ་གཙུག་གསུམ་དེ། ཤིང་སྟག་པའི་ཞབས་སུ་འཁྲུངས་པས་སྟག་པ་ཟེར། དེ་འོག་ཟུར་དཀར་བ། ཆུང་བ་མདོག་བཀྲ་བ་ཡིན། སྟག་པའི་འདན་དང་རག་ཐག་བཟུང་བས་འདན་ཁྱུང་ཟེར། ཟུར་དཀར་བའི་རྒྱུད་ཏྲེ་ཤོད་བཟུང་བའི་ཏྲེ་ཁྱུང་ཟེར། མདོ་བཀྲ་བའི་རྒྱུད་སྨར་ཁམས་སུ་ཆད་པས། སྨར་ཁྱུང་ཡང་ཟེར། ཁུ་བྱུག་ཐོ་རངས་འདས་པའི་ཉི་ཤར་ལ། གཙུག་གསུམ་ལྟག་པའི་སྲས་གཅིག་འཁྲུངས་པ་དེ། མྱེས་ཚབ་ཡིན། དེ་ལ་འདན་ཟ་ལ་སྲས་བཞི་ཡོད་པ། ཆེ་བ་སྟོན་པ་དཔལ་འབར་ཡིན། སྟོན་འབར་ཡང་ཟེར། དེ་འོག་དམ་པ་ཁྱུང་སྒོམ་ཡིན། མཚན་གཅིག་ཤེས་རབ་སྒོམ་ཡང་ཟེར། དེ་འོག་དབེན་པ་ཨ་ལུགས་ཡང་ཟེར། ཆུང་བ་མཁས་པ་ཁྱུང་དབུས་ཡིན། མཚན་དད་པ་རྒྱལ་མཚན་ཡིན། དེ་བཞི་ལ་འདན་ཟ་བུ་བཞི་ཟེར། འདན་ཆུང་དུ་གྲགས་པར་སྣང་། སྟོན་འབར་གྱི་སྲས་སྟོན་ཐར། སྟོན་ལུགས་གི་སྲས་སློབ་དཔོན་བསྒྲེས་པོ་བ། མཚན་ལ་བཀྲ་ཤིས་འབར་ཡང་ཟེར། དེ་ལ་རྒྱུད་མེད། སྐུ་མཆེད་གཞན་རྣམས་འདས། མཁས་པ་ཁྱུང་དབུས་རྨ་པོམ་ར་ན་བཞུགས་ལ། སྟོན་ཐར་མཇལ་དུ་ཕྱིན་པས། དངུལ་བྲེ་གཉིས་གནང་བ་ཅིག་དེ་ཁྱེད་རང་མ་བུ་བརྒྱག་བརྟེན་གྱིས། ཅིག་དེ་རྒྱ་རེ་མདའ་ཟའི་དབྱི་སྤང་མ་བྱ་བ་ཡོད་པ་ཡིན། དེའི་ཕ་ལ་བྱིན་ལ་བུ་མོ་དེ་ལོང་དང་བསོད་ནམས་གཅིག་འོང་བར་འདུག་གསུངས། དེ་བཞིན་བྱས་རྒྱ་ཟ་ཁྱིམ་དུ་སླེབ་ནུབ་མོ་རྒྱ་སྟག་དྲུག་གིས་བསྐོར་ནས་ཉལ་བས་རྨིས་ཟེར། ཕྱིས་དེ་ལ་སྲས་དྲུག་བྱུང་བའི་ཆེ་བ་དེ་སྟོན་སྲས། དེ་འོག་ཁྱུང་དབུས། རིན་པོ་ཤེས་རབ་རྒྱལ་མཚན། དེ་འོག་སྟོན་པ་དམ་པ་བང་བཀྲ། དེ་འོག་བཤེས་གཉེན་ཡེ་ཤེས་དཔལ། དཔོན་དགེ་ཡང་ཟེར། དེ་འོག་དཔོན་དབུས། མཚན་དད་པ་རྒྱལ་མཚན་ཡང་ཟེར། ཆུང་བ་སྟོན་འབུམ། སྟོན་པ་འབུམ་ཡང་ཟེར། ཕྱིས་བཙུན་པ་མཛད་པའི་ནམ་མཁའ་རྒྱལ་མཚན་ཡིན། ད་རྣམས་ཡབ་སྟོན་ཐར་གྱི་རྒྱ་ཚ་སྤུན་དྲུག་ཡིན། ལྷ་ཆོས་པ་གསུམ་ནག་ཚང་ཞིག(པོ)ལ་བརྟེན་ནས། སྒར་པ་ཕལ་ཁྱེར་དབུས་ཀྱི་བྱིའུ་ལུང་མདའ་ན(མཆན། ད་ལྟ་ལྷ་རྩེར་རྫོང་དང་སོག་གཡུང་དྲུང་གླིང་དགོན་པ་ཆགས་ཤུལ)རྟག་པར་བཞུགས། ཇ་བཀྲག་ཕོས་པས་དེང་སོང་དིས་འབུར་གཅིག་ཡོད། སྟོན་སྲས་ཀྱིས་སྲས་སྟག་ཟ་སློབ་དཔོན་བླ་མ། མཚན་ལ་ཨ་བླ་ཟེར། ཕྱིས་སུ་བཙུན་པ་མཛད་པའི་མཚན་ནམ་མཁའ་རྒྱལ་མཚན། སྟོན་གཉན་གྱིས་སྲས་མང་ཡང་བུ་མོ་མང་བྱ་བ་ཡིན། སྔོན་ཡང་སྲོག་གྱི་ལན་ཆགས་ཡོད་པའི་ཚེ་ཁྲོམ་ཚང་ལ་སོགས་མི་སྡེ་རྣམས་མདོ་སྨད་ནས་ཡར་བསུས་པ་ཧོར་གྱི་རྟགས་ཡིན། ཁྱུང་པོ་ཚང་གི་སྒར་འདབས་སུ་མི་ངན་ཁྲོམ་ཚང་ལ་ཨ་རྡི་བྱ་བ་གཅིག་སྤྲང་འཁྱམས་བསྡད་པས། ཕྱིས་འབྱུང་ཧོར་གྱིས་གསེར་ཡིག་དང་དངུལ་བྲེ་ཁྱི་གུ་གསེར་ཆུ་ཅན་བརྐུས་པས་ཁྱུང་པོའི་རྟ་ནང་དུ་བཏགས་ནས། ཁོ་ལོགས་སུ་བྲོས་པས། དེ་ལ་བསྙེད་ནས་ཧོར་གྱི་མི་ཆེན་དེར་རྡོ་དང་། ཡེ་རྟོར་གཉིས་ཀྱིས་ཁྱུང་པོ་དཔོན་དགེ་དཔོན་དབུས་གཉིས། དབུས་ཀྱི་བྱེའུ་ལུང་ནས་དབུས་ཀྱི་བྱང་རི་བར་དུད་རེ་ནས་དེར་བསྒྲུངས་པས། ཚུག་མར་གསུམ་གྱི་སོ་ནས། སྲིད་པ་རྒྱལ་མོ་དབུ་བརྒྱ་ཕྱག་སྟོང་དུ་ཡོད་པ་མངོན་སུམ་བྱོན་ནས། རྡོ་ཡི་སེར་སེར་བ་བྱ་ངང་པའི་སྒོ་ང་ཙམ་དུ་ཧྲི་ལི་བ་བབ་ནས། ད་ལྟེམ་ཐང་(མཆན། ད་ལྟ་སྟེང་ཆེན་ཁྱུང་གཉིས་ལའམ་ཆུ་གཉིས་ལ་ཞེས་པ་དེར་ངོས་འཛིན་བྱེད་མཁན་ཡོད།)ངང་ལྟེམ་མེ་བས་གང་བར་ཡོད་དོ། ཞེས་སོགས་ནས། ཁྱུང་དབུས་ཤེས་རབ་རྒྱལ་མཚན་ནས་རྟ་ལྡི་རྗེ་ལྡིང་ཁྱུང་བྱ་ཆིབས་ཏེ་རྔུལ་ཆུའི་རྒྱུད་ནས་བྲོས་ཞིང་ཐར་བ་དང་། ཁྱུང་ཨ་བླ་ལོ་དྲུག་པ་དེ་ཧོར་དམག་གི་ཁྱེར་བ་དང་། ཁྱུང་པོ་དཔོན་དགེ་དང་དཔོན་དབུས་རྣམ་གཉིས་སྐུ་བཀྲོངས་ཉིན་མོར། ཁྱུང་པོའི་གཡོག་མོ་ཨ་འཚོ་ཟ་ལ་ཁྱུང་པོ་སྟོན་འབུམ་གྱིས་ཁྱུང་པོ་ནང་ཆེན་གྲགས་པ་འཁྲུང་ས་བ་དང་། ཁྱུང་པོ་ཁྲ་རྒན་སྟོན་འབར་གྱི་སྲས་ཁྱུང་རྒྱལ་དང་བསོད་འབར་གྱིས་འབྲི་གུང་གཅུང་རིན་པོ་ལ་སྐྱབས་ཞུས་པ་དང་། ཁྱུང་པོ་དཔོན་གཡོག་འགའ་ཞིག་ནི་རྒྱ་ཉི་མ་འབྲུག་གྲགས་ཀྱི་བསུ་བ་ཞུས་ཞིང་། ད་ལྟ་སྟེང་ཆེན་ཁ་ཡོད་སར་རྒྱ་རྗེའི་མཁར་ཁམས་གསུམ་དབང་འདུས་ཞེས་པ་ཁྱུང་པོ་ནང་ཆེན་གྲགས་པ་ལ་ཕུལ་ཞིང་། ནང་ཆེན་གྲགས་པ་དགུང་ལོ་བཅུ་གསུམ་ལོན་པའི་དུས་ཇོ་མོ་བཞེས་པར་ཞུས་པས་ངས་ཁྱིམ་ཐབ་མི་བྱེད་ཅིས་ཀྱང་ལྷ་ཆོས་ཤིག་བྱེད་དགོས། ཁྱེད་རྣམས་ཁྱུང་པོའི་མི་རྒྱུད་ལ་དེ་ཙམ་གཅེས་ན་ཨ་བླ་འཚོལ་བར་ཧོར་ཡུལ་དུ་སོང་དང་སོག་པོའི་ད་རུང་མ་བསད་པར་ཡོད་སྲིད་གསུངས་ཤིང་། ཁྱུང་ཨ་བླ་བསུས་ཤིང་དེ་ནས་བཟུང་ཁྱུང་པོ་གདན་སའམ་ཁྱུང་པོས་དབང་བསྒྱུར་ཡུལ་ཁྱུང་པོ་སྟེང་ཆེན་ཁུལ་དུ་ཆགས་པ་དང་ཁྱུང་དཀར་ནག་སེར་གསུམ་གྱི་རུས་བརྒྱུད་གྲོལ་ཞིང་གདན་ས་སོ་སོར་ཡོད་པའི་སྐོར་ནི་ཁྱུང་རབས་ཁག་གི་ནང་ཁ་གསལ་འཁོད་ཡོད་པ་འདིར་འབྲི་བའི་ངལ་བ་མི་བྱེད་ཅིང་འདི་ཙམ་མོ།།
ཞང་ཞུང་ཡུལ་མེ་ཏོག་མཛེས་པའི་གླིང་ངམ་ད་ལྟ་ལྡོང་པོ་ཧ་ལའི་མཛེས་ལྗོངས།
བཅར་འདྲི་ཞུ་ཡུལ་གཙོ་བོ། ལྡོང་པོ་ཀ་ལའི་བརྒྱུད་པ་ལྡོང་པོ་དགྲ་འདུལ།
གཉིས་པ་ཞང་ཞུང་ཁ་ཡུག་གི་ཡུལ་དུ་ཁྱུང་པོའི་རྗེས་ཤུལ་འཚོལ་བ།
བོད་ཀྱི་ལོ་རྒྱུས་ཁག་ལས་ལྡོང་མེ་ཉག དབྲ་ཞང་ཞུང་། འབྲིའམ་མཛོ་སུམ་པ། སེ་འ་ཞ་ཞེས་བོད་མི་བུ་གདུང་དྲུག་གིས་དབང་བསྒྱུར་བྱེད་མྱོང་བའི་ཡུལ་དུ་ཆེ་བར་བརྗོད་པ་ལྟར། འདིར་སྐབས་སུ་བབས་པའི་དབྲ་ཞང་ཞུང་ཞེས་དབྲའམ་ཁྱུང་པོས་ཞང་ཞུང་རྒྱལ་རབས་རྣམས་ཀྱི་སྐབས་སུ་བླ་ཡི་མཆོད་གནས་བྱས་པ་དང་། དེ་ནས་སྤུ་རྒྱལ་སྡེའི་སྐབས་སུ་སྤུ་རྒྱལ་བླ་མཆོད་ཡིན་ཞིང་། རྗེས་སུ་ཁྱུང་པོ་སྤུངས་སད་ཟུར་རྩེའི་སྐབས་སུ་ཁོང་ནི་སྤུ་རྒྱལ་སྲོང་བཙན་ཡབ་སྲས་ཀྱི་བློན་པོ་བྱས་ཏེ་ཞང་ཞུང་དབང་དུ་བསྡུས་པས། ཞང་ཞུང་ཡུལ་གྱི་ཁོས་དཔོན་ཁྱུང་པོ་སྤུངས་སད་ཟུར་རྩེ་བསྐོས་པའི་ཚུལ་ནི་་ཏུན་ཧོང་ཡིག་རྙིང་དང་བོད་ཀྱི་རྒྱལ་རབས་དག་ལས་ཐར་ཐོར་འཁོད་ཡོད་པ་ལྟར་དང་། གོང་དུ་བཤད་པ་ལྟར་ཁྱུང་རབས་ཁག་ལས་གསལ་བའི་ཞང་ཞུང་ཁ་ཡུག་གི་ཡུལ་མེ་ཏོག་མཛེས་པའི་གླིང་ངམ་སྐྱེད་ཚལ་ཞེས་པའི་ཡུལ་ནས། ཁྱུང་གི་གདུང་ཁུངས་གྲོལ་རབས་བཤད་པ་སོགས་ལོ་རྒྱུས་ཁག་གི་ནང་དུ་གསལ་བའི་ཞང་ཞུང་ཁ་ཡུག་གི་ཡུལ་དུ་ཡོད་པར་གྲགས་པའི་ཁྱུང་པོའི་གདན་ས་ནི། ད་ལྟའི་ཆར་ཁ་ཡུག་ཡུལ་དུ་ས་གནས་དངོས་སུ་གང་ལ་ངོས་འཛིན་བྱེད་ཐུབ་མིན་གྱི་ཐད་ལ་ཁོ་བོས་དེ་སྔོན་དུ་བསམ་གཞིག་མང་པོ་བྱེད་མྱོང་ཡོད། དེ་ལྟར་ནའང་ལོ་རྒྱུས་ཁག་གི་ནང་དུ་བཤད་ཚུལ་མི་འདྲ་བ་ཏོག་ཙམ་ཡོད་པ་དང་། གྲུབ་མཐའི་འཕོ་འགྱུར་རྒོད་པས་མཐའ་གཅིག་ཏུ་འདི་དང་འདི་ཞེས་ད་ལྟ་དངོས་སུ་མ་ཉམས་པ་གསལ་ལམ་མེར་ཞིག་ད་དུང་སྡད་ཡོད་པ་མི་སྲིད་མོད། ཡིན་ནའང་སྔོན་གྱི་དུས་སུ་ཞང་ཞུང་ཁ་ཡུག་ཡུལ་གྱི་ལྟེ་བའི་ཁུལ་ཁྱུང་ལུང་དངུལ་མཁར་དང་གླང་ཆེན་གཙང་པོའི་སྟོད་རྒྱུད་ཡིན་པ་དང་། དེ་བཞིན་ཁ་ཡུག་ཡུལ་གྱི་མེ་ཏོག་མཛེས་པའི་གླིང་སོགས་ཁྱུང་པོའི་གདན་ས་དང་འབྲེལ་བའི་ལོ་རྒྱུས་ནི། ད་ལྟའི་ཆར་སྲིད་འཛིན་མངའ་ཁོངས་ནི་རྩ་མདའ་རྫོང་མདའ་བ་ཤང་ཁོངས་ལྡོང་པོའམ་གདོང་པོ་ཞེས་པའི་གྲོང་ཚོ་དང་ཡུལ་དེ་དག་གནའ་ཤུལ་དང་ཡུལ་མིའི་ཤོད་སྲོལ་མང་དག་ཅིག་སྔོན་གྱི་ཁྱུང་རབས་ཀྱི་ལོ་རྒྱུས་དང་ཆ་འདྲ་བ་འགའ་ཞིག་འདུག་པས། ང་ཚོ་ཡུལ་དངོས་སུ་ཕྱིན་ཏེ་མཐོང་ཐོས་མྱོང་གསུམ་འགའ་ཞིག་གླེང་ན་སྙམ་པ་ཡིན། དེའང་ལྡོང་པོ་ཞེས་པའི་མིང་ཚིག་དེ་ནི་ཁ་ཅིག་གིས་ལུང་གཤམ་ནས་ལུང་པའི་ལུང་གདོང་ལ་སྤོ་པ་གདོང་སྤོས་ཞེས་ཟེར་བ་དང་། ཡང་ལྡོང་གི་རུས་བརྒྱུད་དང་འབྲེལ་བའི་ལུང་པ་ཞིག་ཡིན་ལྡོང་པོ་ཞེས་ཟེར་བ་སོགས་ཤོད་ཚུལ་མི་འདྲ་བ་འགའ་ཤས་འདུག་ཅིང་། དེ་ལྟར་ཡིག་ཆ་་ཁག་གི་ནང་དུ་གདོང་པོའམ་ལྡོང་པོ་གང་རུང་བྲིས་ཡོད། དེང་དུས་སུ་སྲིད་གཞུང་གདོང་པོ་ཞེས་བྲིས་ཡོད་པ་ལོ་རྒྱུས་ཁག་ལ་ལྡོང་པོ་ཞེས་བྲིས་པ་མང་། དཔྱད་ན་ལྡོང་གི་བརྒྱུད་པ་ཡུལ་འདིར་སྤོས་པ་ན་ལྡོང་སྤོ་ཞེས་མིང་ཐོགས་པར་འདོད་པ་ན་དེ་ལ་རྒྱུ་མཚན་ཆེན་པོ་ཡོད་དེ། ད་ལྟ་ཡུལ་དེའི་མི་ཚང་ཆེ་ཤོས་བརྒྱུད་པ་ལྡོང་པོ་ཀ་ལའི་བརྒྱུད་པ་ཡིན་པ་རེད། ལྡོང་པོ་ཀ་ལའི་མི་བརྒྱུད་ནི་གཟུངས་སྟོབས་ཆེ་ཞིང་འཇོང་ཐང་ཆེ་བ་སྔོན་གྱི་དུས་སུ་དཔོན་རིགས་བྱུང་མྱོང་བ་དང་། ཕྱིས་སུ་ལྡོང་པོ་ཚོ་པའི་དཔོན་པོ་ལྡོང་པོ་ཀ་ལའི་བརྒྱུད་པ་ཡིན་ཞིང་དེ་ཚོ་འཇོང་ཐང་ལྡན་པའི་མི་བརྒྱུད་ཅིག་ཡིན་པས། མདའ་བ་དང་ལྡོང་པོའི་ཡུལ་དུ་ལྡོང་པོ་ཀ་ལའི་བརྒྱུད་པའི་གཉེན་ཚན་ཏོག་ཙམ་འགྲོ་བའི་མི་དེ་ཚོས་ཀྱང་ལྡོང་པོ་ཀ་ལའི་བརྒྱུད་པ་ཡིན་ཞེས་ངོམ་སོ་རྒྱག་བྱེད་དུ་གྱུར་ཡོད། རྒན་རབས་ཚོས་བཤད་པ་ལྟར་ན། ལྡོང་པོ་ཀ་ལའི་བརྒྱུད་པ་ནི་སྔ་མོའི་དུས་སུ། རུས་རིགས་ནི་ལྡོང་ཡིན་པའི་ཚུལ་དང་ལྡོང་ཡིན་པའི་རུས་བརྒྱུད་ཚོ་པ་གཅིག་ཁ་ཡུག་འདམ་མཁར་གྱི་ཉེ་སྐོར་ད་ལྟ་མདའ་བ་ཀ་ལ་ཞེས་པའི་ཡུལ་དེར་ཆགས་པ་ནས་བཟུང་ལྡོང་ཀ་ལ་ཞེས་པའི་མི་ཚང་ངམ་མི་བརྒྱུད་དུ་གྱུར་ཞིང་ཕྱིས་སུ་ཡར་སྤོ་ཏེ་ད་ལྟའི་ལྡོང་པོ་ཡུལ་དུ་ས་ཟིན་ཏེ་ཆགས་པས་ལྡོང་སྤོས་ཀ་ལ་ཞེས་འབོད་པ་ཡིན་ཞེས་ཟེར་སྲོལ་ཡོད་ཅེས་བརྗོད། དེ་ནི་གོང་དུ་ལུང་དྲངས་པ་ལྟར་སྔོན་གྱི་དུས་སུ་ཞང་ཞུང་ཁ་ཡུག་གི་ཡུལ་ཁྱུང་པོའི་ལུང་པ་མེ་ཏོག་མཛེས་པའི་གླིང་ཞེས་པ་དེ་དང་། དེ་ནས་ཞང་ཞུང་དཔོན་གྱི་བརྒྱུད་པ་ཡིན་པའི་ཞང་ཞུང་སྟོད་ཀྱི་ལྡང་ཏ་དང་སྨད་གྱི་ལྡང་མི་ཞེས་པ་ཁྱུང་པོ་ལ་དམག་རྒྱབ་སྟེ་ཡུལ་གཞན་དུ་ཕུད་ཅིང་ཁོ་ཚོ་ཡུལ་འདིར་སྤོས་ཤིང་དབང་བསྒྱུར་བྱས་པ་ཞིག་ཡིན་པར་གསལ་བའི་ལོ་རྒྱུས་དང་མཐུན་པ་ཞིག་ཡིན། དེ་ལྟར་ལྡོང་པོའི་ཡུལ་འདིར་གནའ་ཤུལ་དང་བཤད་སྲོལ་མང་པོ་ཞིག་བྱུང་འདུག་པས། ཁོ་བོ་སྔོན་མ་ཡུལ་དེར་འགྲོ་མྱོང་མོད་ཞིབ་ཚག་གི་དཔྱད་ཞིབ་བྱེད་རྒྱུ་མ་ཁོམ་པ་ད་ལྟའི་བར་དུ་སོང་བས། དེ་ལྟར་ཡུལ་དངོས་སུ་ཞིབ་ཚག་གི་ཞིབ་འཇུག་དང་རྒན་རབས་ལ་་བཅར་འདྲི་བྱེད་པའི་ཆེད་དུ་༢༠༢༠-༧-༣ཉིན་རྒན་ཚུལ་ཁྲིམས་ཡེ་ཤེས། བཀྲ་ཤིས། རླངས་འཁོར་ཁ་ལོ་བ། དབང་འདུས། ཁོ་བོ་བཅས་ཞོགས་པ་སྔ་མོ་གུར་གྱམ་དགོན་པ་ནས་ཐོན་ཞིང་ཁྱུང་ལུང་དང་ཁྱུང་ལུང་དམ་ཀ་ཅན་ཞེས་པའི་བྲག་ངོས་སུ་གནའ་བོའི་ཙག་རིས་ཀྱི་གཡུང་དྲུང་རི་མོ་ཡོད་སར་ཕྱིན་ཞིང་དེ་ནས་གདོང་པོ་དཀར་འདེད་ལ་སླེབས། །
དཀར་འདེད་ཕར་ཁར་ཁྱུང་ལུང་གི་ཕུག་པ་ནག་སག དེར་སྐལ་བཟང་ཁྲིད་དེ་དཀར་འདེད་ཀྱི་ཆུ་རྒྱུད་དུ་གྱམ་སེར་ཞེས་གྱམ་ངོས་སུ་ཕུག་པ་མང་པོ་ཡོད་ཅིང་སྔོན་གྱི་དུས་སུ་གྲོང་པ་སྡད་རྗེས་མང་པོ་ཡོད་ཅིང་དེའི་ནུབ་ཏུ་གྱམ་སེར་མཚེའུ་ཞེས་མཚེའུ་སྐམ་ཞིག་ཡོད། དེ་ནས་བྱང་ནུབ་ཏུ་གཡུ་ལང་མཚེའུ་ཞེས་མཚེའུ་སྐམ་ཞིག་འདུག དེའི་ལྷོ་ནུབ་ཏུ་མཚེའུ་གལ་རྟ་ཞེས་མཚེའུ་སྐམ་ཆུང་ཆུང་ཞིག་ཡོད། གླང་ཆེན་གཙང་པོའི་ཕར་ཁར་རྒྱང་མཁར་རྩེ་ཞེས་གནའ་བོའི་བྲུས་ཕུག་གི་མཁར་ཤུལ་དང་། དེའི་ལྟག་རྒྱབ་ཏུ་མཚོ་སྐམ་ཞེས་མཚེའུ་ཡ་མཚན་ཅན་ཞིག་ཡོད་ཅིང་དེ་ལྟར་མཚེའུ་དེ་ཚོ་བཀའ་གཉན་པོར་བརྩི་བའི་མཚེའུ་གཉན་ཤ་དག་ཡིན་པས། དེ་ནི་ཇི་སྐད་དུ། མ་བསྐྱིལ་མཚོ་བཟུང་ངམ་མ་བསྐྱིལ་གཡུ་ཡི་མཚོ་མོ་རེ་རེ་སྲིད། ཅེས་པ་དེའི་དཔྱད་གཞིའི་རིན་ཐང་ཡོད།
རྒྱང་མཁར་རྩེའི་མཚོ་སྐམ་མཚེའུ།
བླ་མཚོ་དང་འབྲེལ་བའི་མཚེའུ་གསུམ།
ཧ་ལ་ལུང་པའི་མཛེས་ལྗོངས། དེ་ནས་གཡུ་ལང་མཚེའུ་ཡི་བྱང་ནུབ་ཀྱི་ལུང་སྦུབ་ཏུ་མར་ཙམ་ཕྱིན་ནས་ལྡོང་པོ་ཧ་ལ་ལུང་པར་སླེབས། ལུང་པ་དེའི་སྦུབ་རྒྱུད་དུ་ཤིང་འོམ་བུ་ཧ་ཅང་མང་པོ་སྐྱེས་ཤིང་མེ་ཏོག་རྣམ་པར་བཀྲ་བའི་དུས་ལ་ཏག་ཏག་ཁེལ་འདུག་པས། ལོ་རྒྱུས་ནས་གསལ་བའི་ཞང་ཞུང་ཁ་ཡུག་མེ་ཏོག་མཛེས་པའི་གླིང་ཞེས་པ་དེ་ཡིད་ཤར་བ་དུས་མཚུངས་གནས་འདིར་ཅུང་ཙམ་མིང་དོན་མཚུངས་པར་འདུག་སྙམ། དེ་ནི་གླང་ཆེན་གཙང་པོའི་སྟོད་རྒྱུད་དུ་རང་འབྱུང་གི་སྐྱེད་ཚལ་མཛེས་ཤོས་ཤིག་ཡིན་པའི་ཆ་ནས། ཞང་ཞུང་ཁ་ཡུག་གི་ཡུལ་མེ་ཏོག་མཛེས་པའི་གླིང་ཞེས་བརྗོད་ནས་ད་ལྟའི་མངའ་རིས་ཀྱི་ངོས་ལ་བཤད་ན་ཅུང་ཙམ་འཚམ་པོ་ཡོད་ལ།
ཞང་ཞུང་ཡུལ་མེ་ཏོག་མཛེས་པའི་གླིང་ངམ་ད་ལྟ་ལྡོང་པོ་ཧ་ལའི་མཛེས་ལྗོངས།
ས་ཆ་དེའི་ཤར་ངོས་ཀྱི་གཡས་གཡོན་དུ་ལུང་ཆུང་དག་ལ་ས་ཕུག་མང་པོ་ཡོད་པ་གཅིག་གི་ནང་དུ་ཟ་ར་ཚགས་དང་བྱང་སེབས་ཀེར་བཞེངས་ཅན་གྱི་གནའ་ཉམས་དོད་པའི་ལྡེབས་རིས་འགའ་འདུག དེའི་ཐང་ཁ་ལ་དགོན་པའི་ཤུལ་དང་གཅིག་སྣེ་གཅིག་སྣེ་གཅིག་མཐུད་ཀྱི་མཆོད་རྟེན་ཆུང་བ་མང་པོ་དང་མཆོད་རྟེན་ཆེ་བའི་ཤུལ་ཧ་ཅང་འབོར་ཆེན་འདུག་ཅིང་། མཆོད་རྟེན་ཆེ་བའི་གཟུངས་བཞུག་ཚང་མ་རྐུན་མས་བྲུས་ཚར་འདུག ཁོ་ཚོས་དེར་མཆོད་རྟེན་བརྒྱ་རྩ་བརྒྱད་ཡོད་པ་རེད་ཅེས་ཤོད་སྲོལ་ཡོད་ཅེས་ཟེར།
ཧ་ལ་ལུང་པའི་ཕུག་པ་སངས་རྒྱས་དང་བྱང་སེམས་ཀྱི་ལྡེབས་རིས།
ཧ་ལ་ལུང་པའི་དགོན་པ་དང་མཆོད་རྟེན་བརྒྱ་རྩ་བརྒྱད་ཤུལ།
ཧ་ལ་ལུང་པའི་དགོན་པ་དང་མཆོད་རྟེན་བརྒྱ་རྩ་བརྒྱད་ཤུལ། དེའི་ལྷོ་ཤར་གྱི་རི་རྩེར་མཁར་ཤུལ་འདུག་པ་དེ་ནི་ལྷ་རྩེ་མཁར་རམ་ལྷ་གཙན་སྐྱ་ཡུ་ཞེས་བརྗོད། ཧ་ལའི་ནུབ་ངོས་སུ་ཧ་ལ་མཁར་གོག་ཅེས་རི་ལྡེབས་སུ་དེའུ་འབུར་བྱུག་བྱུག་ཞིག་གི་རྩེར། མཁར་ཤུལ་འདུག་ཅིང་དེར་རྡོ་བརྩེགས་དང་གྱང་ལས་གྲུབ་ཡོད་པའི་མཁར་ཤུལ་གཅིག་རེད་འདུག།
ཧ་ལ་ལུང་པའི་ལྷོ་ཤར་གྱི་རི་རྩེར་ལྷ་རྩེ་མཁར་རམ་ལྷ་རྩེ་སྐྱ་ཡུ།
ཧ་ལ་ལུང་པའི་ནུབ་ངོས་ཀྱི་མཁར་གོག
ཧ་ལ་ལུང་པའི་ནུབ་ངོས་ཀྱི་མཁར་གོག མཁར་ཤུལ་དེའི་གཉིས་པོ་ནི་གནའ་ཉམས་ལྡན་པའི་མཁར་གོག་གི་ཤུལ་ཆེ་ཙམ་ཞིག་འདུག་ཅིང་ནང་དུ་ཕྱིན་མ་ཐུབ། དེ་བཞིན་ཧ་ལ་ལུང་པར་འོམ་བུ་མང་པོ་སྐྱེས་པའི་སྦུབ་རྒྱུད་གླང་ཆེན་གཙང་པོ་མ་ཐུག་གི་བར་གྱི་གཡས་གཡོན་གྱི་ལུང་ཆུང་དང་རི་གདོང་དག་ལ་གནའ་ཤུལ་གྱི་ཁེངས་འདུག དེ་ལྟ་བུའི་འོལ་བུ་མེ་ཏོག་རྣམ་པར་བཀྲ་བའི་གསིལ་གྲིབ། ལྷ་བྱ་གུང་མོ་བྱ་བྱིའུ་རིགས་མང་པོ་སྐད་སྙན་པར་སྒྲོགས་པ། ཧ་ལ་ལུང་པའི་དྭངས་གཙང་གི་ཆུ་བོ་ལྷུང་ལྷུང་འབབ་པའི་འགྲམ། གླང་ཆེན་གཙང་པོའི་ཆུ་བོ་འདྲེས་མཚམས་དེར། ང་ཚོ་ཚ་འབོག་རྒྱབ་ཅིང་འཛའ་ར་ཟོས་ཏེ་ཅུང་ཙམ་སྡད།
ལྡོང་པོ་ཧ་ལ་ལུང་པའི་མཛེས་ལྗོངས་་ནས་མཐོང་བའི་མུ་ལང་ལུང་པར་དར་སྒམ་དགོན་པ་ལྷ་ཁང་གི་མཁར་རམ་སྲིད་པའི་མཁར་གོག
ལྡོང་པོ་མུ་ལང་ལུང་པར་དར་སྒམ་དགོན་པ་ལྷ་ཁང་གི་མཁར་རམ་སྲིད་པའི་མཁར་གོག་མདུན་གྱི་ཞིང་ཁ།
ལྡོང་པོ་མུ་ལང་ལུང་པར་དར་སྒམ་དགོན་པ་ལྷ་ཁང་གི་མཁར་རམ་སྲིད་པའི་མཁར་གོག
དེ་ནས་གླང་ཆེན་གཙང་པོའི་གཙང་འགྲམ་དུ་རླུང་ཅོག་ཞེས་པའི་ཞིང་ཁ་ཡོད་པ་དང་། དེ་ནས་གླང་ཆེན་གཙང་པོར་ཟམ་པར་ཐོན་ཞིང་སྟེགས་ཅོག་གི་ཐང་ཁར་དར་སྒམ་དགོན་ལྷ་ཁང་གི་གཤམ་དུ་ཞིང་ཁ་ཆེ་ཙམ་འདུག ཁོ་བོས་མངའ་རིས་ཁུལ་དུ་ཆར་ཆུ་དཀོན་པས་ཞིང་ཁ་འདི་ལ་འབྲུ་སྐྱེ་ཐབས་ཀྱི་ཆུ་ཞིག་མེད་ན་ཐབས་མེད་རེད་འདུག་ཅེས་ཁོ་ཚོ་ལ་བཤད་པ་དང་། མ་ཟད་མཁར་ནང་དུ་ཆུ་ལེན་པར་ཧ་ཀྱང་དཀའ་ལས་ཡོད་པར་འདུག་ཅེས་བཤད་པ་ཡིན། དེ་ནས་རི་འདབས་སུ་མཆོད་རྟེན་དང་དགོན་པ་ལྷ་ཁང་ཞེས་པའི་ཞིག་ཤུལ་དང་། རི་རྩེར་དར་སྒམ་དཔའ་བོའི་མཁར་གོག་ལ་ཕྱིན་ཏེ་པར་རིས་བླངས་པ་དང་མཁར་ཤུལ་ལ་ཞིབ་པར་བལྟས། མཁར་གོག་དེ་ནི་བྲག་རི་རྫ་དང་གཡའ་མ་སོགས་ཡོད་པའི་རིའམ་དེའུ་འབུར་གྱི་རྩེ་མོ་ནས་ལྷོ་ངོས་རི་གཤམ་གྱི་བར་དུ་བརྩེགས་ཤུལ་གྱི་ཁེངས་འདུག གནའ་བོའི་མཁར་ཤུལ་གྱི་ངོས་ལ་བཤད་ནས་རྒྱ་ཆེན་པོ་འདི་ཙམ་ཕར་ཆེ་ད་ལྟའི་ཆར་མཐོང་དཀོན་པོ་ཡིན་པ་རེད། རི་དེར་གཡའ་མ་མང་པོ་འདུག་པས་རི་ངོས་ཀྱི་ཁང་པ་ཚང་མ་གནའ་ཉམས་དོད་པའི་རྡོ་བརྩེགས་ཤ་དག་དང་། རི་གཤམ་གྱི་དགོན་པའི་ཤུལ་དང་མཆོད་རྟེན་ཞིག་རོ་དག་ལ་རྡོ་བརྩེགས་དང་། གྱང་། ས་ཕག་སོགས་ཀྱིས་གྲུབ་འདུག དེ་ནས་སྟེགས་བུའི་ཐང་ཁ་དེར་ཞིང་བཏབ་རྗེས་རྒྱ་ཆེན་པོ་འདུག་ཅིང་། ཁོ་ཚོས། ས་ཆ་དེའི་ཞིང་འབྲུ་ནི་འཕེལ་བ་མང་ཞིང་བཅུད་ཆེ་བ་ས་ཆ་གཞན་གྱི་པག་གཉིས་ཀྱི་བཅུད་དང་འདིའི་པག་གཅིག་གི་བཅུད་དང་འདྲ་བའི་བཤད་སྲོལ་ཡོད་ཟེར། དར་སྒམ་གྱི་ནུབ་ངོས་བྲག་ཐད་ཀྱི་དཀྱིལ་ནས་ལུང་ཅོག་ཞིང་ཁ་མ་སླེབས་བར་དུ་བརྩེགས་པ་མཐོ་པོས་རྒྱ་ཆེན་བརྩེགས་འདུག་པ་དེ་ནི་ཆུ་ཡུར་རེད་འདུག བརྩེགས་ཤུལ་དེ་དག་མཐོང་ཡོང་བའི་སྐབས་སུ་གནའ་བོའི་མེས་པོ་ཚོས་དཀའ་ལས་དཔེ་མེད་རྒྱག་གི་ཡོད་པ་དང་། ཆབ་སྲིད་ཀྱིས་དབང་བསྒྱུར་ཤུགས་ཆེན་དང་བྲན་གཡོག་ལམ་ལུགས་ཀྱི་ཚད་གཞི་མཐོ་པོར་སླེབས་ཡོད་པ་ནི་རང་བཞིན་ཤུགས་ནས་མངོན་ཐུབ་པར་འདུག ཡུལ་འདིའི་མིས་མཁར་ཤུལ་དེ་དག་ལ་མཁར་གཤམ་དུ་དགོན་པ་ཞིག་ཤུལ་ཡོད་པའི་ཆ་ནས་དར་སྒམ་དགོན་པ་ལྷ་ཁང་གི་མཁར་གོག་ཅེས་དང་། དར་སྒམ་དཔའ་བོ་ཞེས་བྱུང་ང྅ཡོང་ཡོད་པའི་བཤད་སྲོལ་ལྟར་དར་སྒམ་དཔའ་བོའི་མཁར་གོག ཡུལ་འདིར་གནའ་བོའི་སྐབས་སུ་ཁྱུང་དང་མཉའ་ཡི་རུས་བརྒྱུད་ཀྱིས་དབང་བསྒྱུར་ཁུལ་ཞིག་ཡིན་པའི་བཤད་སྲོལ་ལྟར་དར་སྒམ་སྲིད་པའི་མཁར་གོག་ཅེས་འབོད་སྲོལ་འགའ་ཤས་འདུག མདོར་ན་དར་སྒམ་མཁར་གོག་གི་ལུང་པ་དེའི་སྤྱིའི་མིང་དུ་མུ་ལང་ལུང་པ་ཞེས་ཟེར།
ལྡོང་པོ་མུ་ལང་ལུང་པར་དར་སྒམ་དཔའ་བོའི་་མཁར་རམ་སྲིད་པའི་མཁར་གོག
ལྡོང་པོ་མུ་ལང་ལུང་པར་དར་སྒམ་དཔའ་བོའི་མཁར་རམ་སྲིད་པའི་མཁར་གོག
ལྡོང་པོ་མུ་ལང་ལུང་པར་དར་སྒམ་དཔའ་བོའི་མཁར་རམ་སྲིད་པའི་མཁར་གོག་ནུབ་ངོས་ཀྱི་ཆུ་ཡུར་བརྩེགས་ཤུལ། དེ་ལྟར་དར་སྒམ་གྱི་སྲིད་པའི་མཁར་ཤུལ་དང་། ཧ་ལའི་སྲིད་པའི་མཁར་ཤུལ། ལྷ་བཙན་སྐྱ་ཡུའམ་ལྷ་རྩེ་སྲིད་པའི་མཁར་ཤུལ་བཅས་གསུམ་ནི། མཁའ་རིས་ཁུལ་གྱི་ཁོ་བོས་མཐོང་མྱོང་བའི་སྲིད་པའི་ར་ལ་མཁར་དམར་དང་། རུ་ཐོག་གི་གཉའ་ཤུར་རམ་སྙ་ཤུར་གྱི་མཁར་གོག བྱང་ར་བཞིའི་མཁར་རམ་བདེ་འགོའི་མཁར་གོག རུ་ཐོག་མཁར་ལུང་མཁར་རམ་ལ་གཡུ་མཁར་ཞེས་ལ་ཤང་མཁར་ཤུལ། གནམ་རུའི་ཞིང་མཁར་མཁར་གོག རྒྱུང་འགུལ་གྱི་ཡེ་རྩེའི་མཁར་གོག་སོགས་ནི་རྩ་བའི་ནས་མཁར་གྱི་བཀོད་པ་གཅིག་མཚུངས་འདུག་པས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ནི་གཅིག་པ་ལོས་ཡིན། མཁར་གོག་དེ་ཚོའི་ཀུན་གྱི་ནང་ནས་གཞི་རྒྱ་ཆེ་ཤོས་དེ་ལྡོང་པོ་དར་སྒམ་གྱི་མཁར་གོག་དེ་རེད་འདུག དེའི་གཡས་གཡོན་དུ་དགོན་པ་དང་ལྷ་ཁང་མཆོད་རྟེན་སོགས་གནའ་ཤུལ་མང་པོ་འདུག་ཅིང་དེ་ཚོ་འགའ་ཞིག་དུས་ཕྱིས་བར་དུ་དར་རྒུད་འཕོ་འགྱུར་མང་པོ་ཕྱིན་ཡོད་པའི་ཚུལ་ནི་དངོས་གསལ་དོད་པོ་འདུག ས་གནས་འདིར་དངོས་གཙོ་རིག་པ་དང་འབྲེལ་བའི་ཞིབ་འཇུག་ཚོས་བཤད་ལྟར་ན། གནའ་བོའི་དུས་ནས་བཟུང་མཁར་གྱི་བརྩེགས་ཤུལ་ནི་དུས་རབས་མི་འདྲ་བ་གསུམ་གྱིས་གྲུབ་པར་བཤད། ངོས་ཀྱི་ལྟར་ན་དེ་ལྟར་ངེས་ཏེ་གནའ་བོ་དུས་ནས་བཟུང་གུ་གེའི་རྒྱལ་རབས་འཇུག་མ་རྫོགས་ཀྱི་བར་དུ་བདག་སྐྱོང་བྱས་ཡོད་པར་སྙམ་མོ། དེ་ནི་ཇི་སྐད་དུ། ས་མཁར་ཞང་ཞུང་ཁྱུང་པོས་བཟུང་། ལྷ་རི་ལྷ་མཁར་ལྷ་རྩེ་གསུམ། ཁྱུང་པོ་སྐྱིད་ལ་བརྩིགས་ཀྱི་མཁར་གསུམ་ཡིན། ཞེས་པ་དེར་ངོས་འཛིན་བྱས་ན་མི་ཆོག་པ་མེད་ཅིང་། མ་ཟད་ཁྱུང་པོས་ལྷ་ཁང་དང་མཆོད་རྟེན་བརྒྱ་རྩ་བརྒྱད་རེ་བཞེངས་ཡོད་གསུངས་པས་ས་ཆ་དེར་ལྷ་ཁང་དང་མཆོད་རྟེན་གྱི་ཤུལ་ཧ་ཅང་མང་། ལྷ་ཁང་དང་མཆོད་རྟེན་དེ་ཚོ་ནི་དུས་ཕྱིས་ཆོས་ལུགས་རིམ་བྱུང་དུ་བདག་པོ་རྒྱབ་ཡོད་པ་ནི་མངོན་གསལ་དོད་པོ་འདུག ད་དུང་ཡ་མཚན་པ་ཞིག་ལ་ཁྱུང་རབས་ཁག་ལས་ཤེལ་གྱི་མཆོད་རྟེན་དང་། བདེར་གཤེགས་སྟོང་གི་སྐུ། མཆོད་པ་བརྒྱ་རྩ་ཡོད་པའི་ཚུལ་གསུངས་པས། དེ་དང་འབྲེལ་བའི་ཤོད་སྲོལ་དང་དཔྱད་གཞིའི་དངོས་པོ་ཙམ་ནི། དར་སྒམ་གྱི་མཁར་གོག་ཡོད་སའི་རི་དེའི་ནུབ་ངོས་སུ་ལུང་པ་དེའི་མིང་མུ་ལང་ཞེས་བརྗོད་ཅིང་ལུང་པ་དེ་ཕུ་ལ་བྲག་རི་དཀར་པོ་རི་རྒྱུད་ཤར་དུ་ཡོད་པ། རི་རྒྱུད་དེའི་བྲག་རི་དཀར་པོ་གཅིག་ལ་སངས་རྒྱས་སྟོང་སྐུ་ཞེས་བརྗོད་དང་བྲག་རི་དེའི་སྐེད་པར་སངས་རྒྱས་སྟོང་སྐུའི་ཕུག་པ་ཞེས་པ་ཞིག་ཡོད། དེ་ནི་ཤོད་སྲོལ་ལྟར་ན། སྔོན་གྱི་དུས་སུ་ཁྱི་ར་བ་ཁག་གཅིག་དེར་ཕྱིན་ཏེ་ཤ་ཁྱི་མངགས་ཏེ་རི་དྭགས་གནའ་བ་དེད་སྐབས་གནའ་བ་རྣམས་བྲག་གི་གསེང་དུ་བོར་བའམ་ཐིམ་ཞིང་། ཤ་ཁྱི་དེ་ཕུག་པའི་སྒོ་ལ་ཉལ་ནས་སྡད་ཡོད་པར་ཁྱི་ར་བ་རྣམས་དེར་སླེབས་ཏེ་ཕུག་པའི་ནང་དུ་བལྟས་པ། ཕུག་པའི་ནང་ཐམས་ཅད་ལ་ལྷ་སྐུའི་ཁེངས་ཡོད་པ་དང་། བྲག་ངོས་སུ་གནའ་བའི་རྐང་རྗེས་གསལ་ལམ་མེར་དོད་ནས་ཡོད་པ་མཐོང་བས། ཁྱི་ར་བ་ཚོས་ངོ་མཚར་མཐོང་ཞིང་སྐྲག་སྣང་དང་བཅས་ཕྱིར་ལོག་ཅིང་ནང་མི་རྣམས་ལ་དེ་ལྟར་བཤད་པས། ཕྱིར་ཉིན་མི་རྣམས་དེར་ཡོང་ནས་བལྟ་སྐབས་བྲག་ངོས་སུ་གནའ་བའི་རྗེས་དེ་སྡད་ཡོད་པ་ལས། ཕུག་པའི་ནང་དུ་ཤེལ་གྱི་ཀ་བ་གཅིག་དང་ཤེལ་གྱི་ཆུ་ཏིང་བདུན་ཚར་ཞིག་མ་གཏོགས་ལྷ་སྐུ་རྣམས་མཐོང་རྒྱུ་མེད་པར་གྱུར་ཡོད་པའི་ཤོད་སྲོལ་ཡོད། ཡང་ཐེངས་གཅིག་ལ་ཁྱི་ར་བའི་རྐྱང་དེད་པས་རྐྱང་ཐམས་བཅད་བྲག་གཡང་དེར་མཆོངས་ཏེ་ཤི་བ་དང་། ཁྱི་ར་བའི་ནང་ཚང་ལ་བར་ཆད་དང་གོད་ཆག་ཆེན་པོ་བྱུང་བའི་ཤོད་སྲོལ་ཡོད། དེ་ལྟར་བྲག་རི་དེར་བཀའ་གཉན་པར་ཕྱིས་སུ་ཁྱི་ར་བས་རི་དྭགས་རྒྱག་མི་ཕོད་པ་ཞིག་ཏུ་གྱུར་ཡོད། ཕྱིས་སུ་ལྡོང་པོ་དགོན་པའི་བླ་ཚབ་མཇུག་ཤོས་དེ་བཀྲ་ཤིས་སྟོབས་རྒྱས་ཟེར་བ་ཡིན། ཁོང་གི་ཕུགས་ལྷ་གསོལ་ས་རི་དེ་བྱེད་ཀྱིན་ཡོད་པ་དང་དེའང་ལོ་ལྟར་ཟླ་བ་དང་པོའི་ཚེས་བཅོ་ལྔ་ལ་གསོལ་གྱི་ཡོད་པས་སངས་རྒྱས་སྟོང་སྐུའི་བྲག་ཕུག་ནང་གི་ཤེལ་གྱི་ཀ་བ་དང་ཤེལ་གྱི་ཆུ་ཏིང་བདུན་ཚར་རྣམས་མཇལ་བྱུང་ཟེར་བ་དང་། རིག་གསར་རྗེས་སུ་ཟླ་བ་དང་པོའི་ཚེས་བཅོ་ལྔ་ལ་མཇལ་རྒྱུ་ཡོད་པའི་ཚུལ་ནི་ལྡོང་པོ་པདྨ་ཚུལ་ཁྲིམས་སོགས་མི་ཚད་ལྡན་འགའ་ཡི་དངོས་སུ་དེ་ལྟར་མཐོང་མྱོང་ཡོད་པ་ནི་དོན་དངོས་ཞིག་རེད། གོང་དུ་དར་སྒམ་གྱི་མཁར་གོག་ཡོད་སའི་ལུང་པ་དེར་མུ་ལང་ཞེས་འབོད་པས། ཁྱུང་རབས་ཁག་ལས། སྟོང་རྒྱུང་རིང་མོ་ལ་སྲས་གསུམ་ཡོད་པས། ཆེ་བ་དེས་ནི་ང་ནི་ཕ་མུ་ནས་ལངས་ནས་འགྲོ་བ་ཡིན་སྟོད་ཕྱོགས་སུ་བྱོན་པ། ཁྱུང་སྒོམ་མུ་ལངས་ཞེས་གྲགས་སོ། ཞེས་འཁོད་མོད་དོན་དུ་ཁྱུང་པོ་མུ་ལང་འབྲེལ་བའི་དཔྱད་གཞིའི་བྱས་ན་མི་ཆོག་པ་མེད་སྙམ་པ་ཡིན། དེ་ནས་ང་ཚོ་ཕྱི་རྗེས་སུ་རིམ་པར་ལོག་ཅིང་གོང་གི་་གནའ་ཤུལ་དེ་སྐྱར་དུ་ལྟ་བཞིན་ཡོང་། དེ་ལྟར་གོང་གི་ཧ་ལ་ལུང་པར་མཁར་གོག་གཉིས་དང་དར་སྒམ་མཁར་གོག་བཅས་གནའ་ཉམས་དོད་པའི་མཁར་གོག་གསུམ་ཡོད་ཅིང་མཁར་གོག་སོ་སོའི་གཤམ་དུ་དགོན་པ་དང་མཆོད་རྟེན་ཞིག་ཤུལ་མང་པོ་འདུག དེ་ནས་གདོང་པོ་ཡུལ་པའི་ཕྱོགས་སུ་སོང་ཞིང་ལམ་བར་དུ་དམུ་ཡུ་བཅུ་དཔོན་མཁར་གོག་དང་བྲུས་ཕུག་མང་ཙམ་འདུག
ལྡོང་པོ་དམུ་ཡུ་བཅུ་དཔོན་གྱི་བྲུས་མཁར།
ལྡོང་པོ་ཧ་ལའི་ལྷོ་རྒྱབ་དུ་ཡོད་པའི་བྲག་རྡོ་སྤུན་གསུམ།
ལྷོ་ངོས་ཀྱི་གངས་བརྒྱུད་དེ་ཧི་ལའི་རི་བརྒྱུད་ཡིན། ཁང་པ་ཡོད་སའི་གྲོང་ཚོ་དེ་ནི་ལྡོང་པོ་ཡུལ་ཐོ་ལོ་དཔའ་བླའི་མཁར་དང་། བླ་མ་ཤེས་རབ་དཔལ་བཟང་གི་མཁར་རམ་དགོན་པ། ལྡོང་པོ་མདུང་རྩེ་རབ་བརྟན་དགོན་གསར་རྙིང་གཉིས་གསུམ་ཀ། བཀའ་གཉན་པའི་བླ་རྡོ་ཕ་བོང་གསུམ་པོ་སོགས་གནས་འདིར་ཡོད།
ལྡོང་པོ་ཡུལ་ཐོ་ལོ་དཔའ་བླའི་མཁར།
དེ་ནས་ནུབ་ཏུ་གདོང་པོ་ཡུལ་ཞེས་དེང་སང་གདོང་པོ་གྲོང་ཚོའི་ལས་སྒྲུབ་གཉིས་ཀྱི་གྲོང་ཡོད་སར་དེར་སླེབས་ཤིང་དེར་གདོང་པོ་དཔའ་བླའི་མཁར་གོག་ཡོད། དཔྱད་ན་ཐོ་ལོ་དཔའ་བླ་ཟེར་པ་དེ་དམག་དཔོན་ཞིག་ཡིན་པར་སྙམ། ཤོད་སྲོལ་དུ། ཐོ་ལོ་དཔལ་བླ་ཞེས་པ་དེ་རྒས་པའི་སྐབས་སུ་ཐོ་ལོའི་མཁར་གྱི་བྱང་ཤར་གྱི་རི་དེ་མཐོ་བས་སྔ་དྲོར་ཉི་མ་ཕྱི་བོ་ལས་མི་ཤར་སྟབས། འཁོར་གཡོག་རྣམས་བསྡུས་ཏེ་མདུན་རི་དེ་གཤེགས་ཏེ་སྤོ་དགོས་བའི་བཀས་བཅད་ཅིང་། འཁོར་གཡོག་ཚོས་ཉི་མ་མང་པོར་རི་དེ་གཤེགས་ཤིང་སྤོས་བའི་ལས་ཀ་བརྩམས་ཀྱང་། རི་བོ་སྤོ་ཐུབ་ཐབས་སུ་བྲལ་ཞིང་དཀའ་ལས་ཁག་པའི་སྐབས་སུ། བྱིས་སྦ་རྒྱབ་ཏུ་ཁུར་ཞིང་རང་འཐག་སྐོར་མཁན་གྱི་རྒན་མོ་ཞིག་གིས། བྱི་བའི་གཉིད་བསྐུལ་གྱི་གླུ་ལེན་པའམ་ཨར་གླུ་ལྟ་བུའི་མདངས་དང་མཉམ་དུ། ཇི་སྐད་དུ། རི་མགོ་སྐམ་པོ་རྡར་བ་ལས། མི་མགོ་སློན་པ་འབོག་པ་ཁེ། (ཡང་ན། རི་མགོ་ཐང་ལ་རྡར་བ་ལས། མི་མགོ་ཐང་ལ་རྡར་བ་ཁེ།) ཞེས་བློ་ཁོག་ཆེན་པོས་དབྱངས་བླང་པར་མི་རྣམས་ཀྱི་རྣ་བར་དེ་ཐོས་པ་དང་ཆབ་གཅིག་ཏུ་ཐབས་ཤེས་ཀྱི་བློ་རྙེད་པས། ཤིན་ཏུ་དཀའ་ལས་ཀྱི་མང་པོ་མྱང་སྟབས་མ་གྲོས་གཅིག་མཐུན་གྱིས་ཐོ་ལོ་དཔའ་བླ་མདའ་རྒྱབ་སྟེ་བསད་ཡོད་པའི་ཤོད་སྲོལ་འདུག ད་ལྟ་ཐོ་ལོ་མཁར་གོག་གི་བྱང་ཤར་རི་ལྡེབས་དེར་རི་སྦོས་རྗེས་ལྟ་བུའི་ས་བྲུས་ཤུལ་ཡང་དངོས་སུ་གསལ་པོ་སྡད་འདུག །
ལྡོང་པོ་མདུང་རྩེ་རབ་བརྟན་དགོན་ཤུལ།
ལྡོང་པོ་མདུང་རྩེ་རབ་བརྟན་དགོན་ཤུལ། དེ་ནས་མར་ཙམ་དུ་ལྡོང་པོ་རབ་བརྟན་དགོན་རྙིང་པའི་ཤུལ་དང་། ད་ལྟའི་ལྡོང་པོ་དགོན་པ་གསར་པ། ས་ཕུག་དང་ཁང་རོ་མང་པོ་ཡོད་ས་དེར་སླེབས།
བླ་མ་ཤེས་རབ་དཔལ་བཟང་གི་དགོན་པའམ་མཁར་ཤུལ།
དགོན་པ་ཡོད་པའི་ལུང་པ་དེའི་གཤམ་དུ་བྲག་རྡོ་དམར་སྨུག་ཆེན་པོ་ཞིག་གི་ཐོག་ཏུ་ཁང་པ་བརྩེགས་ཤུལ་དང་དེའི་གཡས་གཡོན་དུ་བརྩེགས་ཤུལ་འགའ་ཞིག་ཡོད་པ། དེ་ནི་མདུང་རྩེ་རབ་བརྟན་གླིང་ཞེས་མཁར་གོག་ཅིག་འདུག་པར་དེ་ནི་ཡུལ་འདིའི་རྒན་རབས་ཚོས་ཤོད་སྲོལ་ལྟར་ན། མཁར་གོག་འདི་ནི་སྔོན་སྲིད་པ་ཆགས་པའི་སྐབས་སུ་བླ་མ་ཤེས་རབ་དཔལ་བཟང་ཞེས་པའི་གདན་སའམ་སྒྲུབ་གནས་ཡིན་ཞིང་བླ་མ་དེ་ཧ་ཅང་རྩ་ཆེན་པོ་ཡིན་པ་དང་། བླ་མ་དང་དགོན་པ་འདི་བཞེངས་མཁན་གྱི་སྦྱིན་བདག་ནི་རུས་པ་ཨུ་རུ་ཡིན་པའི་མགོ་བོ་དང་རྣ་ཆོ་སོགས་ཆེ་བའི་ཁ་སྤུ་སེར་པོ་མང་བའི་མི་རྒྱ་བོ་ཡིན་པའི་ཕྱུག་བདག་ཞིག་ཡོད་པ་དང་། ངན་མིང་དུ་ཨུ་རུ་ཁ་སེར་ཞེས་འབོད་པར་གྲགས། དེ་ལྟར་ཁོང་གི་བསྟན་པ་དར་ཞིང་རྒྱས་པའི་སྒང་ལ་བླ་མ་ཤེས་རབ་དཔལ་བཟང་ནི་ཆོས་གྲུབ་མཐའི་རྩོད་པ་བྱུང་བའམ་འགའ་རྐྱེན་གང་ཡིན་གསལ་པོ་མི་མོད། སྤུ་རོང་གི་རྒྱལ་པོས་གཙོན་ཁང་དུ་བཅུག་ཅིང་སྒོ་བསྡམ་ཞིང་བཞག་པས། བླ་མ་དེ་ནི་གྲུབ་པའི་རྟགས་དང་ལྡན་པས་ག་སོང་ཆ་མེད་དུ་གྱུར་ཞིང་། ཉི་མ་དེའི་ཉིན་དུ་ས་ཐག་རིང་བའི་བོད་མདོ་དབུས་ཀྱི་ས་ཆ་གང་ཡིན་མི་ཤེས་པའི་གཡུང་དྲུང་གླིང་ཞེས་འབོད་པའི་དགོན་པར་ཕེབས་གྲུབ་ཅིང་དབང་ལུང་གནང་བཞིན་བཞུགས་ཡོད་པར་བཤད། གཡུང་དྲུང་གླིང་ཞེས་པའི་དགོན་པ་ནི་ས་ཆ་ཐག་རིང་ཞིག་ཏུ་ཡིན་པ་ལས་མིང་ཞིག་འབོད་པ་མ་གཏོགས་ས་ཆ་དང་ཡུལ་གང་ལ་ཡིན་མིན་ཁོ་ཚོས་རྒྱུས་མངའ་གཅིག་མེད་ལ། གཡུང་དྲུང་གླིང་ཞེས་འབོད་ལུགས་ལྟར་ན་བོན་པོའི་དགོན་པ་ཞིག་ཡིད་ངེས་སྙམ། ཞེས་དང་། གདོང་པོ་རབ་བརྟན་དགོན་ཞེས་པ་ཐོག་མར་འདིར་ཆགས་པ་དང་། དེ་ནས་དེའི་ལྟག་གི་གདོང་ལ་སྤོས་པ་དང་། དེ་ནས་རིག་གསར་རྗེས་སུ་དེའི་ལྷོ་ངོས་ཀྱི་འབུར་སྟེང་ལ་བཞེངས་པ་རེད། ཅེས་སོགས་བརྗོད་བཞིན་འདུག དེ་ནི་ཁྱུང་རབས་ཁག་གི་ནང་ནས། ཁྱུང་པོ་ཤེས་རབ་དཔལ་བཟང་པོ་ནི། སྟོང་རྒྱུང་རིང་མོ་མཆེད་ཡ་རྒྱ་སྟག་གི་སྲས་པོ་ཡིན་པས་དེའི་གདན་ས་ཡིན་པ་ནི་སྨོས་ཅི་དགོས། དེ་བཞིན་ཁྱུང་པོ་མུ་ལང་ཡབ་སྲས་མདོ་ཁམས་བྲོས་པའི་སྐབས་སུ་ཁྱུང་རབས་ཁག་ལས། ཨུ་རི་དང་ཨ་འཚོ་ཡག་བཞེར་རྒྱ། ཁྱུང་ཐོ་ལོ་ནག་ན་མུ་ལང་ཡབ་སྲས་ལ་མགོ་བཏག་ནས། མི་ཉན་ན་གཡོག་བྱེད་ཁྱི་ཉན་ན་སྒོ་ཁྱི་བྱེད་པའི་ཁའི་བླངས། ཞེས་འཁོད་པ་ལྟར་གོང་དུ་རྒན་རབས་ཚོས་བཤད་པ་ལྟར། ཐོ་ལོ་དཔའ་བླའི་མཁར་དང་། ཤེས་རབ་དཔལ་བཟང་པོའི་སྦྱིན་བདག་ཨུ་རི་སོགས་ནི་ལོ་རྒྱུས་གཉིས་པོ་ཕན་ཚུན་དོན་དངོས་ཐོག་ཏུ་ར་སྤྲོད་བྱེད་ནུས་པར་སྙམ།
བླ་མ་ཤེས་རབ་དཔལ་བཟང་གི་མཁར་ཤུལ་གྱི་རྒྱབ་ངོས་སུ་ཡོད་པའི་ཞིང་ཁ་སོགས་ཆུ་འདྲེན་བྱེད་ཀྱི་ཆུ་ཡུར།
མཁར་གོག་དེའི་རི་ལྡེབས་སུ་ཞིང་ཁར་ཆུ་འདྲེན་བྱེད་ནི་རི་དེའི་དཀྱིལ་ནས་ཡུར་ཁ་དྲངས་འདུག་ཅིང་། དེར་ཕ་བོང་དམར་སྨུག་བྱུག་བྱུག་ཆེན་པོ་གཅིག་དང་། ཡང་དེའི་ལྷོ་ངོས་རི་ལྡེབས་སུ་ཕ་བོང་དམར་སྨུག་ཆེན་པོ་ཞིག་འདུག་པས་དེ་གཉིས་ནི་བཀའ་པོར་བརྩི་བཞིན་འདུག གདོང་པོ་ཡུལ་དུ་བཀའ་གཉན་པོར་བརྩི་བའི་ཕ་བོང་ཆེན་པོ་དེ་གསུམ་དང་གོང་འབའ་ལུའི་བླ་རྡོ་ནི། ཇི་སྐད་དུ། རིན་ཆེན་བླ་རྡོ་ཕ་བོང་རེ་རེ་བསྲིད། ཅེས་པའི་གཏན་ཚིག་དེ་མིན་ནམ་སྙམ་པ་ཡིད་ལ་མི་ཤར་ག་ལ་སྲིད།
བླ་མ་ཤེས་རབ་དཔལ་བཟང་གི་མཁར་ཤུལ་གྱི་ཤར་སོང་སུ་ཡོད་པའི་ཕ་བོང་བཀའ་གཉན་པོའམ་བླ་རྡོ།
ལྡོང་པོ་ཡུལ་པའི་རྒྱབ་ཏུ་ཡོད་པའི་ཕ་བོང་བཀའ་གཉན་པོའམ་བླ་རྡོ།
ལྡོང་པོ་ཡུལ་པའི་རི་གཤམ་དུ་ཡོད་པའི་ཕ་བོང་བཀའ་གཉན་པོའམ་བླ་རྡོ། དེ་བཞིན་ཡུལ་པ་འདིའི་གཡས་གཡོན་གང་སར་གནའ་བོའི་ཕུག་པ་དང་བརྩེགས་ཤུལ་རྒྱ་ཆེན་འདུག དེ་བཞིན་རྒན་རབས་ཚོའི་ཤོད་རྒྱུན་དུ། ཡུལ་འདིར་སྔོན་གྱི་སྲིད་པ་ཆགས་པའི་དུས་སུ་ཁྱུང་པོ་དང་སྙ་ཡིས་རུས་བརྒྱུད་ཀྱིས་དབང་བསྒྱུར་བྱས་པ་དང་། ཡུལ་འདིར་ལྷ་ཁང་དང་མཆོད་རྟེན་གྱི་བརྩེགས་ཤུལ་རྒྱ་ཆེན་ཡོད་པས། གནའ་བོའི་དུས་ན་བཟུང་ཡུལ་འདིའི་མི་རྣམས་ནི་སངས་རྒྱས་ཀྱི་བསྟན་པར་ཧ་ཅང་མོས་ཤིང་རྒྱ་ཆེན་དར་ཞིང་རྒྱས་པའི་ཡུལ་ཁམས་ཤིག་ཡིན་པ་རང་བཞིན་ཤུགས་ནས་རྟོགས་ཐུབ་པ་ཡོད། ཅེས་བརྗོད་བཞིན་འདུག དེ་ལྟར་ལྡོང་པོ་ཡུལ་པའི་བྱང་རྒྱབ་ཏུ་ཕ་བོང་སྔོ་ནག་ཧ་ཅང་ཆེན་པོ་ཞིག་ཡོད་དེར་བཀའ་གཉན་པོ་བརྩི་བ་དང་། དེའི་བྱང་ཤར་དུ་སྟག་ལུང་བྲུས་ཕུག་དང་། དེའི་རྒྱབ་ཏུ་བུམ་པ་ལུང་ངམ་འམ་ག་གོང་འོག་ཞེས་ལུང་ཆུང་ཕར་རི་ཚུར་རི་ལ་བྲུས་དང་ས་འོག་གི་ཕུག་ལམ་ཡོད་ཅིང་། ཕུག་པ་འགའ་ཞིག་འཛུལ་ན་རི་བོ་རྩེར་ཐོན་པ་དང་། གཅིག་ནི་ཐད་ཀར་གླང་ཆེན་གཙང་པོའི་འགྲམ་དུ་ཐོན་ཡོད་པར་བཤད། དེ་ནི་གནའ་བོའི་སྐབས་དམག་ཟོན་བྱེད་ཚུལ་བཙན་རྫོང་ཞིག་ཡིན། མདོར་ན་ངོ་མཚར་གྱི་བྲུས་ཕུག་ཡ་མཚན་ཅན་དེ་ཚོ་ནི་གནའ་བོའི་དུས་སུ་མི་བསྡད་རྗེས་ཡིན་པ་མ་ཟད་བཙན་རྫོང་ཞིག་ཡིན་པས་གནའ་བོའི་དུས་ཀྱི་དཔོན་རིགས་ཀྱི་སྡོད་ས་ཡིན་པར་ངེས།
མེས་ཇོ་ཆེན་དབྱར་ཁར་སྡོད་ས་ངོ་མཚར་ཅན་གྱི་ཀང་ཙེ་རི་བོ།
ལྡོང་པོའི་ཡུལ་ཀྱི་ཡུལ་ལྷ་གཙོ་བོ་ནི་མེས་ཇོ་ཆེན་ཡིད་བཞིན་ནོར་བུ་ཟེར་བ་དང་། ཡུལ་ལྷ་དེ་དབྱར་ཁར་སྡོད་ས་ལྡོང་པོ་རི་བོ་ཀང་ཙེ་ཞེས་པ་དེར་དང་། སྟོན་ཁར་ལྡོང་པོ་རི་བོ་རྩེ་བཞི་དམར་པོ་དང་། དགུན་ཁར་མདོ་སྨད་གནས་ཆེན་རོང་བཙན་ཁ་བ་དཀར་པོ་དང་། དཔྱིད་ཀར་ལྡོང་པོ་ཡུལ་པའི་ན་གོ་ཞེས་པའི་ས་ཆར་སྡོད་ཀྱིན་ཡོད་པའི་ཤོད་རྒྱུན་འདུག གོང་གི་མེས་ཇོ་ཆེན་དབྱར་ཁར་སྡོད་སའི་ཀང་ཙེ་ཞེས་ལྡོང་པོ་ཡུལ་གྱི་ལྷོ་ཕྱོགས་སུ་རྫ་རི་དང་བྲག་རི་དཀར་པོ་དང་དམར་པོ་ཡོད་པའི་རི་རྒྱུད་དེར་བྲག་རི་དམར་པོའི་ཐོག་ཏུ་བྲག་རི་དཀར་པོ་སྤུངས་ཤིང་བཞག་པ་ལྟ་བུའི་བྲག་རི་རྩེ་རྒྱལ་ཡ་མཚན་ཅན་ཞིག་ཡོད་པ་དེ་ཡིན། བྲག་རི་དཀར་པོའི་རྩེ་མོ་འགྲོ་དགོས་ཚེ་བྲག་དེའི་ཤར་ངོས་སུ་བྲག་དཀར་དམར་འདྲེས་མཚམས་སུ་ཕུག་པ་ཞིག་ཡོད་པས། དེའི་ནང་དུ་འཛུལ་ནས་བྲག་དཀར་པོའི་རྩེ་མོ་མ་སླེབས་ནས་ཙམ་ན་ཐོན་ཞིང་ཕུག་པ་དེའི་ནང་དུ་མར་གྱི་ཡར་དགའ་མང་པོ་རྒྱན་ཡོད་པས། མར་གྱི་ཡར་དགའ་དེ་དུད་འགྲོ་སེམས་ནུ་མ་རྨས་པ་སོགས་རྨ་གཉན་ལ་ཧ་ཅང་ཕན་པོ་ཡོད་ཟེར། བྲག་རི་དཀར་པོའི་དེའི་སྐེད་ལ་མི་འགྲོ་མི་ཐུབ་པའི་ཕུག་པ་ཞིག་ཡོད་ཅིང་ཕུག་པའི་བྲག་བར་དུ་ཤིང་རྒྱུག་པ་གྲུ་བཞི་ཞིག་ཐད་དུ་བཞག་ཡོད་པ་དང་དེའི་གཤམ་དུ་རི་དྭགས་གནའ་བའི་མགོ་བོ་རྭ་ཅོ་དང་བཅས་པ་ཞིག་ཀྱང་བཞག་ཡོད། ཕུག་པ་དེར་མི་ཐར་ཐབས་མེད་ཅིང་ཤིང་རྒྱུག་དེ་འབའ་ལུའི་གཡང་རྒྱུག་ཅེས་ཟེར་ཞིང་། གནའ་མགོ་དེར་གནའ་བོའི་བཙན་རྭ་ཟེར་ཞིང་ཁྲ་རྒོད་དགུང་ལྡིང་བ་ལྟ་བུར་ཡོད་ཟེར། བྲག་དེའི་གཤམ་དུ་བྱ་སྐྱིབས་ཤིག་ཡོད་པ་དེར་ལྷ་གསོལ་གཏོང་སྐབས་སུ་མཆོད་མེ་འབུལ་སའི་རྡོ་ཡི་རྐང་བུ་སོགས་མཆོད་པ་འབུལ་ས་ཡོད། དེའི་གཤམ་གྱི་བྲག་དམར་པོ་བྱུག་བྱུག་ཅིག་ཡོད་པ་དེའི་ངོས་སུ་ཕ་བོང་དཀར་པོ་ཆུང་ཆུང་སྒོ་ང་ལྟ་བུ་ཞིག་ཡོད་པ་དེ་ནི་ཇོ་ཆེན་གཡང་རྡོ་ཞེས་ཟེར། དེའི་རི་གཤམ་གྱི་བྲག་ངོས་སུ་ཆུ་མིག་གཉིས་ཡོད་པ་དང་། ཆུ་མིག་གཅིག་དེས་རྐང་པར་ཕན་པ་དང་གཅིག་དེས་ཕོ་བར་ཕན་པའི་ཆུ་མིག་ཡིན་ཞེས་བཤད། ཀང་ཙེ་ཞེས་པའི་རི་བོ་དེ་ཡུལ་ལྷ་ཡིན་པ་མ་ཟད། ཡུལ་ལྷ་ལ་བསྐོར་བ་མི་འཐོབ་མོད་འདི་གནས་རི་ཡིན་པར་བཤད་ཅིང་། སྔར་ན་ད་བར་དུ་བསྐོར་བ་འགྲོ་མཁན་ཡོད་པ་དང་དེའང་ནང་སྐོར་དང་ཕྱི་སྐོར་གཉིས་སུ་དབྱེ་རྒྱུ་ཡོད། ལྡོང་པོ་ཚོ་པས་ལོ་ལྟར་ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ཉིན་དེར་གསོལ་གྱིན་ཡོད་ཅིང་ལྷ་གསོལ་གྲ་རྒྱས་པོ་གཏོང་སྲོལ་ཡོད་པ་ནི་ད་ལྟའི་བར་དུ་མ་ཉམས་པར་གནས་ཡོད། ལྡོང་པོ་ལུང་པ་འདིར་ལུང་པ་གཞན་དང་ཅུང་མི་འདྲ་བར་དུད་འགྲོ་སེམས་ཅན་སོགས་དམིགས་གསལ་ཡག་པོ་ཡོད་པ་ནི། གོང་གི་གཡང་རྒྱུག་དང་། གཡང་རྡོ་དཀར་པོ་སོགས་ཀྱིས་བྱས་ཤིང་གཡང་ཆེན་པོ་ཡོད་པའི་ལུང་པ་ཡིན་ཟེར།
ཀོང་ཙེ་རི་བོ་ངོས་ཀྱི་ཕུག་པའི་ནང་དུ་ཡོད་པའི་འབའ་ལུའི་གཡང་རྒྱུག་ཅེས་ཕུག་པའི་ནང་དུ་མི་འགྲོ་ཐབས་མེད་པའི་ཡ་མཚན་གྱི་ཤིང་རྒྱུག་ཕུག་པའི་བར་དུ་རྒྱུག་ཡོད།
ཇོ་བོ་ཀང་ཙེའི་བླ་རྡོའམ་གཡང་རྡོ་ཕ་བོང་ཆུང་ཆུང་སྒོ་ང་འདྲ་བོ།
ལྡོང་པོ་བདེ་འགོའི་གནའ་བོའི་བང་སོ་ཐོ་བོ། ཐོ་བོ་ནག་རིང་ཞེས་པ་ཞིག་ཡོད་པ་དེ་ནི་རུས་རྒྱུད་རྩ་ཆེན་གྱི་བང་སོ་བཏབ་རྗེས་ཡིན་པར་བཤད། ཡིན་ནའང་ད་ལྟ་ཡུལ་འདིར་རུས་རྒྱུད་རྩ་ཆེ་ཆུང་ཅེས་རྩི་སྲོལ་མེད་པས་སྲིད་པ་ཆགས་པའི་སྐབས་སུ་དེ་ལྟར་བྱུང་ཡོད་པར་འདུག་ཅེས་རྒན་རབས་ཚོས་བཤད་པ་དེར་ཁོ་ཚོས་ཡ་མཚན་སྐྱེ་བཞིན་འདུག རྒན་རབས་ཚོས་དེ་ཚོའི་ལོ་རྒྱུས་ནི་སྔོན་གྱི་སྲིད་པའི་སྐབས་སུ་ཞེས་ཁ་རྒྱུན་ཆགས་འདུག དེ་བཞིན་བདེ་འགོ་ཞེས་པའི་ས་ཆར་གནའ་བོའི་བང་སོ་ཡིན་ངེས་པའི་རྡོ་རིང་འགའ་ཤས་འདུག དེ་ནས་མར་རྩ་མདའ་འགྲོ་བའི་ལམ་དུ་རྒྱུང་འགུལ་ཡེ་རྩེ་མཁར་ཞེས་བྲག་རྡོ་སྟེང་དུ་རྡོ་བརྩེགས་མཁར་ཤུལ་ཡ་མཚན་ཅན་དང་། དེ་ནས་མདའ་བ་ཤང་དུ་ཞང་ཞུང་མཁར་གྱི་ནང་ཚན་ཁ་ཡུག་འདམ་མཁར་ཞེས་པའི་མཁར་ཁུལ་རྒྱ་ཆེན་དེར་ཐུག་ཡོད། དེ་ལྟར་གོང་དུ་བཤད་པའི་ལྡོང་པོ་ཡུལ་གྱི་སྟག་ལུང་དང་བུམ་པ་རིའི་གནའ་བོའི་བྲུས་ཕུག་གི་མཁར་ཤུལ་དང་། ལྡོང་པོ་དར་སྒམ་གྱི་ཤར་མོན་འཚེར་གྱི་ས་ཁོངས་སུ་ཡོད་པའི་རྒྱང་མཁར་རྩེ་ཞེས་པའི་བྲུས་ཕུག་གོ་མཁར་ཤུལ་དང་། དེའི་ཤར་དུ་ཁྱུང་ལུང་གྲོང་ཚོར་ཡོད་ཁྱུང་ལུང་དགའ་ལྡན་ལྷ་རྩེ་དགོན་པའི་ཆགས་སའི་བྲུས་ཕུག་གི་མཁར་གོག་བཅས་གསུམ་ནི་ཕར་ལྟས་ཚོད་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཆ་འདྲ་པོ་འདུག་ཅིང་ངོ་མཚར་ཅན་གྱི་གནའ་ཤུལ་དེ་རྣམས་ནི། ཇི་སྐད་དུ། མ་བརྩེགས་རིན་ཆེན་མཛེས་པའི་སྐུ་མཁར་རེ་རེ་སྲིད། ཅེས་པའི་གཏན་ཚིག་ལྟར་དེ་མིན་ནམ་སྙམ་པར་འདུག་ཅིང་། དེ་ལྟར་བརྩེགས་པའི་མཁར་ནི་རྡོ་དང་གྱང་སོགས་བརྩེགས་པའི་མཁར་དང་། མ་བརྩེགས་པའི་མཁར་ནི། ཐག་མ་དང་ཀོ་བས་བྱས་པའི་སྦྲ་དང་གུར། རང་བྱུང་ཕུག་པ་དང་བྲུས་ཕུག་བཅས་ཀྱི་ཕོ་བྲང་ངམ་མཁར་ལ་གོ་དགོས་པ་ཡིན་ནོ།།
སྟག་ལུང་དང་བུམ་པ་རིའི་དཔའ་བོའི་མཁར་གོག་གི་ས་འོག་ཕུག་ལམ། ཀླུ་ཁང་ཕུག་པ།
མདའ་བ་ཤང་དུ་ཡོད་པའི་མདའ་བ་མཁར་རམ་ཞང་ཞུང་ཁ་ཡག་འདམ་མཁར།
1 ༡ མ་ནམ་མཁར་གོག ༢ ཁྱུང་ལུང་དགའ་ལྡན་ལྷ་རྩེའི་བྲུས་མཁར། ༣ ལྡོང་པོ་དཔལ་བླ་མཁར་གོག ༤ ཁྱུང་ལུང་མཁར་སྔོན་མཁར་གོག
2 མོན་འཚེར་རྒྱང་མཁར་རྩེ་ལ་པེ་ཅིང་ཚན་རིག་ཁང་གླིང་གི་གནའ་ཤུལ་སྔོག་འདོན་ཞིབ་འཇུག་ཆེད་མཁས་པ་ཐུང་ཐོའོ་དང་མཉམ་དུ།
མོན་འཚེར་རྒྱང་མཁར་རྩེའི་བྲུས་མཁར།མོན་འཚེར་རྒྱང་མཁར་རྩེའི་བྲུས་མཁར། དེ་ལྟར་ལྡོང་པོར་ད་ལྟའི་རྒན་རབས་ཚོས་ཤོད་བཞིན་པའི་སྐད་ཆ་འདི་དག་གི་ལོ་རྒྱུས་དང་དུས་རབས་ག་དུས་སྐབས་སུ་ཡིན་ནམ་ཞེས་དྲིས་ཚེ། ཁོ་ཚོས་གསལ་པོ་ཧ་མི་གོ་ཞིང་། ཁོ་ཚོའི་མྱེས་དང་ཕ་མའི་སྐབས་སུ་ཁོ་ཚོ་ལ་བཤད་པ་ལྟར་ན། འདི་ཚོ་སྔོན་གྱི་སྲིད་པའི་སྐབས་སམ་སྲིད་པ་ཆགས་པའི་དུས་སུ་ཞེས་བརྗོད་པ་དང་། ད་ལྟ་ལོ་རྒྱུས་ཇི་བཞིན་བཤད་མི་ཐུབ་ཅིང་གལ་སྲིད་བཤད་པའི་དབང་དུ་གཏོངས་ཡང་ཁྱེད་ཚོས་ཧ་གོ་གི་མ་རེད་གསུངས་ཤིང་། ཁོ་ཚོའི་མེས་པོ་ཚོས་སྐད་ཆ་ཚང་མ་གསང་བ་ལྟར་བྱེད་ཅིང་ཇི་བཞིན་ཤོད་ཀྱི་མི་འདུག་ཅེས། བརྗོད་བཞིན་འདུག ཡིན་ནའང་མེས་པོ་ཚོས་བཤད་པའི་སྔོན་གྱི་སྲིད་པའི་དུས་སུ་ཞེས་ཁོ་ཚོས་ལོ་ངོ་ཧ་ཅང་རིང་པོ་སོང་ཚར་བའི་སྐད་ཆ་ལབ་སྟངས་ཤིག་ཡིན་ངེས། དེ་ལྟར་ཁྱུང་པོའི་གདན་ས་དང་ཐོག་ནི་ཞང་ཞུང་ཁ་ཡུག་མེ་ཏོག་མཛེས་པའི་གླིང་དུ་ལྷ་རི་ལྷ་རྩེ་ལྷ་མཁར་ལ་ཡིན་པ་མ་ཟད། ཕྱིས་སུ་ཁྱུང་པོ་སྤུངས་སད་ཟུར་ཙེའི་བརྒྱུད་པ་ནི་ཞང་ཞུང་ཡུལ་གྱི་ཁོས་དཔོན་ནམ་ལིག་གཉའ་འམ་སྙ་ཤུར་གྱི་གོ་གནས་ཡོད་པའི་ཞང་ཞུང་རྒྱལ་ཕྲན་ཞིག་རྗེ་བོ་དང་། དབང་བསྒྱུར་ཡུལ་ལྟེ་བའི་མཁར་ནི་ཞང་ཞུང་ཁ་ཡུག་གི་ཡུལ་དབུས་ཁྱུང་ལུང་དངུལ་མཁར་དང་འབྲེལ་བའི་ཁྱུང་པོའི་གདན་ས་ཁག་ཡིན། མ་ཟད་ཁྱུང་ལུང་དངུལ་མཁར་ནི་ཞང་ཞུང་རྗེ་བོ་ལིག་མི་སྐུ་བཀྲོངས་ཤིང་མཁར་ཁྱུང་ལུང་དངུལ་མེ་སྲེག་བཏང་ཞིང་ཉམས་ཆགས་ཕྱིན་པར་བཤད་མོད། ཕྱིས་སུ་ཁྱུང་པོ་སྟོང་རྒྱུང་རིང་མོ་ཁྱུང་ལུང་དངུལ་མཁར་ནས་བྲོས་པའི་ཚུལ་དང་། ཟླ་བའི་རིགས་ཀྱི་རྒྱལ་རབས་ལས། ལིག་གཉའ་ཤུར་ལི་བྱིན་ཁྱའི་རྒྱལ་ས་ནི་ཁྱུང་ལུང་དངུལ་མཁར་ཡིན་པའི་ཚུལ་བཤད་པ་དེ་ནི་དཔྱད་རིན་ཡོད་པ་ཡིན། རྒྱུ་མཚན་ནི་ད་ལྟའི་མཁར་གདོང་གི་གནའ་ཤུལ་ཏེ་ཁྱུང་ལུང་དངུལ་མཁར་གྱི་ཤུལ་དེ་གནའ་ཤུལ་སྔོག་འདོན་ཞིབ་འཇུག་ཚན་རིག་པ་མཁས་ཅན་འགའ་ཞིག་བཤད་པ་ལྟར་ན། མཁར་གདོང་གི་གནའ་ཤུལ་ནི་གནའ་བོའི་དུས་སུ་དུས་རིམ་མི་འདྲ་ཁག་འགའ་ཞིག་དབྱེ་ཆོག་པ་དང་། དུས་རིམ་དེ་ཚོ་ནི་དུས་ཕྱིས་ཙམ་མ་ཡིན་པར་མཁར་གདོང་གནའ་ཤུལ་གྱི་དཔྱད་འབྲས་ལྟར་ན་ལོ་ངོ་ཉུང་ཤོས་ནི་ཞང་ཞུང་གི་དུས་སུ་སླེབས་ཀྱིན་འདུག་པས་ཞང་ཞུང་གི་གནའ་ཤུལ་གསོན་པོ་ཞེས་བརྗོད་ན་མི་ཆོག་པ་མེད་ཅེས་གསུངས་བཞིན་འདུག་པས། གོང་གི་ལོ་རྒྱུས་དེ་རྒྱུ་མཚན་ངེས་ཅན་འདུག་པས་ཁྱུང་ལུང་དངུལ་མཁར་གྱི་མཁར་ནི་ཁྱུང་པོས་སླར་གསོ་བྱས་ཡོད་པར་སྙམ་མོ། །
མངའ་རིས་བཀྲ་རི་ལྷ་མཚོ་ནས་ཡོད་པའི་བོན་པོ་གནས་ཀྱི་གནའ་བོའི་བྲག་ངོས་རི་མོ།
གསུམ་པ་དཔྱད་སྡོམ།
སྤྱིར་ཁྱུང་པོའི་སྐོར་ལོ་རྒྱུས་དང་ཁྱུང་རབས་ཁག་གི་ནང་དུ་བཤད་ཚུལ་མི་འདྲ་བ་ཡོད་པ་ཚང་མ་དགོངས་པ་གཅིག་ཏུ་འབབ་པར་དཀའ་མོད། ཡིན་ནའང་ཁོ་བོས་དཔྱད་སྡུར་མང་པོ་བྱས་མཐར་སྡོམ་ཚིག་ཉུང་ཉུང་ཞིག་རྒྱབ་ན་སྙམ་པ་ཡི།། དེའང་ཐོག་མར་ཁྱུང་པོ་གདུང་རབས་གྲོལ་ཚུལ་ནི་མི་བུ་གདུང་དྲུག་དང་འབྲེལ་བའི་རུས་མཛོད་ཁག་གི་ནང་དུ་གསལ་བ་དེ་ཁུངས་དག་པར་མཐོང་ཞིང་། དེ་ནས་ཏུང་ཧོང་ཡིག་རྙིང་དང་བོད་ཀྱི་ཆོས་འབྱུང་རྙིང་ཁག་གཅིག་གི་ནང་དུ་གསལ་བ་ལྟར། སྤུ་རྒྱལ་སྲོང་བཙན་གྱི་སྐབས་སུ་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་ལྡེའུ་སྐུ་བཀྲོངས་ཤིང་། གནམ་རི་སྲོང་བཙན་དང་སྲོང་བཙན་སྒམ་པོའི་བློན་ཆེན་ཡིན་པའི་ཁྱུང་པོ་སྤུངས་སད་ཟུར་ཙེས་ཏོ་ཡོ་ཆས་རྗེ་བོ་སོགས་བྱང་ཞང་ཞུང་དབང་དུ་བསྡུས་ཤིང་བཙན་པོས་ཟུར་ཙེ་ནི་ཞང་ཞུང་གི་ཁོང་དཔོན་དུ་བསྐོས་པ་དང་། ཕྱིས་སུ་བཙན་པོ་སྲོང་བཙན་བཀྲོངས་རྒྱུའི་ལྐོག་གཡོ་བཤམས་པར་འགར་སྟོང་བཙན་གྱི་ཚོར་བས། རང་སྲོག་གཅོད་བཅད་དེ་སྲས་རེ་ཁྱུང་གི་བཙན་པོར་ཕུལ། བཙན་པོས་རེ་ཁྱུང་གི་སྲིད་མ་བརླག་ཙམ་བྱུང་བ་རེད། དེའི་སྐབས་སུ་ཞང་ཞུང་ནི་བོད་དང་འབྲེལ་བའི་རྒྱལ་ཕྲན་ཞིག་ཡིན་པའི་ཚུལ་ནི། ཏུང་ཧོང་ཡིག་རྙིང་དུ། ཞང་ཞུང་དར་པའྀ་རྗེ་བོ་ལིག་སྙ་ཤུར། བློན་པོ་ཁྱུང་པོ་ར་སངས་རྗེ། ཞེས་འཁོད་ཅིང་དེའང་ཞང་ཞུང་དར་པའི་རྗེ་ཞེས་པ་ནི་ལོ་རྒྱུས་ཁག་གི་ནང་དུ་ཞང་ཞུང་སྡེ་བརྒྱད་འཁོད་པའི་ཡ་གྱལ་ཞང་ཞུང་དར་མའི་ཡུལ་ཡིན་པར་ངེས་ཤིང་ཞང་ཞུང་དར་མའི་ཡུལ་ཞེས་པ་ནི་གངས་རི་མཚོ་གསུམ་དང་། ཁྱུང་ལུང་དངུལ་མཁར་དང་འབྲེལ་བའི་ཞང་ཞུང་ཁ་ཡུག་གི་ཡུལ་དེ་ཡིན། ལིག་སྙ་ཤུར་ཞེས་པ་ནི་གོ་གནས་དང་འབྲེལ་བའི་རུས་རྒྱུད་ལ་གོ་ཞིང་འདིར་ལིག་དང་སྙ་ཤུར་གྱི་རུས་ཁུངས་ནི་དབྲ་དཀར་ལས་གྱེས་པ་ཁ་གསལ་འཁོད་ཡོད། དེའི་བློན་པོ་ཁྱུང་པོ་ར་སངས་རྗེ་ཞེས་པ་ནི་དང་ཐོག་ཞང་ཞུང་དར་པའི་རྗེ་ལིག་སྙ་ཤུར་གྱི་བློན་པོ་ཡིན་མོད། ཕྱིས་སུ་ལིག་སྙ་ཤུར་གྱི་གོ་གནས་དེ་ར་སངས་རྗེ་ལ་ཐོབ་ཡོད། ར་སངས་རྗེ་ཞེས་པ་ནི་ཁྱུང་པོ་སྤུངས་སད་ཙེའི་བུ་རེ་ཁྱུང་ཞེས་འབོད་པ་དེ་ཡིན། རེ་ཁྱུང་གི་བུ་ནི་སྙ་ཤུར་སྤུངས་རེ་རྱུང་ངམ་རེ་རྒྱུང་ཞེས་པ་དེ་ཡིད་པར་འདོད་ཅིང་། བཙན་པོ་མང་སྲོང་མང་བཙན་གྱི་སྲིང་མོ་བཙན་མོ་སྙ་མོ་སྟེང་ཞེས་པ་ལུག་ལོ་སྟེ་ཕྱི་ལོ་༦༧༡ལོར་ཁོང་གི་བག་མར་བསུས་པ་དང་། འདུས་སྲོང་མང་པོ་རྗེ་ཡི་སྐབས་སུ་སྟག་ལོ་སྟེ་ཕྱི་ལོ་༦༧༨ལོར་ར་སངས་རྗེ་སྤུང་རེ་རྒྱུང་ངམ་རེ་རྱུང་བཀྱོན་བབས་པའི་ཚུལ་ཏུང་ཧོང་ཡིག་རྙིང་དུ་འཁོད་ཡོད། དེ་ལྟར་ཏུང་ཧོང་ཡིག་རྙིང་སོགས་ལ་ཞང་ཞུང་གཙོས་པའི་རྒྱལ་ཕྲན་སིལ་མའི་སྐོར་འཁོད་པ་དེ་དག་ལ། དེང་སང་མཁས་པ་ཁག་ཅིག་གིས་ཞང་ཞུང་ནི་རྒྱལ་ཕྲན་ཞིག་ཡིན་པ་ལས་རང་སྐྱ་ཕེར་བའི་རྒྱལ་ཁབ་ཅིག་མིན་པར་འདོད་མཁན་མང་པོ་ཡོད། དེ་ནི་ལོ་རྒྱུས་ཁག་གི་ནང་དུ་ཞིབ་བལྟས་མ་ཐུབ་པའི་སྐྱོན་ཡིན། ཏུང་ཧོང་ཡིག་རྙིང་སོགས་བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་ཁག་གི་ནང་དུ་རྒྱལ་ཕྲན་སིལ་མའི་སྐོར་བཤད་ཚུལ་མི་འདྲ་བ་མང་པོ་ཡོད། བཤད་ཚུལ་མི་འདྲ་བ་དེ་དག་ལ་དཔྱད་ན་རྒྱུ་མཚན་ངེས་ཅན་རེ་ཡོད་པ་སྨོས་མེད་ཡིན་ངེས། དེའང་དཔེར་ན་བཙན་པོ་གཉའ་ཁྲི་བཙན་པོའི་གོང་ངམ་དེའི་སྐབས་སུ་བོད་དང་འབྲེལ་བའི་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་། གཉའ་ཁྲི་བཙན་པོ་དང་བཅུ་གསུམ་ཟེར་བའམ། ཡང་ནའང་ཏུང་ཧོང་ཡིག་རྙིང་དུ། ཡུལ་དང་མཁར་དུ་བཅས་པ་སོ་སོ་ཡུལ་བདེ་(སྡེ)བཞི་ལས། སྤུ་རྒྱལ་བོན་གྀ་བཙན་པོ་ལྡེའུ་རྒྱལ་པོ་ཐོད་རྒྱལ་བྱུང་སྟེ། ལ་ལའྀ་མཆྀད་ནས་ནི་རྒྱལ་ཕྲན་བཅུ་གཉིས་ལ་གཏོགས་ཤེས་ཀྱང་མཆྀ། མྱྀ་གཏོག་ཤེས་ཀྱང་མཆྀ། ཞེས་བྱུང་བས་དེའི་སྐབས་ཀྱི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ནི་བོད་ཡུལ་དབུས་གཙང་རུ་བཞིའི་ས་ཁོངས་གཅིག་བུ་ལ་གོ་དགོས་པ་ནི་གལ་ཆེན་ཞིག་ཡིན་ཞིང་། དེ་བཞིན་སྤུ་རྒྱལ་བཙན་པོའི་མངའ་ཐང་དར་རིམ་བཞིན་དུ་དེ་དང་དུས་མཚུངས་ཀྱི་བོད་དང་འབྲེལ་བའི་རྒྱལ་ཕྲན་རྣམས་ཐད་ཀ་ཐད་ཀར་སྦྱར་ཤེས་ཏེ་ས་ཆ་རྒྱ་ཆེ་རུ་ཆེ་རུ་་ཕྱིན་པར་ཧ་གོ་དགོས། དེས་ན་བཙན་པོ་གནམ་རི་སྲོང་བཙན་ཡབ་སྲས་ཀྱི་སྐབས་སུ་ཞང་ཞུང་ནི་བོད་བཙན་པོ་མངའ་ཁོངས་དང་འབྲེལ་བའི་རྒྱལ་ཕྲན་ཞིག་ཡིན་པར་རྟོགས་ཐུབ་ལ་དེ་བཞིན་འདིའི་མཉམ་དུ་སུམ་པ་དང་རྒྱ་ཡུལ་སོགས་འཁོད་ཡོད་པས་སོ། དེའི་གོང་དུ་བོད་དང་སུམ་པ་མེ་ཉག་འ་ཞ་དང་། ཨོ་རྒྱན་བྲུ་ཤ་ཐོད་དཀར་ལི་ཡུལ་སོགས་རྒྱལ་ཕྲན་ཀུན་གྱི་ནང་ནས་ལིག་མི་རྐྱའམ་སྲིད་པའི་རྗེ་ཡི་གོ་གནས་ཡོད་པ་ནི་ཞང་ཞུང་གི་རྗེ་བོ་གཅིག་བུ་ལས་མེད། དེ་ལྟར་ཁྱུང་རབས་ཁག་ལས། ཁྱུང་སྤུང་སྒྲ་ཟུར་ཙེ་དང་། གྱེར་ནམ་ཟུར་ཙེ། ཞེས་ཟུར་ཙེ་གཉིས་འཁོད་འདུག་པར་མིང་ལ་དཔྱད་ན་སྤུང་སྒྲ་ཟུར་ཙེ་ཐག་ཉེ་བར་འདུག་མོད་མོད་མི་རབས་ལ་དཔྱད་ན། ཁྱུང་པོ་གྱེར་ནང་ཟུར་ཙེ་ཞེས་པ་དེ་ཁྱུང་པོ་སྤུངས་སད་ཟུར་ཙེ་ཡིན་པར་ངེས། མདོར་ན་ཟུར་ཙེ་གང་ཡིན་ནངའ་ཆོག་ཅིང་མདོ་ཁམས་སྟོད་སྨད་ཀྱི་ཁྱུང་པོ་དཀར་ནག་སེར་གསུམ་དང་ཁྲ་བོ་བཅས་ཀྱི་གདུང་ཁུངས་ནི་སྤུངས་སད་ཟུར་ཙེ་ལ་ཐུག་ཡོད། ཟུར་ཙེ་ནི་འདུར་རྒྱུད་ཕྱར་བ་ཐང་ཆེན་ལས། ཤེ་ལེ་དག་པ་ལེགས་དང་སྙ། གཅེན་ནི་ཤེལ་ལེ་དག་པའི་སྲས། རྒྱལ་ནི་ཤེལ་ལེ་གྲ་ཙེ་སྟེ། དེ་སྲས་སྤུང་དང་ཟུར་ཙེ་སྟེ། ཞང་ཞུང་ཕུག་པའི་སྲིད་པར་སོང་། ཞེས་བྱུང་བ་འདི་དང་། ཏུང་ཧོང་ཡིག་རྙིང་དང་བོད་ཀྱི་ཆོས་འབྱུང་ཁག་ཅིག་ལ་གསལ་བ་ལྟར། ཁྱུང་པོ་སྤུང་ས་སད་ཟུར་ཙེ་ཞང་ཞུང་གི་ཁོས་དཔོན་དུ་བསྐོས་པའི་ཚུལ་ནི་དོན་གཅིག་ཏུ་འབབ་ཀྱིན་འདུག་པས། ཁྱུང་པོའི་གདུང་ནི་ཞང་ཞུང་ཡུལ་དུ་སོང་ཞིང་ཁྱུང་པོས་དབང་བསྒྱུར་བའི་དུས་ནི་ཁྱུང་པོ་ཟུར་ཙེའི་དུས་སུ་ཡིན་པ་གསལ་པོ་རེད། དེས་ན་དབྲ་ཞང་ཞུང་ཞེས་པའི་གཏན་ཚིག་དེ་དེའི་དུས་སུ་བྱུང་བར་འདོད། ལོ་རྒྱུས་ཁག་ལ་དཔྱད་སྡུར་བྱས་ན་ཁྱུང་པོ་རུས་རྒྱུད་དང་བོད་མི་བུ་གདུང་དྲུག་ཐོག་མར་གྱེས་ས་ནི་མདོ་སྨད་རྨ་ཁོག་ནས་ཡིན་པའི་ཚུལ་ནི་ལོ་རྒྱུས་ཀྱི་དོན་དངོས་དང་ཡོངས་སུ་མཐུན་པ་ཡིན། ཡིན་ནའང་ཁྱུང་པོ་སྤུངས་སད་ཟུར་ཙེའི་གོང་དུ་ཞང་ཞུང་ཁ་ཡུག་གི་ཡུལ་ལ་དབྲ་དཀར་ཁྱུང་པོའི་རྒྱུད་པ་གྱེས་མེད་པ་དེ་འདྲ་རྩ་ནས་མིན་ཏེ། ལྷ་ཁྱུང་རྒྱལ། ཁྱུང་རྒོད་ཐོག་ལ་དམུ་ཁྱུང་རྒྱལ་ཀྱི་སྐབས་སུ་ཞང་ཞུང་རྒྱལ་པོའི་བླ་ཡི་མཆོད་གནས་མཛད་པ་དང་། དེ་བཞིན་ཁྱུང་པོ་བཀྲ་ཤིས་རྒྱལ་མཚན་ཡབ་སྲས་དང་། ར་སངས་ཁྲི་ནེ་ཁོད་ཅེས་ར་སངས་ནི་དབྲ་རིགས་ཁྱུང་པོའི་གདུང་ལས་གྲོལ་བར་གསུངས་ཤིང་ཁོང་ནི་ཁྱུང་པོ་སྤུངས་སད་ཟུར་ཙེའི་གོང་གི་མི་སྣ་ཡིན་པས་སོ། དེ་ནས་ཁྱུང་པོ་སྤུངས་སད་ཟུར་ཙེ་ནི་བོད་བཙན་པོའི་བློན་ཆེན་ཡིན་ཞིང་ཁོའི་གཞིས་ཀ་ནི་འཕན་པོའམ་བོད་དབུས་ཁུལ་ཞིག་ལ་ཡིན་པར་ངེས་མོད། བཙན་པོ་སྲོང་བཙན་ནས་བཟུང་ཁོང་དང་ཁོང་གིས་བརྒྱུད་པས་ཞང་ཞུང་གི་ཁོས་དཔོན་ནམ་ལིག་སྙ་ཤུར་གྱི་གོ་གནས་ཐོག་ནས་ཞང་ཞུང་དང་འབྲེལ་བའི་ད་ལྟའི་མངའ་རིས་ཁུལ་དང་བྲུ་ཤ་སོགས་ལ་དབང་སྒྱུར་གི་ཡོད་པ་དང་། ཁོ་ཚོའི་ཆབ་སྲིད་ཀྱི་ལྟེ་བ་ནི་ཞང་ཞུང་ཁ་ཡུག་གི་ཡུལ་ཁྱུང་ལུང་དངུལ་མཁར་དང་། གོང་གི་ཁ་ཡུག་མེ་ཏོག་མཛེས་པའི་གླིང་དུ། ལྷ་རི། ལྷ་རྩེ། ལྷ་མཁར་བཅས་མཁར་གསུམ་ལ་ཡིན་ངེས་པ་ནི་ལོ་རྒྱུས་ཁག་ལ་སྡུར་ནས་ཧ་གོ་ངེས་སུ་ཡོད། མདོར་ན་ཁྱུང་པོའི་རུས་བརྒྱུད་ནི་ཁྱུང་པོ་ལྷ་ཁྱུང་རྒྱན་སོགས་ཀྱི་སྐབས་སུ་ཞང་ཞུང་གི་རྗེ་བོའི་བླ་ཡི་མཆོད་གནས་སུ་མཛད་པ་དང་། དེ་ནས་སྤུ་རྒྱལ་སྤུ་ལྡེའི་སྐབས་སུ་ཞང་ཞུང་ནས་བོད་ཡུལ་ཕྱིན་ཞིང་སྤུངས་སད་ཟུར་ཙེའི་སྐབས་སུ་སླར་ཞང་ཞུང་ཡུལ་དུ་ལོག་པ་དང་།
མངའ་རིས་བཀྲ་རི་ལྷ་མཚོ་ནས་ཡོད་པའི་བོན་པོ་གནས།མངའ་རིས་བཀྲ་རི་ལྷ་མཚོ་ནས་ཡོད་པའི་བོན་པོ་གནས་ཀྱི་གནའ་བོའི་བྲག་ངོས་རི་མོ།
མངའ་རིས་བཀྲ་རི་ལྷ་མཚོ་ནས་ཡོད་པའི་བོན་པོ་གནས་ཀྱི་སྒྲུབ་ཕུག་དང་བརྩེགས་ཤུལ།
མངའ་རིས་བཀྲ་རི་ལྷ་མཚོ་ནས་ཡོད་པའི་བོན་པོ་གནས་ཀྱི་སྒྲུབ་ཕུག་དང་བརྩེགས་ཤུལ།
མངའ་རིས་བཀྲ་རི་ལྷ་མཚོ་ནས་ཡོད་པའི་བོན་པོ་གནས་ཀྱི་སྒྲུབ་ཕུག
མངའ་རིས་བཀྲ་རི་ལྷ་མཚོ་ནས་ཡོད་པའི་བོན་པོ་གནས་ཀྱི་གནའ་བོའི་བྲག་ངོས་རི་མོ། དེ་ནས་སྟོང་རྒྱུང་རིང་མོའི་སྐབས་སུ་བཀྲ་རི་ལྷ་མཚོ་ནས་མདོ་ཁམས་སྟོད་སྨད་སོགས་ལ་ཁྱུང་པོའི་རུས་བརྒྱུད་ཁག་མང་པོ་གྱེས་པ་ཡིན། ཁྱུང་པོ་སྟོང་རྒྱུང་རིང་མོ་བཀྲ་རི་ལྷ་མཚོ་ལ་བྲོས་པའི་དུས་ནི་ལོ་རྒྱུས་ཀྱི་མི་སྣ་ཁག་ལ་དཔྱད་ན་སྤུ་རྒྱལ་འུ་དུམ་བཙན་གྱི་གཡས་གཡོན་བོད་ཀྱི་ཆབ་སྲིད་ཉམས་འགྲོ་བའི་སྐབས་ཤིག་ཡིན་པར་ངེས། དེའང་གོང་དུ་བཤད་པ་ལྟར། ཞང་ཞུང་གི་དཔོན་རྒྱུད་ཡིན་པའི་རྒྱལ་ཕྲན་ལྡང་ལྟ་བྱ་བ་དང་། ཡུལ་སྨད་ནས་རྒྱལ་ཕྲན་ལྡང་མི་བྱ་བ་གཉིས་ཞེས་འཁོད་པ་ལྟར། དེ་ལྟར་བོད་ཀྱི་ཆབ་སྲིད་ཉམས་པ་དང་བསྟུན་ཞིང་ཞང་ཞུང་གི་གྱེས་ལོག་བྱས་ཏེ་རྒྱལ་ཁབ་ཆུང་ཆུང་ཞིག་འཛུགས་ཐུབ་པ་དང་། ཡང་སྐྱིད་ལྡེ་ཉི་མ་མགོན་མངའ་རིས་ལ་ཕེབས་པའི་སྐབས་སུ་ཞང་ཞུང་ཁྲི་སྡེའི་རྒྱལ་པོ་རུས་རྩེའམ་སྙའམ་གཉའ་ཤུར་གྱི་རྒྱལ་པོ་ལི་བྱིན་ཁྱ་བཀྲོངས་བ་དང་། ལི་བྱི་ཁྱ་སོགས་སྤུན་གསུམ་ཡོད་པའི་ཚུལ་དང་། དེའི་དུས་སུ་ཁྱུང་དཔུང་ཏང་རིང་མོ་སོགས་ཁྱུང་པོ་ནི་གཉའ་ཤུར་རྒྱལ་པོའི་བློན་པོ་འགའ་ཞིག་ཡོད་པའི་ཚུལ་ཉི་མའི་རིགས་ཀྱི་རྒྱལ་རབས་ལས་གསལ་ཞིང་དེ་ནི་དཔྱད་གཞི་གལ་ཆེན་ཞིག་ཡིན། ཁྱུང་རབས་ཁག་ལ་ལྟར་ན། ཁྱུང་པོ་བཞུགས་ཡུལ་ནི་ཞང་ཞུང་ཁ་ཡུག་གི་ཡུལ་མེ་ཏོག་མཛེས་པའི་གླིང་ཡིན་པར་བཤད་པས། ལྡོང་པོའི་ཡུལ་གྱི་རྒན་རབས་ཚོས་ཤོད་སྲོལ་ལྟར་ན། གནའ་བོའི་སྲིད་པའི་སྐབས་སུ་ཡུལ་ལུང་འདིར་ཁྱུང་པོ་དང་གཉའ་ཡིས་རུས་བརྒྱུད་དེས་བཟུང་བའི་ཚུལ་གྱི་ཤོད་རྒྱུན་ད་ལྟའི་བར་དུ་གནས་ཡོད་པ་མ་ཟད། གཉའ་འམ་གཉའ་ཡི་རུས་བརྒྱུད་ནི་མོན་འཚེར་དང་ཁྱུང་ལུང་། ལྡོང་པོ་སོགས་ལ་ད་ལྟ་མང་པོ་ཡོད། དེའང་རྩ་བའི་གཏན་ཚིག་ནི་མཐོ་ཞང་ཞུང་ཁ་ཡུག་གི་ཁྱུང་ལུང་དངུལ་མཁར་ཞེས་རྩོད་མེད་ཡོངས་གྲགས་ཤིག་ཡིན་པས། ཁ་ཡུག་ཡུལ་ནི་ཁྱུང་ལུང་དངུལ་མཁར་དང་གངས་རི་མཚོ་གསུམ་དབུས་སུ་བྱས་པའི་རི་རྒྱུད་དུ་ཞང་ཞུང་ཁ་ཡུག་གི་ཡུལ་ཞེས་འབོད་པ་ཡིན་ལ། ཞང་ཞུང་ཁ་ཡུག་གི་ཡུལ་གྱི་ནང་ཚན་དུ་མེ་ཏོག་མཛེས་པའི་གླིང་དང་མཁར་རྫོང་སོགས་ཀྱི་སྐོར་གོང་དུ་ལྡོང་པོའི་ཡུལ་དུ་ངོས་འཛིན་བྱེད་པའི་བདེན་དཔང་མང་པོ་ཡོད་པ་ལྟར་དང་། དེ་ནས་སྟོང་རྒྱུང་རིང་མོ་བཀྲ་རི་ལྷ་མཚོ་ཕེབས་ཤིང་ཁོང་སྤུན་མཆེད་ཡབ་སྲས་ཀྱིས་དེར་གདན་ས་བཏབ་པ་དང་བཀྲ་རི་ལྷ་མཚོ་ནི་བླ་མཚོ་བྱས་པར་གསུངས་པས། དེ་ནི་ད་ལྟ་མངའ་རིས་ཁུལ་མཚོ་ཆེན་རྫོང་གི་བཀྲ་རི་གནམ་མཚོའི་ལྷོ་ངོས་སུ་བོན་ཕུག་ཅེས་གནས་རི་དང་སྒྲུབ་ཕུག་དང་བོན་ཕུག་མཁར་གོག་ཅེས་ཡོད་པར་འདུག
མངའ་རིས་བཀྲ་རི་ལྷ་མཚོ་ནས་ཡོད་པའི་བོན་བླ་ལྷག་པ་རྒྱལ་མཁན་གྱི་སྒྲུབ་གནས་དང་སྒྲུབ་ཁང་གི་ཤུལ།
དེ་ལ་དཔྱད་རིན་ཡོད་ཅིང་སྟོང་རྒྱུང་རིང་མོའི་མཆེད་ཡ་ཁྱུང་པོ་རྒྱལ་སྟག་དང་དེའི་སྲས་བརྒྱུད་སྙེ་མོའི་ཕྱོགས་ལ་ཕེབས་ཤིང་མཁས་གྲུབ་ཁྱུང་པོ་རྣམ་འབྱོར་(ཕྱི་ལོ་༩༠༩-༡༡༣༩)སོགས་ཀྱི་བརྒྱུད་པ་འཕེལ་བ་མིན་ནམ་སྙམ། སྟོང་རྒྱུང་རིང་མོ་སྲས་གསུམ་པོ་ནི་མདོ་ཁམས་སྟོད་སྨད་སུ་ཕེབས་ཤིང་ཁྱུང་པོའི་གདུང་གང་སར་འཕེལ་བ་དང་། དེའི་ནང་ནས་ཁྱུང་པོ་མུ་ལང་ཡབ་སྲས་ཀྱི་བརྒྱུད་པ་སྲས་བརྒྱུད་ཁྱུང་པོ་ཨ་བླའི་བར་དུ་ཁྱུང་པོའི་གདན་ས་གཙོ་བོ་ནི། ཇི་སྐད་དུ། སོག་ལྷ་རི་ལྷ་རྩེ་ལྷ་མཁར་གསུམ། ཁྱུང་པོས་བརྡུང་བའི་མཁར་གསུམ་ཡིན། ཞེས་ཁ་རྒྱུན་དང་ཡིག་རྒྱུན་གཉིས་ཀར་ཡོད་པ་ལྟར། ལྷ་རྩེ་ནི་ད་ལྟ་སྦྲ་ཆེན་སོག་ཆུ་དང་འཆམ་ཆུ་འདྲེས་མཚམས་ཀྱི་མར་ཁ་ལ་ཡོད། ལྷ་རི་ནི་སོག་རྫོང་རིན་སྤུངས་དགོན་པ་ཆགས་ས་དེ་དང་། ལྷ་མཁར་ནི་སོག་ཙན་དན་དགོན་པ་ཆགས་ས་དེར་ཡིན་པ་ངོས་འཛིན་བྱེད། དེ་བཞིན་ཁྱུང་པོའི་གདན་ས་གཡུང་དྲུང་གླིང་ནི་སོག་ཆུ་དང་འཆམ་ཆུ་འདྲེས་མཚམས་ཡར་ཁར་ཡོད་ཅིང་དེ་སང་དགོན་ཤུལ་རྒྱ་ཆེན་པོ་ཡོད། སྔོན་གྱི་དུས་སུ་སྔགས་གྲྭ་སྟོང་ཕྲག་གྲངས་ཀྱི་འདུས་སྡེ་ཡིན་པར་བཤད། དེ་ནི་གོང་གི་ལྡོང་པོའི་རྒན་རབས་ཚོས་ཤོད་རྒྱུན་དུ། བླ་མ་ཤེས་རབ་བཟང་པོ་ཕེབས་སའི་གཡུང་དྲུང་གླིང་ཞེས་པ་དེ་བོད་ཡུལ་གྱི་ས་ཆ་གང་དུ་ཡོད་མེད་མ་ཤེས་མོད། ཁོ་ཚོས་གཡུང་དྲུང་གླིང་ཞེས་པའི་མིང་འབོད་ཤེས་པ་ནི་ཧ་ཅང་ཡ་མཚན་ཡིན་ཞིང་དེའི་གཉིས་པོ་ནི་ལོ་རྒྱུས་ཐོད་ཐུག་འདུག དེ་བཞིན་ཨུ་རིའམ་དབུ་རིའི་རུས་བརྒྱུད་ནི་ཐོག་མར་སོག་གཡུང་དྲུང་གླིང་གི་སྔགས་ཆེན་བཅུ་གཉིས་གྱི་གྲལ་དུའམ་བླ་མའི་གྲལ་དུ་ཡིན་ཞིང་ད་ལྟ་སྦྲ་ཆེན་ལུང་དཀར་དགོན་པའི་དབུ་བླ་གོང་འོག་ནི་དབུ་རིའམ་ཨུ་རིའི་བརྒྱུད་པ་ཡིན། ད་དུང་ཐོ་ལོ་དཔའ་བླའི་མཁར་གྱི་སྐོར་ལྡོང་པོ་ལུང་པའི་བཤད་སྲོལ་ཇི་བཞིན་ཏེ། སྦྲ་ཆེན་ཁྱུང་པོའི་གདན་ས་ལྷ་རྩེ་མཁར་ལ་དེ་ལྟ་བུའི་ཤོད་སྲོལ་སྔ་མུས་བཞིན་ལྷག་ཡོད། དེའང་ལྷ་རྩེ་མཁར་ལ་སྔ་དྲོར་ཉི་མ་ཕྱི་བོ་ལས་མི་ཤར་བས། ལྷ་རྩེའི་རྒྱལ་པོས་འཁོར་གཡོག་རྣམས་བསྡུས་ཏེ་རི་དེ་གཤེགས་ཏེ་སྤོ་དགོས་བའི་བཀས་བཅད་ཅིང་འཁོར་གཡོག་ཚོས་རི་གཤེགས་ཏེ་སྤོས་བར་བརྩམས་ཀྱང་། རི་བོ་སྤོ་ཐུབ་ཐབས་སུ་བྲལ་ཞིང་དཀའ་ལས་ཁག་པའི་སྐབས་སུ། བྱིས་སྦ་རྒྱབ་ཏུ་ཁུར་ཞིང་རང་འཐག་སྐོར་མཁན་རྒན་མོ་ཞིག་གིས། ཇི་སྐད་དུ། རི་སྐེ་སྐམ་པོ་རྡུང་བ་ལས། མི་མགོ་སློན་པ་བཅད་ནས་སླ། ཞེས་གླུ་དབྱངས་བླང་པར་མི་རྣམས་ཀྱི་རྣ་བར་དེ་ཐོས་པ་དང་ཆབ་གཅིག་ཏུ་རྒྱལ་པོ་བསད་པའི་ཚུལ་གྱི་ཤོད་སྲོལ་ཡོད། དེའི་གཉིས་པོ་ཕན་ཚུན་དཔྱད་སྡུར་བྱས་ཏེ་དོན་དངོས་དེ་ལྟ་བུ་ཞིག་བྱུང་བའི་དབང་དུ་གཏོང་ན། དངོས་དེ་ལྡོང་པོ་ལུང་པར་བྱུང་ཡོད་པ་འདྲ། ད་ལྟ་ལྡོང་པོ་ལུང་པར་ཉི་མ་གཡོལ་བའི་རི་དེ་ཐོ་ལོ་དཔལ་བླ་མཁར་གྱི་ཉེ་སར་ཡོད་པ་མ་ཟད་རི་སྤོ་རྗེས་ལྟ་བུ་ད་ལྟ་དངོས་སུ་མཐོང་རྒྱུ་ཡོད་པ་ཡིན་ལ་དཔོན་དེའི་མིང་ནི་ཐོ་ལོ་དཔལ་བླ་ཞེས་པའི་མིང་དང་བཅས་པ་སྡད་ཡོད། དེའང་ཐོ་ལོ་ཞེས་ཁྱུང་པོ་རུས་བརྒྱུད་ལ་གྱེས་པའི་ཁྱིམ་ཚང་ངམ་རུས་ཤིག་དང་དཔལ་བླ་ཞེས་དཔོན་དེའི་གོ་མིང་དང་འབྲེལ་བའི་མིང་ཞིག་ཡིན་པར་སྙམ། གོང་དུ་བཤད་པ་ལྟར་ཁྱུང་རབས་ལས། ཐོ་ལོ་དང་ཨུ་རི་སོགས་ཁྱུང་པོ་མུ་ལང་གྱི་འཁོར་གཡོག་ཡིན་པས་ཐོ་ལོའི་བརྒྱུད་པ་ཞིག་དེ་དང་མཉམ་པོར་ཕྱིན་ཡོད་པ་འདྲ། ལྷ་རྩེར་རྫོང་དུ་རི་སྐེ་དཔོན་སྐེའི་སྐོར་ནི་ཁ་རྒྱུས་ལས་ཁྱུང་རབས་ཁག་གི་ནང་དུ་བྱུང་མེད་པ་མ་ཟད། ལྷ་རྩེ་མཁར་ལ་དེ་ལྟ་བུའི་ཉི་མ་མི་ཤར་ཞིང་རི་རྩེས་བཀག་མཁན་གང་ཡང་མེད། ཡིན་ནའང་ཤོད་སྲོལ་ལྟར་ན་ལྷ་རྩེ་མཁར་གྱི་ཐག་ཉེ་ཤོས་ནི་ཁྱུང་ཉིལ་རི་ཞེས་ཁྱུང་བབས་དུས་ཉིལ་བ་ཡིན་པའི་བཤད་སྲོལ་ཞིག་དང་གོང་དུ་ཁོ་ཚོས་རི་སྐེ་བཅད་པའི་སྐབས་སུ་གཉིལ་བའི་ཤོད་ཚུལ་མི་འདྲ་བ་གཉིས་ཡོད་པའི་རི་ཉིལ་པ་ལྟ་བུ་ཞིག་ཡོད་པ་དེ་ཡིན་ཟེར་མཁན་ཡོད་མོད། དེ་ནི་ལྷ་རྩེ་མཁར་གྱི་ལྷོ་རི་ཡིན་པ་དེས་སྔ་དྲོར་ཉི་མ་བཀག་ཐབས་མེད། དེས་ན་ཤོད་རྒྱུན་དེ་མངའ་རིས་ནས་མར་ཁྱུང་པོ་དང་བརྒྱུད་དེ་མར་དར་བར་སྙམ། དེ་ནས་སོག་གཡུང་དྲུང་གླིང་ནི་ཕྱི་ལོ་༡༢༤༠ལོར་སོག་པོ་དམག་དཔོན་དོར་རྟ་ནས་སྣེ་ཁྲིད་པའི་སོག་དམག་བོད་དུ་བཏང་ནས། མདོ་སྟོད་དང་། མདོ་སྨད། སོག་ཆུ་ཁ་བཅས་བོད་མི་མཐོང་ཚད་གསོད་པ་དང་། ཁང་པ་མེར་སྲེག་རྒྱུ་དངོས་འཕྲོག་བཅོམ་བཅས་ཀྱི་དམག་ཇུས་ལག་ལྟར་བྱས། ཞེས་འཁོད་པ་ལྟར་ཧོར་དོར་རྟ་ནག་པོ་དང་ཡེ་དོར་གྱིས་སོག་གཡུང་དྲུང་གླིང་གཏོར་ཞིང་ཁྱུང་པོ་དཔོན་དགེ། དཔོན་དབུས་སོགས་སྐུ་བཀྲོངས་ཤིང་། ཁྱུང་ཨ་བླ་སོག་ཡུལ་དུ་ཁྱེར་བ་དང་ཁྱུང་དབུས་ཤེས་རབ་རྒྱལ་མཚན་རྔུལ་ཆུའི་རྒྱུད་བྲོས་ཤིང་། སྐུ་འཁྲུངས་མ་ཐག་པའི་ཁྱུང་པོ་ནང་ཆེན་གྲགས་པ་ཡུམ་སོགས་ནང་ཆེན་གྱི་ཡུལ་དུ་བྲོས་པ་དང་། ཕྱིས་སུ་ཁྱུང་པོ་ཁྲ་རྒན་སྟོན་འབར་གྱི་སྲས་ཁྱུང་རྒྱལ་དང་བསོད་འབར་གྱིས་འབྲི་གུང་གཅུང་རིན་པོ་ལ་(མཆན། དེའི་སྐབས་སུ་གཅུང་རིན་པོ་རྡོ་རྗེ་གྲགས་པ་༡༢༡༠-༡༢༧༨ཞེས་པ་དེ་ཡིན་པར་འདུག)སྐྱབས་ཞུས་པ་དང་། ཁྱུང་པོ་དཔོན་གཡོག་འགའ་ཞིག་ནི་རྒྱ་ཉི་མ་འབྲུག་གྲགས་ཀྱི་བསུ་བ་ཞུས་པ་སོགས་བྱས་པ་རེད་ཅེས་གསལ་བ་ལྟར། མདོར་ན་གོང་དུ་བཤད་པ་ལྟར་ཏེ། ཁྱུང་པོ་ནང་ཆེན་གྲགས་པ་དགུང་ལོ་བཅུ་གསུམ་གྱི་ཐོག་ལ་སོག་པོའམ་ཡོན་རྒྱལ་རབས་ཀྱི་དཔོན་རིགས་ཡིན་པའི་རྒྱ་ཉི་མ་འབྲུག་གྲགས་ཞེས་པ་དེ་ད་ལྟའི་སྟེང་ཆེན་རྫོང་སྟེང་ཆེན་ཁ་ལ་རྒྱལ་ས་ཆགས་ཡོད་པ་དང་། རྒྱ་ཉི་མ་འབྲུག་གྲགས་ཀྱིས་དབང་དང་བདག་ཐོབ་ཡོད་ཚད་ཁོང་གིས་ཁྱུང་པོ་ནང་ཆེན་གྲགས་པ་ལ་ཕུལ་བ་དང་། ཇོ་མོ་བཞེས་པར་ཞུས་པས་ངས་ཁྱིམ་ཐབ་མི་བྱེད་ཅིས་ཀྱང་ལྷ་ཆོས་ཤིག་བྱེད་དགོས། ཁྱེད་རྣམས་ཁྱུང་པོའི་མི་རྒྱུད་ལ་དེ་ཙམ་གཅེས་ན་ཨ་བླ་འཚོལ་བར་ཧོར་ཡུལ་དུ་སོང་དང་སོག་པོའི་ད་རུང་མ་བསད་པར་ཡོད་སྲིད་གསུངས་ཤིང་། ཁྱུང་ཨ་བླ་བསུས་ཤིང་དེ་ནས་བཟུང་ཁྱུང་པོ་གདན་སའམ་ཁྱུང་པོས་དབང་བསྒྱུར་ཡུལ་ཁྱུང་པོ་སྟེང་ཆེན་ཁུལ་དུ་ཆགས་ཤིང་། དེའི་སྲས་བརྒྱུད་དུ་ཁྱུང་དཀར་ནག་སེར་གསུམ་སོགས་གྲོལ་ཏེ་དར་ཞིང་རྒྱས་པས། ཡང་ལྷ་རི་ལྷ་རྩེ་ལྷ་མཁར་གསུམ་གྱི་ཚབ་ཏུ། ཁྱུང་དཀར་གདན་ས་གདན་ས་ངང་སྐྱའི་ཁྱུང་རྫོང་ངམ་སྟེང་ཆེན་ཁ་དང་། ཁྱུང་ནག་གདན་ས་གསང་བྲག་རིན་ཆེན་ཁྱུང་རྫོང་ངམ་སྦྲ་ཆེན་ཁྱུང་ནག་སྤུ་བླ་ཁ་དང་། ཁྱུང་སེར་གདན་ས་བྱ་ཟེ་ཡང་རྫོང་མཐོང་སྨོན་དགའ་བ་གླིང་བཅས་གསུམ་སོགས་རྩི་སྲོལ་མི་འདྲ་བ་ཏོག་ཡོད། ཡིན་ནའང་ཁྱུང་རབས་ཁག་ལས། སྟོང་རྒྱུང་རིང་མོའི་སྲས་མུ་ལང་ཡབ་སྲས་ཀྱི་སྐབས་སུ་མདོ་ཁམས་སུ་ཕེབས་པའི་དུས་དང་། སོག་པོས་གཡུང་དྲུང་གླིང་གཏོར་རྗེས་ཁྱུང་པོ་རྣམས་གང་སར་བྲོས་ཤིང་ཕྱིས་སུ་ཁྱུང་པོ་ནང་ཆེན་གྲགས་པ་ཁྱུང་ཨ་བླའི་སྐོར་ཕན་ཚུན་ཅུང་ཙམ་འཁྲུགས་ཡོད་པར་སྣང་། དེའང་གོང་དུ་ཁྱུང་པོ་མུ་ལང་ནི་སྤོ་བོ་ལ་ནག་ནས་ཁྱུང་འཐོར་ལ་ནས་ལར་རྒྱབ་པའི་སྐབས་སུ་དེར་ལ་རྒྱག་མ་ཐུབ་ཅིང་ཁྱུང་པོ་རྣམས་འཐོར་བ་ཁྱུང་འཐོར་ལ་ཞེས་དང་། ཡང་མུ་ལང་གི་ལོ་རྒྱུས་བཤད་པའི་སྐབས་སུ་རྒྱ་རྗེ་ཉི་མ་འབྲུག་གྲགས་དང་ཁྱུང་ཨ་བླའི་མཚན་འཁོད་འདུག་པས་སོ། དེ་ནི་ཁྱུང་པོ་མུ་ལང་ནི་ཞང་ཞུང་བྱང་བརྒྱུད་ནས་མར་རག་ཐག་ནས་མདོ་ཁམས་སྟོད་ན་སླེབས་པ་ལས། ལྷོ་བརྒྱུད་སོང་ཏེ་མདོ་ཁམས་ལ་སླེབས་པའི་ལོ་རྒྱུས་དེ་མགོ་ཐུག་ཐབས་མེད་ལ། ཁྱུང་པོ་མུ་ལང་གི་སྐབས་སུ་རྒྱ་ཉི་མ་འབྲུག་གྲགས་དང་ཁྱུང་པོ་ཨ་བླའི་ལོ་རྒྱུས་ཡོང་ཐབས་མེད་པས་དེས་ན་ལོ་རྒྱུས་ཅུང་ཙམ་འགོ་འཁྲུགས་ཡོད་པ་ནི་དེ་ནས་ཤེས་ཤིང་། སོག་པོ་དོར་རྟས་གཡུང་དྲུང་གླིང་གཏོར་རྗེས་སུ་ཁྱུང་པོ་སྟོན་འབར་སོགས་དབུས་སུ་འབྲི་གུང་ཅུང་རིན་པོ་ཆེ་ལ་མགོ་བཏགས་ཞུས་ཤིང་། དེ་ནས་མར་རིམ་བཞིན་སྤོ་བོ་ནས་ཕེབས་ཤིང་གང་སར་འཐོར་བ་ནི་དོན་དངོས་དང་མཐུན་པས་ཁྱུང་འཐོར་ལ་ཞེས་དེའི་སྐབས་སུ་བྱུང་བར་འདོད། གྱིམ་ཤོད་ཡུལ་དུ་ཁྱུང་པོའི་གདུང་རབས་བྱུང་ཚུལ་ལས། སྤོ་བོ་ལ་ནག་ནི་སྤུ་བོ་དང་ལྷོ་རོང་རྫོང་གི་འབྲེལ་མཚམས་སུ་ཡོད་ཅིང་དེང་སང་ཡང་ཁྱུང་འཐོར(ཁྱུང་ཐོ)ལ་ཞེས་འབོད། སྤྱི་ཚོགས་རྙིང་པའི་དུས་སུ་ལྷོ་རྒྱུད་ནས་མདོ་སྨད་དང་ཁྱུང་ཡུལ་སོགས་སུ་འགྲོ་དུས་བརྒྱུད་དགོས་ངེས་ཀྱི་ལ་ཞིག་ཡིན་པ་བཤད། ཅེས་གསལ། མདོར་ན་ཁྱུང་པོ་དར་ཞིང་རྒྱས་སའམ་ཕུགས་གཏུག་ས་ནི་ཞང་ཞུང་ཁ་ཡུག་ཡུལ་དུ་ཡིན་པ་དང་། སྟོང་རྒྱུང་རིང་མོའི་མོའི་སྲས། འབྲིང་བ་མདོ་ཁམས་སྨད་བྱོན་པ་དང་དེ་བཞིན་ཆུང་བ་ཁྱུང་སྡེར་སྔོན་མོའི་གདུང་བརྒྱུད་ནི་རྒྱ་རོང་སོགས་མདོ་སྨད་བུ་འབོར་གཡུང་དྲུང་སྤུན་བཞིའི་གདུང་སོགས་གྲོལ་བ་དང་།
ནག་ཆུ་སྦྲ་ཆེན་དྲུག་ཅུའི་ཚོ་པའི་ཡུལ་དུ་ཡོད་པའི་སོག་ཆུ་ཁའི་ཁྱུང་པོའའི་གདན་ས་སོག་གཡུང་དྲུང་གླིང་ཆགས་ཤུལ།
ནག་ཆུ་སྦྲ་ཆེན་དྲུག་ཅུའི་ཚོ་པའི་ཡུལ་དུ་ཡོད་པའི་སོག་ཆུ་ཁའི་ཁྱུང་པོའའི་གདན་ས་ལྷ་རྩེ་མཁར་ཤུལ།
ཁྱུང་པོའི་གདན་ས་ལྷ་མཁར་ཞེས་པ་ཆགས་རྗེས་སུ་ནག་ཆུ་སོག་རྫོང་དུ་ཡོད་པའི་སོག་ཙན་དན་དགོན།
ཁྱུང་པོའི་གདན་ས་ལྷ་རི་ཞེས་པ་ཆགས་རྗེས་སུ་ནག་ཆུ་སོག་རྫོང་དུ་ཡོད་པའི་སོག་རིན་སྤུངས་དགོན།
ནག་ཆུ་སོག་རྫོང་དུ་ཡོད་པའི་སོག་ཙན་དན་དགོན་དང་རིན་སྤུངས་དགོན།
ཕྱི་ལོ་༡༢༤༠ལ་ཧོར་དོར་རྟ་ནག་པོས་ཁྱུང་པོ་གཏོར་རྗེས་སུ་སོག་གཡུང་དྲུང་གླིང་གི་རྟེན་གསུམ་སྦས་ས་ཡིན་ཟེར་བའི་ཨ་ཀྲོང་གནས་ཀྱི་བྲག་ཕུག་དང་དེའི་སྟེང་གི་བྲག་ངོས་སུ་གྲུབ་རྩལ་གྱིས་བཞག་པ་རེད་ཅེས་པའི་ཤིང་རྒྱུག་ཅིག་ཡོད། བྲག་ངོས་དེར་མི་འགྲོ་ཐབས་རྩ་ནས་མེད་ཅིང་། དེ་ནི་གོང་གི་ལྡོང་པོ་ཀང་ཙེ་རི་བོ་བྲག་ཕུག་ནང་གི་ཤིང་རྒྱུག་གི་འཇོག་སྟངས་དང་དབྱིབས་སོགས་གཅིག་མཚུངས་སྣང་ཞིང་། སྔོན་གྱི་དུས་སུ་བྲག་ངོས་འདིའི་ཤིང་རྒྱུག་གི་ཐོག་ཏུ་གཟན་ཞིག་ཡོད་པ་དང་དེའི་གཤམ་དུ་གནའ་བོ་ར་ཅོ་ཡོད་ཟེར། གཤམ་གྱི་པར་རིས་གཉིས་པོ་ནི་དེ་ལྟར་རོ།།
ཆེ་བ་མུ་ལང་ཡབ་སྲས་ནི་འདན་མ་དང་སྨར་ཁམས་སོགས་ལ་གདུང་བརྒྱུད་གྲོལ་ཞིང་། གདན་ས་གཙོ་བོ་ནི་མདོ་སྟོད་གཡུང་དྲུང་གླིང་ངམ་ལྷ་རྩེ་མཁར་བརྩེགས་གནས་ཆགས་པ་དང་། ཡབ་མེས་དང་འབྲེལ་བའི་ལྷ་རི་ལྷ་རི་ལྷ་མཁར་སོགས་དང་། གྲུབ་མཐའ་གཡུང་དྲུང་བོན་སོགས་རྒྱུན་སྲོལ་གྱི་རིག་གནས་ནི་མདོ་སྟོད་སྦྲ་ཆེན་ཁྱུང་པོ་དང་སྟེང་ཆེན་ཁྱུང་པོ་ཚོས་གོང་དུ་བཤད་པ་ལྟར་མིང་དང་བཅས་པ་མུ་མཐུད་དུ་རྒྱུན་སྐྱོང་བྱས་ཡོད། དེ་ལྟར་ལོ་རྒྱུས་ཀྱི་རྒྱུད་རིམ་འདི་ལྟར་མ་ཤེས་ན་ལྷ་རི་ལྷ་རྩེ་ལྷ་མཁར་གསུམ་པོ་ནི། ཞང་ཞུང་ཁ་ཡུག་གི་ཡུལ་དང་། མདོ་སྟོད་སྦྲ་ཆེན་གཡུང་དྲུང་གླིང་གི་ཉེ་སྐོར་དང་།
ཞང་ཞུང་སྒོ་པ་ཁྱུང་པོ་སྟེང་ཆེན་དུ་ཁྱུང་སེར་གདན་ས་བྱ་ཟེ་ཡོངས་རྫོང་དགོན་ནམ་དགའ་བ་ལྷ་རྩེ།
ཞང་ཞུང་སྒོ་པ་ཁྱུང་པོ་སྟེང་ཆེན་དུ་བྲག་དམར་རི་འདུས་སུ་ཁྱུང་དཀར་གདན་ས་སྟེང་ཆེན་དགོན་པ་དང་རི་ཁྲོད།
ཞང་ཞུང་སྒོ་པ་ཁྱུང་པོ་སྟེང་ཆེན་ཁ་གསེར་ཉ་མཚོ་འཁྱིལ་ཞེས་རྒྱ་ཉི་མ་འབྲུག་གྲགས་ཀྱི་མཁར་ཁམས་གསུམ་དབང་འདུས་ཆགས་ས།
ཞང་ཞུང་སྒོ་པ་ཁྱུང་པོ་སྟེང་ཆེན་ཁ་གསེར་ཉ་མཚོ་འཁྱིལ་ཞེས་རྒྱ་ཉི་མ་འབྲུག་གྲགས་ཀྱི་མཁར་ཁམས་གསུམ་དབང་འདུས་ཆགས་ས།
ཞང་ཞུང་སྒོ་པ་ཁྱུང་པོ་སྟེང་ཆེན་ཁྱུང་ནག་གདན་ས་ཝ་རྫོང་།
ཞང་ཞུང་སྒོ་པ་ཁྱུང་པོ་སྟེང་ཆེན་རྒྱབ་ཀྱི་ཁྱུང་རྫོང་འགོ།
ཁྱུང་པོ་སྟེང་ཆེན་ཁུལ་ཁྱུང་པོ་དཀར་ནག་སེར་གསུམ་གྱི་གདན་སའམ་ལྷ་རི་ལྷ་རྩེ་མཁར་བཅས་གསུམ་པོའང་རེ་རེ་ཡོད་པར་ངོས་འཛིན་བྱེད་ཅིང་། དེ་ཚོ་དངོས་དེ་ག་རེ་ཡིན་མིན་གྱི་གཏན་ཁེལ་ངོས་འཛིན་བྱེད་མི་ཤེས་པ་དེ་འདྲ་མི་ཡོང་བའི་ངེས་པ་མེད། དེ་བཞིན་དཔེར་ན་གནའ་བོའི་ཞང་ཞུང་རྒྱལ་རབས་རྣམས་ཀྱི་སྐབས་སུ་ཞང་ཞུང་ཡུལ་དབུས་ཁྱུང་ལུང་དངུལ་མཁར་ལ། མཁར་ཕྲན་བཅོ་བརྒྱད་ལ། བོན་གཤེན་བཅོ་བརྒྱད་བཞུགས། གསས་ཆེན་བཅོ་བརྒྱད་གསོལ། ཞེས་པའི་གཏན་ཚིག་ལྟར་སོག་གཡུང་དྲུང་གླིང་ལ་སྔགས་ཆེན་བཅོ་བརྒྱད་དམ་བཅུ་གཉིས་ཡོད་པ་དང་། བྱ་ཟེ་ཡང་རྫོང་གི་བཀོད་པ་ནི་ཞང་ཞུང་ཕུག་པ་ཤམ་པོ་ལྷ་རྩེའི་བཀོད་པ་ཡིན་པའི་ཤོད་རྒྱུན་ནི་ད་ལྟའི་བར་དུ་མ་ཉམས་པར་གནས་ཡོད་ལ། ཁྱུང་པོ་འབུམ་རྗེ་གྲགས་པའི་སྐབས་སུ་ཡང་ལྷ་རི་ལྷ་རྩེ་ལྷ་མཁར་བཅས་བརྡུང་ཞིང་། མཁར་བཅོ་བརྒྱད་བརྩེགས་པ་དང་། གསས་མཁར་བཅོ་བརྒྱད་བཞེངས་ཤིང་ཕ་མྱེས་ཀྱི་སྲོལ་རྒྱུན་སྐྱོང་མཛད་ཡོད། དེ་ལྟ་བུ་མེས་པོའི་མིང་དང་། མཁར་དང་། ལུགས་སྲོལ་སོགས་དེ་སྔོན་གྲགས་པ་ཆེ་བའི་མིང་དེ་ཚོ་གཡང་བསུ་བྱེད་ཅེས་མིང་དེ་དང་ཆ་འདྲ་བའི་བཏགས་སྲོལ་ནི་ད་ལྟའི་བར་དུ་མ་ཉམས་གནས་ཡོད། དེ་འདྲའི་སྲོལ་རྒྱུན་སྐྱོང་བའི་ཆོད་སེམས་ཅན་གྱི་མེས་པོ་རུས་པ་ཅན་དེ་ཚོ་ནི། ཨེ་མ་ཡ་མཚན་ཤིན་ཏུ་ཆེ། ཨེ་མ་ངོ་མཚར་རྨད་དུ་བྱུང་། ཞེས་པའི་ཁོ་བོས་ཀྱང་ཁ་གཡང་འབོད་པ་དང་ཆབས་གཅིག་རྩོམ་འཕྲོ་དང་བཅས་ཏེ་གནས་སྐབས་འདི་ནས་མཚམས་འཇོག་པར་བྱའོ། །
ཞང་ཞུང་ཁྱུང་ལུང་རྔུལ་མཁར་གུ་རུ་དཔལ་རྒྱས་མདོ་སྔགས་གྲགས་རྒྱས་གླིང་དུ་རྒྱ་སྒོམ་ཤེས་རབ་ཕུན་ཚོགས་ཀྱིས་ཟིན་བྲིས་སུ་བཏབ་པའོ།།
ལྕགས་བྱི་ལོ་༦-ཚེས༡༠ཉིན། ༢༠༢༠-༧-༢༩
དཔྱད་གཞིའི་ཡིག་ཆ། གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན། རླངས་ཀྱི་པོད་ཏི་བསེ་རུ་སོགས་ཆོས་འབྱུང་ཁག་ཅིག
རྩོམ་ཀྱི་ཡོང་ཁུངས་སམ་རྩོམ་པ་པོ། ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས།
སྒྲིག་འགོད་པ། ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས།
ལྟ་ཞིབ་པ། གུ་རུ་གྱམ་མདོ་སྔགས་གྲགས་རྒྱས་གླིང་རྩོམ་སྒྲིག་ཚོགས་ཆུང་།
བཀའ་དྲིན་ཆེ་ཞེས་ཞུ་ཡུལ། ལྡོང་པོ་དགྲ་འདུལ། དར་ཆུང་། རྒན་ཚུལ་ཁྲིམས་ཡེ་ཤེས།