གཡས་ལྗོངས་ཕྱུག་མོ།
[ཟླ་ཚེས། 2017-04-26 19:48:58][རྩོམ་པ་པོ། མྱང་རྒྱལ་བསྟན་དྲི་མེད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
བོད་ལྗོངས་དཔལ་འབར་རྫོང་ལྕགས་གོང་ཤང་གཡས་ལྗོངས་ཕྱུག་མོ་ནི། གངས་ཅན་ཁ་བ་བོད་ཀྱི་དབུས་དཀྱིལ་གྱི། མདོ་ཁམས་ཆུ་བཞི་སྒང་དྲུག་ནང་མཚན་དུ། མདོ་སྟོད་གཡས་ལྗོངས་ནོར་གྱིས་ཕྱུག་པའི་ནང་། ཀུན་དགའ་ངོ་མཚར་གནས་ཀྱི་བཀོད་པ་ནི། མེད་པ་ལྔ་ལྡན་བོན་གྱི་ཞིང་ཁམས་སུ། སྙིང་རྗེའི་ལྷ་གཅིག་གཤེན་ལྷ་འོད་དཀར་ཞེས། མཚན་ཙམ་ཐོས་པའི་འགྲོ་བའི་སྒྲིབ་གཉིས་བྱང་། ལྷ་ཆེན་དེ་ཡི་ཐུགས་ཀྱི་སྲས་ཀྱི་མཆོག། ལྷོ་ཕྱོགས་སྐྱོང་བའི་འཛམ་བུ་ཀླུ་དྲོས་དང་། ཞིང་སྐྱོང་གསའ་ཕུ་མགོན་ལྷ་དཀར་པོའམ། སད་ཝེར་ཀླུ་ཡི་རྒྱལ་སོགས་མཚན་ཡང་གསོལ། གངས་དཀར་རྩེ་མོ་དགུང་སྔོན་དབྱིངས་སུ་རེགས། རྐེད་པ་ལྷུན་ཆགས་འཇའ་སྤྲིན་འོད་དུ་འཁྱིལ། རྩ་བ་ཀླུ་རྒྱལ་འཇོག་པོའི་གནས་སུ་གཟུགས། ཕྱི་འཁོར་སྟོང་རྩ་བར་འཁོར་སུམ་བརྒྱ་དྲུག ནང་འཁོར་བཅུ་གསུམ་ཀླུ་སྨན་ཡུམ་དང་བཅས། ལྷ་ཀླུ་གཟའ་དང་རྒྱུ་སྐར་ཕྱོགས་བཅས་སྐོར། བདག་ཅག་རྣལ་འབྱོར་ཕོ་ལྷ་དཀར་པོ་ཡིན། དབལ་བོན་ཁྲོ་རྒྱལ་བཀའ་ཡི་ཕོ་ཉ་དེའི། སྐུ་སྲས་ཕུ་བོ་འབྲོང་རྗེ་ཐོག་རྒོད་ནི། བྲ་ནག་སྲིན་པོ་དགྲ་ལ་ཁྲོས་པ་འདྲ། རྩེ་མོ་ཟུར་གསུམ་ཕུར་བའི་དབྱིབས་སུ་དོད། མེ་རིའི་ཚུལ་དུ་གངས་ཀྱི་དབལ་སོ་དང་། ཐོག་སེར་འབྲུག་སྒྲའི་ཀློང་དུ་རྔམས་ཞིང་བརྗིད། གནོད་སྦྱིན་དཔའ་བོ་དགྲ་ལྷའི་རླུང་རྟ་བསྐྱེད། བྱེས་སུ་འགྲོ་བའི་ལམ་ལྷ་གཉེན་པོ་ཡིན། གསུང་གི་ཁྲོ་བོ་ལྷ་རྒོད་བཀའ་གཉེན་ནི། ཡུལ་ལྷ་མདུང་རྩེ་བརྗིད་ཆགས་གནས་འདིར་བཞུགས། བྲག་དཀར་གངས་རི་ལྷ་བཤོས་བཤམས་དང་མཚུངས། གཞིས་སུ་འདུག་ན་ཚེ་ཡི་རྫིའུ་མཛད། རིག་འཛིན་བླ་མ་རྣམས་ཀྱི་དམ་གནས་པ། གཡུ་ཡི་ཟུར་ཕུད་ལྷུན་ཆགས་བལྟ་ན་མཛེས། ཕྱུགས་ཀྱི་འཕེལ་ཁ་ཟས་ཀྱི་བཅུད་གཡང་སྟེར།འབྲོང་ཆེན་ཞལ་དཀར་རྟ་སོ་མཆེད་བརྒྱད་ནི། བྲག་དཀར་དུང་སོ་གྲལ་དུ་སྒྲིག་འདྲ་ཡོད། ཡུལ་ཕྱོགས་འདི་རུ་གཏན་གྱི་བྱ་ར་མཛད། གཞན་ཡང་ར་དབྱིས་བྲག་དམར་ལྷ་བཙན་དང་། ཕྱི་བ་བྲག་ནག་རོང་འཇམ་མདུང་རྩེ་དང་། མོ་མ་རྒྱ་བོ་ལྷ་བཙན་རྟ་དམར་དང་། འགའ་ར་རྒྱ་བོ་གཙོས་པའི་གཞི་བདག་རྣམས། རྗེ་ལ་འབངས་ཀྱིས་སྐོར་བའི་ཚུལ་དུ་བཞུགས། འབྲོང་ཆེན་འབྲོང་ཆུང་གཉིས་ནི་ནག་ཆུང་ནོར་གྱི་བང་མཛོད་འབྲི་མོའི་ལྷས་རྒྱ་ཆེ་ཞིང་བེའུ་ཆུང་རྩེ་གར་འཁྲབ་པ། གཡག་རྒོད་རྭ་རྩེད་རྩེ་ཞིང་དྲག་པོའི་ངར་སྒྲ་དང་བཅས་འཛམ་པ་ལྷ་ཡི་ནོར་གཡང་མ་ཉམས་པ་དང་། ལྷ་ཆེན་ལྷ་ཆུང་གཉིས་ནི་གཡང་དཀར་ལུག་གི་ལྟེ་བ། གཡེར་ཆེན་གཡེར་ཆུང་གཉིས་ནི་ཚེ་ཚེ་ར་ཡི་ཕ་ས། ག་ཆེན་ག་ཆུང་གཉིས་ནི་འདོ་བ་རྟ་ཡི་ལུང་པ། རི་ལུང་གླང་ལུང་གཉིས་ནི་དབྱར་རྩ་དགུན་འབུའི་གཏེར་ཁ། ར་དབྱིས་ཡར་མར་གཉིས་ནི་གཡའ་གྲོ་སྤང་གྲོའི་གཏེར་ཁ། སྤྲིལ་ལུང་ཡར་མར་གཉིས་ཅང་ཞི་རྡོ་སྨན་གཏེར་ཁ། གྱེན་ལ་སྟོང་ལ་གཉིས་ནི་སྔོ་སྨན་བཟང་དྲུག་གཏེར་ཁ། གསེར་ཁ་ཟངས་ལྕགས་ལ་སོགས། རང་བྱུང་གཏེར་ཁ་སྣ་ཚོགས་དང་། ཤུག་པ་བ་ལུ་འཁན་པ་ལ་སོགས་ལྷ་ཤིང་། འོམ་བུ་ཉང་བྲིད་ལ་སོགས་ཀླུ་ཤིང་། སེ་བ་སྐྱེ་བ་ལ་སོགས་བཙན་ཤིང་། ཨབ་ས་སྙག་ག་ལ་སོགས་བྱུར་ཤིང་། སྟག་མ་གླང་མ་ལ་སོགས་དུག་ཤིང་བཅས་སྡོང་ཐུང་ཤིང་རིགས་སྣ་ཚོགས་ཡོད་པས་དབྱར་དུས་སུ་སྟག་མ་བ་ལུ་འོམ་བུ་སེ་བ་སྤེན་མ་རྣམས་ཀྱང་མེ་ཏོག་དཀར་སེར་དམར་སྔོ་བཅས་འཇའ་ཚོན་གྱི་དྲྭ་བ་འཁྲིགས་ཤིང་། སྐྱེ་བོ་ཀུན་ཡིད་ཀྱི་དབང་པོ་དབང་མེད་དུ་འཕྲོག་པ་ཡོད་། བྱ་རྒོད་དང་དང་ཁྲ་གླག་གོ་བོ་འུག་པ་ནེའུ་ལེ་སོགས་ཤ་གཟན་གྱི་བྱ་རིགས། ལྷ་བྱ་ཁུ་བྱུག་དང་གོང་མོ་བྱ་ཝང་འཇོལ་མོ་བཅས་ཀྱི་སྙན་འཇེབས་ཀྱི་སྒྲ་སྒྲོག་ཅིང་སྙན་དབང་གསོ་བའི་བདུད་རྩི་དང་། གངས་ཆུ་དང་རྫ་ཆུ་གཡའ་ཆུ་རྣམ་ལྷུང་ལྷུང་དུ་འབབ་ཅིང་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་དལ་འགྲོས་སུ་བབ་སྟེ་ཧིན་དྷུ་རྒྱ་མཚོའི་ཕྱོགས་སུ་བསྐྱོད་པ། དེ་ཡང་ར་དབྱིས་གསེར་མཚོ་ལ་སོགས་མཚོ་དང་མཚེའུ་རྣམས་སུ་ངང་ངུར་འདབས་ཆགས་རྣམས་སྐོར་ལྡིང་དང་ཆུ་རྐྱལ་རོལ་བ། ཉ་སྲམ་སྦལ་ལྕོང་རྣམས་ཀྱང་རྒྱབ་འགྲོས་སུ་འཁྱུག་པ། ཤ་བ་དང་གླ་བ་རྣ་བ་ལ་སོགས་རི་དྭགས་ཚོགས་རྣམས་རྩེད་རྒྱུགས་འཁྲབ་པ། དྲེད་དང་གཡི་གསའ་ལ་སོགས་གཅན་གཟན་རྣམས་ཁྲོ་གཏུམ་གྱི་ངར་སྒྲ་སྒྲོག་ཅིང་ཤ་ཁྲག་ཁ་ཟས་ལོངས་སུ་སྤྱོད་པ་ཡོད། གཞན་ཡང་ཡུལ་འདིར་རྡོ་སོལ་དང་ཅོང་གཞི་ལས་གྲུབ་པའི་རང་བྱུང་ཆུ་ཚན་སོགས་སྣོད་བཅུད་དགེ་མཚན་དུ་མའི་ཕྱུག་པ་མ་ཟད། འབྲོང་རྗེ་ཐོག་རྒོད་ཀྱི་སྐུ་མདུན་དུ་ཁོང་གི་ཆེབས་ཆེན་བྲག་ནག་རྟིང་དཀར་གྱི་ཞབས་རྗེས་ངོ་མཚར་ཅན་ཡོད་པ་དེ། ཕྱིས་སུ་ཁ་ཅིག་གིས་རྟ་རྐྱང་རྒོད་ཀྱི་ཞབས་རྗེས་ཡིན་ཟེར་སྲོལ་འདུག ཆིབས་ཀྱི་རྟོད་ཕུར་ཞེས་པ་ཤུག་སྡོང་ཆེན་པོ་ཞིག་དང་དེ་ལས་ཅུང་ཐུང་བའི་ཤུག་སྡོང་མཐོ་ཚད་རྨིད་བཅུ་གཉིས་ལྷག་ཙམ་དང་སྦོམ་ཙད་རྨིད་གསུམ་ཡན་མན་ཙམ་ཡོད་པ་ཞིག་བཅས་ཤུག་སྡོང་གཉིས་ཡོད་ཀྱང་ ཤུག་སྡོང་ཆེ་བ་དེ་རིག་གསར་གཏོར་སྐྱོན་ཐེབས་སོང་བའི་ད་ལྟ་ཤུལ་ཙམ་ལས་ལྷག་མེད། འོན་ཀྱང་ཤུག་སྡོང་ཆུང་བ་དེ་གཞན་དང་མི་འདྲ་བའི་ངོ་མཚར་གྱི་རྟགས་སུ་རྩེ་མོ་མ་གཏོགས་སྡོང་པོ་སྤྱི་ལ་ཡལ་ག་མེད་པ་དང་། སྡོང་པོའི་རྐེད་པ་མན་ལ་ཤིང་ཤུན་དེ་ཙམ་མེད་ཅིང་། སྡོང་པོའི་ཐོག་ཏུ་རྟ་ཡི་སྤུ་སྣ་མང་པོ་ཞིག་ཡོད་པ་ད་ལྟ་ཚང་མའི་མཐོང་རྡོལ་དུ་གྱུར་ཡོད། འབྲོང་རྗེའི་སྦྲ་གུར་དང། མར་སྒམ། གཏེར་སྒམ། འགའ་རའི་འགར་རྡོ་དང་། འགར་ཆུ། མོ་མའི་མོ་རྡིལ་སོགས་རང་བྱུང་བྲག་དང་ཕ་བོང་སོགས་ངོ་མཚར་ཆེ་བའི་མཐོང་ཆོས་དུ་མ་སྐྱེ་བོ་ཀུན་གྱི་མིག་གིས་དགའ་སྟོན་དུ་གྱུར་ཡོད་། ད་དུང་ལོ་རྒྱུས་དང་འབྲེལ་བའི་གཏམ་རྒྱུད་མང་པོ་ཞིག་དམངས་ཁྲོད་དུ་ཁྱབ་པ་དེ་ཚོ་འདིར་འབྲི་བའི་ངལ་བ་མ་བླངས།
༡༩༥༢ཆུ་འབྲུག་ལོར་༧གཡུང་དྲུང་བོན་གདན་ས་ཆེན་པོ་དཔལ་ལྡན་སྨན་རི་དགོན་གྱི་མཁན་པོ་༧བསྟན་པ་བློ་གྲོས་མཆོག་རྒྱ་ཤོག་ཡུལ་དུ་འགྲོ་དོན་ཕེབས་སྐབས་གཡས་ལྗོངས་ལྷ་སྡེ་ཡོངས་ཀྱི་གསོལ་གདབ་རེ་འདུན་བཞིན། ཡུལ་འདིར་ཞབས་སོར་བཀོད་དེ། དད་ལྡན་ལྷ་སྡེ་མི་དམངས་ཡོངས་ལ། ཚེ་དབང་བྱ་རི་མའི་དབང་དང་། བོན་གྱི་འཇུག་སྒོ་དད་པ་དང་སྐྱབས་འགྲོའི་སྐོར་སོགས་འཁྲིད་དང་། སྙིང་པོ་རྣམ་གསུམ་གཙོས་ཕྱི་ནང་གསང་གསུམ་གྱི་རྒྱུད་སྡེ་མང་པོའི་ཡིད་དམ་གྱི་ཐུགས་འཛབ་ལུང་རྩལ་བ་བཅས་ཀྱི་བཀའ་དྲིན་སྐྱོང་བ་མ་ཟད། ཡུལ་འདིར་ལོ་ལྟར་ལྷ་གསོལ་དང་སྤྱི་རིམ་སྒྲུབ་རྒྱུའི་སྲོལ་བཟང་དར་སྤེལ་བཏང་། དེ་ཚུན་གཡས་ཕུ་གྲོང་གི་ལོ་ལྟར་རི་གསོལ་སྤྱི་རིམ་དེ་ལྷ་འགུས་སྟེང་དུ་མ་ཆགས་པ་བྱེད་སྲོལ་ཡོད། ད་ལྟ་ཡུལ་འདིར་ཡོད་པའི་༧བ་ཀ་མ་ཡི་དུར་ཆེན་ནི་ཤེལ་ཞིག་བླ་མ་གཡུང་དྲུང་དབང་རྒྱལ་གྱིས་ས་གཟིགས་དང་ས་འབེབས་གནང་བ་ཞིག་ཡིན། དམ་པ་ཁོང་གིས་ཐོག་མར་དུར་ས་འདིར་ཕྱག་འདེབས་སྐབས་དཀྱིལ་འཁོར་བཞེངས་པའི་ཆ་རྐྱེན་མ་འཛོམས་པས། ཕྱོགས་བཞི་ཕུར་པ་རེ་བཏབས་ཏེ་ཕྱིས་སུ་ཞི་ཁྲོའི་དཀྱིལ་འཁོར་བཞེངས་དགོས་པའི་བཀའ་སློབ་རྩལ་ཞིང་ཐུགས་སྨོན་རྒྱ་ཆེར་མཛད། ད་ལྟ་ལྷ་འགུས་སྟེང་དུ་༧གཡུང་དྲུང་བསྟན་རྒྱས་ཁང་ཞེས་བོན་གྱི་ལྷ་གསོལ་དང་སྤྱི་རིམ་བྱེད་སའི་ལྷ་ཁང་ཆུང་ཆུང་ཞིག་བཞེངས་ཡོད་པ་དེ། ཡུལ་དེའི་ལྷ་སྡེ་མི་དམངས་ཡོངས་ཀྱིས་རེ་འདུན་ལྟར་འབྲེལ་ཡོད་རིམ་ཁག་དང་ལྷག་པར་ལྕགས་གོང་ཤང་མི་དམངས་སྲིད་གཞུང་ནས་ཐུགས་འཁུར་ཟབ་བཞེས་གནང་སྟེ་༡༩༩༩ལོར་སྤྱི་རིམས་བྱེད་སའི་ལྷ་ཁང་དེ་དངོས་སུ་ཆོག་ཆེན་གནང་བ་རེད། ཡུལ་འདིའི་མི་རྣམས་ཀྱང་འབྲོག་ལས་ཁོ་ན་བརྟེན་ནས་འཚོ་སྡོད་བྱེད་ཀྱི་ཡོད། གཞན་ཡང་ཡུལ་འདིའི་ཡུལ་སྲོལ་རྒྱན་གོས་དང་ལོ་གསར་དུས་མཆོད་གཤིན་པོའི་འདས་མཆོད་སོགས་ཤོད་ཆེན་བཅོ་བརྒྱད་ཀྱི་ནང་མཚན་རྒྱལ་ཤོད་དང་གཅིག་མཚུངས་ཡིན་པ་བཅས་སོ།།
སངས་རྒྱས་བསྟན་པ་དར་བ་དང་། སེམས་ཅན་བདེ་སྐྱིད་ལྡན་ཞིང་། འཛམ་གླིང་ཞི་བདེ། སྤྱི་ཚོགས་འཆམ་མཐུན། ལོ་ལེགས་འབྲུ་འཕེལ། ནད་མུག་འཁྲུག་རྩོད་ཞི་བའི་བཀྲ་ཤིས་སྨོན་འདུན་བཅས།།