བོན་གྱི་འདུ་གནས་དབྱེ་ལུང་གང་བར་ལ་དཔྱད་པ།
[ཟླ་ཚེས། 2020-05-31 10:08:10][རྩོམ་པ་པོ། གཙང་ཚ་བསམ་གཏན་འགྱུར་མེད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་བརྗོད་བྱ་གཙོ་བོ་ནི། ལོ་རྒྱུས་ཡིག་ཆ་ལས་གཡེ་ལུང་དང་། གཡའ་ལུང་། དབྱེ་ལུང་། ད་དུང་ཨེ་སོགས་ཟེར་ཡང་དོན་གཅིག་མིང་གི་རྣམ་གྲངས་ཡིན། དེ་ལྟར་ལུང་དུ་མར་འཁོད་པའི་འདུ་གནས་གཡེ་ལུང་གངས་སར་དང་རྗེ་ཡི་མགུལ་ལྷ་བཅུ་གསུམ་གྱི་ནང་ཚན་དབྱེ་ལྷ་སྤྱི་བསང་གཉེན་པོ་གཉིས་གནའ་བོའི་དཔེ་རྙིང་དང་ཡུལ་མིའི་ངག་རྒྱུན་ལ་དཔྱད་ནས་ངོས་འཛིན་བྱས་པ་ཞིག་ཡིན། གུས་པ་ས་ཆ་དངོས་ལ་ཐེངས་གྲངས་བདུན་ཙམ་ཕྱིན་ནས་ཞིབ་དཔྱད་བྱས་ནས་དཔྱད་རྩོམ་འདི་བྲིས་པ་ཡིན།
བརྡ་ཆད་གཙོ་བོ། འདུ་གནས་དབྱེ་ལུང་གང་བར། དབྱེ་མོ་ཡུལ་དྲུག གང་ཁང་གསར། 《བསྒྲགས་པ་རིན་ཆེན་གླིང་གྲགས》ལས། གཡེ་ལུང་གངས་སར་བོན་གྱི་འདུ་འཚོགས་གནས་༡ཞེས་དང་། 《མཛོད་སྒྲ་འགྲེལ》ལས། གཡའ་ལུང་གངས་སར། ༢ཞེས་དང་། 《དར་རྒྱས་གསལ་སྒྲོན》ལས། དབྱེ་ལུང་གང་བར་༣ཞེས་སོགས་དཔེ་རྙིང་མང་པོའི་ནང་དུ་འཁོད།
1 གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་ཆེན་གླིང་གྲགས། ཤོག་ངོས་༡༠༧ལས་གསལ། དྲན་པ་ནམ་མཁས་མཛད། མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༡༠ལོའི་ཟླ་༩པར་དཔར།
2 དྲན་པ་ནམ་མཁས་མཛད་པའི་བདེན་པ་བོན་གྱི་མཛོད་སྒྲ་འགྲེལ་ཤོག་ངོས་༢༡ལས་གསལ། ཝཱ་ཎ་མཐོ་སློབ་ནས་༡༩༩༣ལོར་དཔར།
3 སྤ་སྟོན་བསྟན་རྒྱལ་བཟང་པོས་མཛད་པའི་བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན། ཤོག་ངོས་༢༨༦ལས་གསལ། མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༡༠ལོའི་ཟླ་༩པར་དཔར།
4 དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པའི་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ། ཤོག་ངོས་༩༢ལས་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༡༩༨༨ལོའི་ཟླ་༡༡པར་དཔར།
5 མཁར་ནག་སྐལ་བཟང་རྒྱ་མཚོས་མཛད་པའི་མཁར་ནག་ཆོས་འབྱུང་། ཤོག་ངོས་༢༧༦ལས་གསལ། སེར་གཙུག་ནས་དཔར།
6 མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ། ཤོག་ངོས་༢༤༦ལས་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༡༩༨༧ལོའི་ཟླ༦པར་དཔར།
7 འབྲི་གུང་སྐྱབས་མགོན་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་གྲུབ་ཀྱིས་མཛད་པའི་ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་བྱུང་བ་བཙན་པོའི་རྒྱལ་རབས། ཤོག་ངོས་༣༦ལས་གསལ།
8 འབྲི་གུང་སྐྱབས་མགོན་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་གྲུབ་ཀྱིས་མཛད་པའི་ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་བྱུང་བ་བཙན་པོའི་རྒྱལ་རབས། ཤོག་ངོས་༣༨ལས་གསལ།
9 སྲིད་པའི་ལྷ་རྒོད་དྲག་བདར་དབུ་ཕྱོགས་བཞུགས། ཤོག་ངོས་༩ལས་གསལ། ལྷ་ས་ཡེར་པའི་གཏེར་མ། རག་ཤིའི་བསང་ཡིག་ཞེས་བྲིས་མ་པར་སློག
༼ཨེ་མོ་ཡུལ་དྲུག་ནི།༽ ཨེ་གོང་པོ་དང་། ཨེ་ཟེ་མཁར། ཨེ་ལྷ་རྒྱལ་རི། ཨེ་བསེའུ། ཨེ་སྟོད་གཟིགས། ཨེ་ཆུ་མདོ་བཅས་ཡིན་ངེས་ཞེས། ཆུ་གསུམ་རིག་གནས་ཅུད་ཀྱི་ཅུད་དཔོན། བསོད་ནམས་བག་དྲོས་བཞེད་དོ། །
བརྡ་ཆད་གཙོ་བོ། འདུ་གནས་དབྱེ་ལུང་གང་བར། དབྱེ་མོ་ཡུལ་དྲུག གང་ཁང་གསར། 《བསྒྲགས་པ་རིན་ཆེན་གླིང་གྲགས》ལས། གཡེ་ལུང་གངས་སར་བོན་གྱི་འདུ་འཚོགས་གནས་༡ཞེས་དང་། 《མཛོད་སྒྲ་འགྲེལ》ལས། གཡའ་ལུང་གངས་སར། ༢ཞེས་དང་། 《དར་རྒྱས་གསལ་སྒྲོན》ལས། དབྱེ་ལུང་གང་བར་༣ཞེས་སོགས་དཔེ་རྙིང་མང་པོའི་ནང་དུ་འཁོད།
དེ་ལྟར་འཁོད་པའི་འདུ་གནས་གང་དུ་ཡོད་པ་ངོས་འཛིན་བྱེད་པ་ལ། 《བོན་གྱི་བསྟན་འབྱུང་བསྐལ་བཟང་མགྲིན་རྒྱན》ལས། གཡེ་ལུང་གང་བར་ནི་ཨེ་དག་གི་མཚམས། ༤ཞེས་བྱུང་བས། འདུ་གནས་དེ་ཨེ་དང་དྭགས་གཉིས་ཀྱི་མཚམས་སུ་ཡོད་པར་བཤད། དེ་ལས་ཨེ་ནི་དེང་དུས་ཆུ་གསུམ་རྫོང་ཁོངས་སུ་ཡིན་ཏེ《མཁར་ནག་ཆོས་འབྱུང》ལས། རྗེ་བཙུན་ཙོང་ཁ་པའི་བསྟན་པ་ཨེའམ་དབྱེའི་ཕྱོགས་སུ་དར་ཚུལ་ནི། ༥ཞེས་པ་ལས་གསལ། དེ་ཡང་ས་མིང་འདི་ལ་གཡེ་དང་གཡའ། དབྱེ། ཨེ་སོགས་འབྲི་ལུགས་འགའ་ཡོད། དག་ནི་དྭགས་ཏེ་དྭགས་པོ་ལ་གོ་དགོས་པ་ཡིན་ཏེ་རྒྱུ་མཚན་ནི་ས་ཆ་དེར་གང་ཁང་གསར་ཞེས་པའི་ལུང་པ་ཞིག་ཡོད་པ་དེའི་བྱང་ཕྱོགས་མཚམས་ནས་དྭགས་པོའི་ས་དང་སྦྲེལ་ཡོད་པས་སོ།། དེར་མ་ཟད་གང་ཁང་གསར་ཡུལ་མི་རྒན་རབས་ཚོས་ལོ་གསར་ཚེས་པ་གཅིག་དང་ལྔ་ལ་དྭགས་ཆས་གྱོན་པའི་ལུགས་སྲོལ་ད་དུང་བསྡད་འདུག་པས་ས་ཆ་དེ་དྭགས་པོ་དང་འབྲེལ་བ་དམ་ཟབ་ཡོད་པར་མཚོན། སྤྱིར་ཨེ་ཡི་ཁུལ་འདིར་ཨེ་ལྷ་རྒྱལ་རི་ནི་བོད་བཙན་པོའི་རྒྱལ་རྒྱུད་མངའ་བདག་དཔལ་འཁོར་བཙན་གྱི་རྒྱུད་པ་ས་སྐྱོང་རྒྱལ་རི་བའི་ཕོ་བྲང་གནས་ས་ད་ལྟའི་རྫོང་གི་ལྷོ་ངོས་ཕོ་བྲང་ཡོད་ས་དེར་ཡིན་ཀྱང་ལོ་རྒྱུས་དང་རིག་གནས་ལག་ཤེས་སོགས་གཙོ་ཆེ་བ་གང་ཁང་གསར་འདིར་འབུར་དུ་ཐོན་པ་མ་ཟད་ལོ་རྒྱུས་དུས་ཚོད་རིང་བ་ངེས་ཏེ། གཅིག་ནི་གང་ཁང་གསར་ཞེས་པའི་ལུང་པ་འདིར་གསས་མཁར་དང་དགོན་པ་རི་ཁྲོད་ལྷ་ཁང་མཆོད་རྟེན་སོགས་ཀྱི་ཤུལ་མང་པོ་ཡོད་པ་མ་ཟད། གཏེར་སྟོན་དང་རས་པའི་གདུང་རྒྱུད་ཡིན་པའི་བླ་མའི་ཁྱིམ་རྒྱུད་ཡིག་བྲིས་དང་ལྷ་བྲིས་རྫ་བཟོ་མཁན་ལྷ་མོའི་འཁྲབ་སྟོན་པ་སོགས་ཀྱི་རྒྱུད་འཛིན་ཕུལ་དུ་བྱུང་བ་མང་པོ་ད་ལྟའི་བར་དུ་ཡོད། ཡིག་གཟུགས་ཨེ་བྲིས་ཞེས་པ་ཨེ་པ་དྲུང་ཡིག་གིས་བྲིས་པའི་ཡིག་གཟུགས་ལ་ཟེར། བོད་ས་གནས་སྲིད་གཞུང་གི་དྲུང་ཡིག་ལ་ཨེ་དྲུང་དང་དེ་དག་ལས་ཁུངས་ལ༼ཨེ་ཁང༽སོགས་ལབ་སྲོལ་ཡོད། ཨེ་པ་དྲུང་ཡིག་གིས་སྐབས་དེར་གནས་བབས་ངེས་ཅན་བཟུང་མྱོང་བ་དང་། ལྷ་བྲིས་དམིགས་བསལ་གསེར་ཐང་དང་རྒྱལ་བ་ལྔ་པ་གོང་མ་མཇལ་འཕྲད་མཛད་པ་སོགས་རྩེ་པོ་ཏ་ལའི་ལྡེབས་རིས་འབྲི་མཁན་བཅས་ལུང་པ་འདི་ནས་བྱུང་བར་བཤད། ད་དུང་གྲོང་ནང་དུ་མངའ་བདག་གི་མཁར་ཤུལ་གྱང་རལ་དང་ལོ་ལྔ་སྟོང་ཅན་གྱི་ཤིང་སྦྱར་པའི་སྡོང་པོ་དང་ལོ་ཆིག་སྟོང་ཅན་གྱི་ལོ་རྒྱུས་ཡོད་ཟེར་བའི་ཤུགས་པའི་སྡོང་པོ་སོགས་ཤིང་སྡོང་ཆེན་པོ་འགའ་ཞིག་ཡོད་ཀྱང་སྲུང་སྐྱོབ་བྱེད་མཁན་དེ་ཙམ་མེད་པའི་རྣམ་པ་མངོན། དེང་སྐབས་གང་ཁང་གསར་ལ་གོང་དེར་ཨེ་དགོན་པ་སར་ཞེས་པ་རིག་གསར་སྐབས་སུ་གཏོར་བའི་དགོན་ཤུལ་ཡོད་ལ། གང་ཁང་གསར་ཟེར་བ་འདི་ཐོག་མར་གང་སར་རམ། གངས་སར། གང་བར་སོགས་ཟེར་ཞིང་རྗེས་སུ་ལྷ་རྒྱལ་རིའི་རྒྱུད་པ་ཡུལ་འདིའི་མངའ་བདག་གི་མཁར་རྫོང་གསར་པ་བཞེངས་ནས་དབྱེ་ལུང་གང་བར་གྱི་སྔོན་ཆགས་ས་མིང་དང་རྗེས་བསྐྲུན་མཁར་མིང་གཉིས་ཡུལ་ལ་བཏགས་ཏེ་གང་ཁང་གསར་ཞེས་འགྱུར་བ་མིན་ནམ་སྙམ་པ་བྱུང་ལ་ད་ལྟའང་ལུང་པ་སྤྱིའི་མིང་ལ་གང་ཁང་སར་དང་ལུང་པའི་སྟོད་ཀྱི་གྲོང་ཚོ་ལ་གང་སྟོད་གྲོང་ཚོ་དང་ལུང་པའི་སྨད་ཀྱི་གྲོང་ཚོ་ལ་གང་སྨད་གྲོང་ཚོ་ཟེར་བཞིན་འདུག་པས་བསམ་གཞིག་བྱས་ན་རྟོགས་ནུས་སོ།།
གཉིས་ནས་ལོ་རྒྱུས་ཡིག་ཆ་དུ་མར་འཁོད་པའི་ས་ཆ་གལ་ཆེན་ཞིག་ཡིན་ཏེ། ལོ་ངམ་གྱིས་ཉང་རོ་ཐལ་བ་ཚལ་དུ་གྲི་གུམ་བཙན་པོ་བཀྲོངས་ནས་སྐུ་གདུང་ཟངས་སྒམ་ཁ་སྤྲོད་ནང་དུ་བཅུག་ནས་གཙང་ཆུའི་ནང་དུ་འཕང་བ་དེ་ཆབ་གཞུག་གསེར་ཚངས་སུ་ཀླུ་འོ་དེ་བེད་དེ་རིངས་མོས་ཉར། རུ་ལ་སྐྱེས་གྲི་གུམ་པུར་གླུད་བར་ཕྱིན་ཚེ་ཀླུ་འོ་དེ་རིང་མོས་གླུད་རིན་ཡོན་དུ་མིའི་བུ་མོ་བྱ་ལོ་བ་མིག་བྱ་མིག་ལྟར་འོག་ནས་ཡར་དུ་འགེབ་པ་ཞིག་དགོས་ཟེར་བ་བཙལ་བཙལ་བས་ཐ་མ་ཡུལ་དབྱེ་ལུང་གང་བར་ནས་རྙེད་པར་ཡིན་ཏེ། 《ལྡེའུ་ཆོས་འབྱུང》ལས། ཨེའི་གང་བར་སྤུས་འོག་ན་ཕ་མཚར་ལ་སྦ་ཐེན་བྱ་བ་དང་མ་སྦོས་བཟའ་ཕྱུག་མོ་བྱ་བ་ལ། བུ་མོ་མིང་དགེ་ཡུ་བྱ་བ་དེ་འདྲ་བ་གཅིག་འདུག ༦ཞེས་དང་། རྒྱལ་རབས་སིལ་མའི་སྐབས་སུ་ཡུལ་དབྱེ་མོ་ལུང་ཟེར་བ་ཡོད་དེ། ཏུན་ཧོང་ཡིག་རྙིང་ལས་བྱུང་བ། 《བཙན་པོའི་རྒྱལ་རབས》ལས། ཡུལ་དབྱེ་མོ་ལུང་བཞི་ན། རྗེ་དབྱེ་རྗེ་མཁར་བ། བློན་པོ་དབོ་དང་། རྟུག་གཉིས། ལྷོ་ཁ་དབྱེའམ། ཨེའི་ས་ཁུལ། ༧ཞེས་གསལ་བར་གསུངས་ཡོད་པའི་ཕྱིར་རོ།། ཡང《ཏུན་ཧོང་ཡིག་རྙིང》ལས། དབྱེ་མོ་ཡུལ་དྲུག་ནའ་རྗེ་མཁར་པའ། ལྷ་དབྱེ་བླ་སྤྱི་བགངས། ཕོ་གུམ་དང་ཕོག་རོལ། དབྱེ་རྟ་ཐང་མངས། ༨ཞེས་དང་། 《ལྷ་རྒོད་དྲག་བདར》ལས། བསྭོ་ཡུལ་ནི་དབྱལ་མོ་ཡུལ་དྲུག་ན། ཡུལ་ལྷ་སྤྱི་བསང་གཉེན་པོ་བསྭོ། ༩ཞེས་དབྱེ་ལྷ་སྤྱི་གངས་སམ་སྤྱི་བསང་གཉེན་པོ་ཞེས་པའི་ཡུལ་ལྷ་ཞིག་ཡོད་དགོས་པ་དེའང་ད་ལྟའི་པུ་དྲངས་ལ་ཡི་གཡས་ཕྱོགས་སུ་ཡོད་པའི་ཡུལ་མིས་ཨེ་ལྷ་སྤྱི་དཀར་ཞེས་ཡབ་འོད་དེ་གུང་རྒྱལ་དང་ཡུམ་ཨེ་མ་ཐང་ཤོད་མའི་སྲས་ཨེ་ལྷ་སྤྱི་དཀར་ཞེས་པའི་རི་དེ་ཡིན་ངེས་ལ། ཡུལ་འདི་གར་ལོ་ལྟར་ཟླ་བ་དང་པོའི་ཚེས་༡༥ལ་ཡུལ་མིས་ཡུལ་གྱི་ལྷ་ཆེན་རོང་ལྷ་རྒྱལ་མཚན་གསོལ་བའི་ལུགས་སྲོལ་ཡང་ཡོད་འདུག་པས་རྒྱུ་མཚན་ངེས་ཅན་ཡོད་པའོ།། ཞོར་འཕྲོས་ཆུ་གསུམ་རྫོང་གི་ཉེ་བའི་བྱང་ཕྱོགས་སུ། མདོ་མཁར་འགྱིང་མཁར་ཐང་གི་གནའ་བོའི་བང་སོ་ཆེ་ཆུང་ཉེར་གཅིག་འདིའི་རྩིག་པ་ལ་དམིགས་བསལ་འཛུགས་སྐྲུན་ཅན་ཏེ། སྤེན་མ་དང་གྱང་ས་གཡམ་རྡོ་བཅས་སྦྲགས་རྩིག་བྱས་པ་གྱང་ཞེང་སྤྱི་ཁྲེ་བཞི་ཙམ་ཡོད་པའི་བང་སོ་ཆེ་ལ་ངོ་མཚར་ཅན་ཡོད་ཀྱང་ལོ་རྒྱུས་ཁ་གསལ་བ་ཞིག་མེད་ནའང་དབྱེ་རྗེའི་མཁར་དང་འབྲེལ་བ་ཡོད་མེད་སོགས་མ་འོངས་ལོ་རྒྱུས་ཀྱི་དཔྱད་གཞི་གལ་ཆེན་ཞིག་ཏུ་མངོན་ནོ།། འདུ་གནས་དེང་དུས་གནས་ཡུལ་ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་གང་སྟོད་གྲོང་ཚོ་ལ་ཡོད། རྫོང་ནས་སྤྱི་ལེ་༢༧སྣུམ་ནག་ལམ་ཆུང་བརྒྱུད་འདིར་འབྱོར་ཐུབ་ལ་རྫོང་ལ་མ་ཕྱིན་པར་གང་ཁང་གསར་ལ་ཐད་ཀར་འགྲོ་སའི་ཉེ་ལམ་ཞིག་ཀྱང་ཡོད་དོ།།
མཆན་དང་དཔྱད་གཞིའི་ཡིག་རིགས།1 གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་ཆེན་གླིང་གྲགས། ཤོག་ངོས་༡༠༧ལས་གསལ། དྲན་པ་ནམ་མཁས་མཛད། མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༡༠ལོའི་ཟླ་༩པར་དཔར།
2 དྲན་པ་ནམ་མཁས་མཛད་པའི་བདེན་པ་བོན་གྱི་མཛོད་སྒྲ་འགྲེལ་ཤོག་ངོས་༢༡ལས་གསལ། ཝཱ་ཎ་མཐོ་སློབ་ནས་༡༩༩༣ལོར་དཔར།
3 སྤ་སྟོན་བསྟན་རྒྱལ་བཟང་པོས་མཛད་པའི་བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན། ཤོག་ངོས་༢༨༦ལས་གསལ། མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༡༠ལོའི་ཟླ་༩པར་དཔར།
4 དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པའི་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ། ཤོག་ངོས་༩༢ལས་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༡༩༨༨ལོའི་ཟླ་༡༡པར་དཔར།
5 མཁར་ནག་སྐལ་བཟང་རྒྱ་མཚོས་མཛད་པའི་མཁར་ནག་ཆོས་འབྱུང་། ཤོག་ངོས་༢༧༦ལས་གསལ། སེར་གཙུག་ནས་དཔར།
6 མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ། ཤོག་ངོས་༢༤༦ལས་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༡༩༨༧ལོའི་ཟླ༦པར་དཔར།
7 འབྲི་གུང་སྐྱབས་མགོན་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་གྲུབ་ཀྱིས་མཛད་པའི་ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་བྱུང་བ་བཙན་པོའི་རྒྱལ་རབས། ཤོག་ངོས་༣༦ལས་གསལ།
8 འབྲི་གུང་སྐྱབས་མགོན་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་གྲུབ་ཀྱིས་མཛད་པའི་ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་བྱུང་བ་བཙན་པོའི་རྒྱལ་རབས། ཤོག་ངོས་༣༨ལས་གསལ།
9 སྲིད་པའི་ལྷ་རྒོད་དྲག་བདར་དབུ་ཕྱོགས་བཞུགས། ཤོག་ངོས་༩ལས་གསལ། ལྷ་ས་ཡེར་པའི་གཏེར་མ། རག་ཤིའི་བསང་ཡིག་ཞེས་བྲིས་མ་པར་སློག
༼ཨེ་མོ་ཡུལ་དྲུག་ནི།༽ ཨེ་གོང་པོ་དང་། ཨེ་ཟེ་མཁར། ཨེ་ལྷ་རྒྱལ་རི། ཨེ་བསེའུ། ཨེ་སྟོད་གཟིགས། ཨེ་ཆུ་མདོ་བཅས་ཡིན་ངེས་ཞེས། ཆུ་གསུམ་རིག་གནས་ཅུད་ཀྱི་ཅུད་དཔོན། བསོད་ནམས་བག་དྲོས་བཞེད་དོ། །
རྩོམ་ཡིག་འདི་《བགྲེས་པོའི་འབེལ་གཏམ》སྤྱི་དེབ་ཉི་ཤུ་པ་ལས་ཞལ་བཤུས་སོ། །