བམ་བྲག་བརྩེགས་པ་རིན་ཆེན་འབར་བའམ་ཞལ་བཞེས་སྟག་རྩེ།

[ཟླ་ཚེས། 2017-02-08 15:11:29][རྩོམ་པ་པོ། གཏེར་སྟོན་བདེ་ཆེན་གླིང་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

422122640546044366.jpg

༄༅།། སྤྲུལ་པའི་གནས་ཆེན་བདུན་གྱི་ཡ་གྱལ་རིགས་བཞིའི་ནང་ཚན་རིན་ཆེན་རིགས་ཀྱི་གནས་མཆོག་བམ་བྲག་བརྩེགས་པ་རིན་ཆེན་འབར་བའི་དཀར་ཆག་བཞུགས་སོ།།

     རྒྱུན་བཞིས་འགྲོ་བ་འདྲེན་མཛད་པ།། མཁའ་འགྱིང་འབར་ལ་ཕྱག་འཚལ་ལོ།། མཁའ་འགྱིང་འབར་བའི་རྗེས་འབྲང་པ།། སྟག་ལ་མེ་འབར་ཞབས་སུ་འདུད།། དབལ་གཤེན་དེ་ཡི་རྗེས་འབྲང་པ།། སྣང་བ་མདོག་ཅན་གུས་པས་འདུད།། ནམ་མཁའ་སྣང་བ་མདོག་ཅན་གྱི།། བསྟན་འཛིན་བླ་ཆེན་ཡབ་ཡུམ་འདུད།། བླ་ཆེན་ཡབ་ཡུམ་བཀའ་ཉན་པ།། ཡེ་ཤེས་འཇིག་རྟེན་ཀུན་ལ་འདུད།། སྐྱབས་གནས་དེ་རྣམས་རྗེས་འབྲང་པ།། ཁོ་བོ་མི་འགྱུར་ཚེ་དབང་གྲགས།། སྔོན་སྐྱེ་བ་འདི་ཡི་གོང་རོལ་ནས།། བསྟན་དང་འགྲོ་ལ་བཀའ་བབས་པས།། ད་ལྟ་དུས་ཀྱི་སྙིགས་མ་འདིར།། བསྟན་གཉིས་གསང་སྔགས་བཀའ་བབས་ཀྱི།། གསང་བདག་དཔའ་བོ་ཆེན་པོར་གྱུར།། ལས་འཕྲོ་བཟང་པོ་སད་ནས་སུ།། སངས་རྒྱས་བསྟན་པའི་བཀའ་རྒྱུད་དབང་།། རྣམ་ཐར་ལོ་རྒྱུས་མང་ལགས་ཏེ།། མཐའ་འཁོབ་མི་རྣམས་ངེས་ཤེས་མེད།། ཡང་འཁོབ་སེམས་ཅན་ཐེ་ཚོམ་ཆེ།། ས་དོག་ཡུལ་ཆུང་ཤོང་དཀའ་བས།། འདི་རུ་མ་བསྟན་གཞན་དུ་གསལ།། ཁྱད་པར་གནས་ཀྱི་ལོ་རྒྱུས་འདི།། རང་ལོ་སོ་བརྒྱད་ལྕགས་རྟ་ལོའི།། ཧོར་ཟླ་ལྔ་པའི་ཚེས་༡༧ བཟང་པོར།། ངོ་མཚར་ལྟད་མོ་འདི་ལྟར་བྱུང་།། རང་བཞིན་ཉམས་ཀྱི་སྣང་བ་ལ།། སྐྱོ་ཞིང་གདུང་བའི་རྣམ་པ་ཤར།། དེ་ཚེ་གནས་ཆེན་སྟག་རྩེ་ཡི།། རིན་ཆེན་འབར་བའི་རྩེ་མོ་ནས།། འོད་ཀྱི་བུད་མེད་གསུམ་ཙམ་བྱུང་།། མགྲིན་གཅིག་སྡེབ་ནས་འདི་སྐད་ཟེར།། མ་ངེས་རྣལ་འབྱོར་སྤྲུལ་པའི་སྐུ།། རང་ལུས་དབེན་པའི་དགོན་པ་ན།། རིམ་གཉིས་བུན་བཏང་ཐུགས་རྗེ་ཅན།། འདུ་ཤེས་གསུམ་དང་འབྲལ་མེད་དེ།། ངོ་མཚར་ཆེ་ཡང་ཨེ་མ་ལེགས།། ཁྱད་པར་རིགས་བཞིའི་ནང་ཚན་གྱི།། བམ་བྲག་བརྩེགས་པ་རིན་ཆེན་འབར།། གནས་ཆེན་གདིང་གི་ཕོ་བྲང་ན།། བླ་ཆེན་ཡབ་ཡུམ་རིག་འཛིན་གྱི།། གསང་སྤྱོད་ཚོགས་ཀྱི་གྲལ་དུ་བྱོན།། ཞེས་ཟེར་བུད་མེད་གསུམ་དང་འགྲོགས།། བྱང་ཕྱོགས་གནས་ཆེན་ཕོ་བྲང་ནས།། ཤེལ་བྲག་རྩེ་བརྒྱད་དབུ་མ་རུ།། རིན་ཆེན་བྲག་གི་ཁང་གསེང་དུ།། རིན་ཆེན་ཕོ་བྲང་ནང་དུ་ནི།། སྐད་ཅིག་ཉིད་དུ་སླེབས་ནས་སུ།། ཕོ་བྲང་དབུས་ཀྱི་དཀྱིལ་འཁོར་ལ།། བུམ་པ་གཏའ་ཆེན་གཏོར་མ་དང་།། དབལ་བཤོས་ལ་སོགས་མཆོད་ཚོགས་རྣམས།། རྒྱ་ཆེ་དཔངས་མཐོ་བཤམས་ནས་སྣང་།། དཀྱིལ་འཁོར་དེ་ཡི་གཡས་ཟུར་དུ།། རིན་ཆེན་འབར་བའི་ཁྲི་ཆེན་གསུམ།། སྟག་གཟིག་གུང་གི་ཁྲི་ཁེབ་ལ།། དབུས་སུ་རིག་འཛིན་དམར་སྨུག་ལ།། སྤྱན་མིག་སྐར་ཆེན་ཤར་འདྲ་བ།། གཟི་བརྗིད་བག་དང་ལྡན་པར་སྣང་།། དེ་འོག་རིག་འཛིན་དམར་གསལ་བ།། ཨ་ཙ་ར་ཡི་རྣམ་པ་ལྟར།། མིག་ཟབ་གདོང་འགུ་སྨ་ར་སྦྲེང་།། རྣ་བ་རྒྱས་ལ་རལ་པ་ཅན།། དེ་འོག་རིག་འཛིན་དཀར་གསལ་ཉམས།། ཞི་མ་ཁྲོ་འཛུམ་བག་སྤྲོ་བ།། ཀུན་ཀྱང་སྐུ་ལ་ཤམ་ཐབས་དང་།། རས་གཟན་སྔོན་པོ་སྒོམ་ཐག་སྤྲས།། ཕྱག་གཉིས་ཐོད་ཌར་གཤང་དྲིལ་དཀྲོལ།། དབལ་གསས་རྩོད་ཟློག་ཚོགས་འཁོར་མཛད།། མཁའ་འགྲོ་གསུམ་གྱིས་ཚོགས་ལས་བྱེད།། གཞན་ཡང་རིག་འཛིན་ཕོ་མོ་ནི།། ཉི་ཤུ་རྩ་བདུན་ཙམ་དུ་འདུག། དཀྱིལ་འཁོར་དེ་ཡི་གཡོན་ཟུར་ན།། དར་འབེལ་སུམ་བརྩེགས་ཤིང་ལོས་བཀབ།། བདག་ཀྱང་དེ་ཡི་ཁ་རུ་བཞག། སྤོས་རོལ་སྣང་མེ་སོགས་ཀྱང་བལྟམས།། ངོ་མཚར་བྱིན་ཆགས་བག་སྤྲོ་སྣང་།། དེ་ནས་བདག་ལ་ཚོགས་སྐལ་གྱི།། བཤོས་ཆ་བདུད་རྩི་སྐྱེམས་བཅས་རོལ།། མཚམས་སུ་རྗེ་ཡི་ཞལ་ནས་སུ།། བོད་ཀྱི་རྣལ་འབྱོར་ཐུགས་ཀྱི་སྲས།། ཨོ་རྒྱན་ངོ་བོ་དྲི་མེད་དཔལ།། ད་ལྟ་སྙིགས་མ་ལྔ་ཁོལ་ཚེ།། འགྲོ་དོན་རྟེན་འབྲེལ་མཐའ་ཡས་ཀྱི།། གདུལ་བྱའི་སེམས་ཅན་ཐར་ལམ་སྟོན།། ནད་མུག་གདུག་པའི་བར་ཆད་ཟློག། ཨེ་མ་སྐལ་ལྡན་གཏན་བདེ་སྒྲུབ།། ཞེས་གསུང་དེ་ལ་འདི་ལྟར་ཞུས།། ཀྱེེ་མ་རིག་འཛིན་འགྲོ་བའི་མགོན།། ད་ལྟ་དུས་ངན་སྙིགས་མ་ལ།། འགྲོ་དོན་སྨིན་གྲོལ་གང་གིས་མྱུར།། རྟེན་འབྲེལ་ཟབ་མོ་ཅི་ལ་ཟེར།། སེམས་ཅན་ཐར་ལམ་ཅི་ལྟར་བཙལ།། ནད་མུག་བར་ཆད་ཅི་ལྟར་བཟློག ལོ་རྒྱུས་ཞིབ་པར་སྩལ་དུ་གསོལ།། ཅེས་ཞུས་དེ་ལ་འདི་ལྟར་གསུངས།། ཀྱེེ་མ་རིག་འཛིན་ཐུགས་ཀྱི་སྲས།། འགྲོ་དོན་སྨིན་གྲོལ་གང་མྱུར་ན།། ཕྱི་ནང་གསང་བ་མང་ཡོད་ཀྱང་།། དེང་སྐབས་སེམས་ཅན་ལས་ངན་རྣམས།། འགྲོ་དོན་གནས་རི་བཟང་པོའི་མྱུར།། དེ་ཡི་རྟེན་འབྲེལ་སྒོ་འཕར་ཕྱེས།། སེམས་ཅན་ཐར་པའི་ལམ་ལ་སྐྱོལ།། ནད་མུག་སྐལ་ངན་སེལ་བར་གྱིས།། དེ་ཡང་གནས་རི་བཟང་པོ་ནི།། མངའ་རི་སྐོར་གསུམ་རྩམ་ནས་བཟུང་།། དབུས་གཙང་རུ་བཞི་མན་ཆད་ནས།། མདོ་ཁམས་སྒང་དྲུག་ཚུན་ཆད་དུ།། གནས་རི་བཟང་པོ་མཐའ་ཡས་ཀྱང་།། ཁྱད་པར་འཕགས་པའི་གནས་རི་ནི།། ཁྱད་པར་བདུན་གྱི་ནང་ཚན་དུ།། ཁྱད་པར་ཅན་ནི་ཡོངས་གྲགས་པ།། རིན་ཆེན་འབར་བ་གྲུབ་པའི་གནས།། གནས་འདི་ཡོན་ཏན་བསམ་མི་ཁྱབ།། དེ་ཡང་ཆགས་ཚུལ་བྱིན་རླབས་དང་།། བཀའ་རྟགས་བཀོད་པ་ཡོད་ཚུལ་དང་།། ཕྱི་ནང་གཏེར་གྱི་བཞུགས་ཚུལ་དང་།། ཐ་མ་རྣམ་སྤྲུལ་བྱོན་ཚུལ་ཏེ།། དང་པོ་ཆགས་ཚུལ་བྱོན་ཚུལ་ནི།། སྔོན་ཚེ་ཚེ་ལོ་བརྒྱ་པའི་དུས།། དབལ་བོན་སྟག་ལ་མེ་འབར་གྱིས།། སྲིན་པོ་དྷ་ཤ་གྷྲི་བ་བསྒྲལ།། དེ་ཚེ་དྷ་ཤ་གྷྲི་བ་ཡི།། སྨོན་ལམ་ངན་པའི་སྟོབས་སྨིན་པ།། ས་ར་བྱུར་མགོ་མ་མོ་ལ།། དྷར་ཤས་འཚོས་པའི་བུ་བྱུང་བ།། ས་སྲིན་གེ་བ་སྙིང་ནག་ཅེས།། བཙུན་མོ་སྲས་འབུམ་སྡེ་བརྒྱད་བྱུང་།། གསེར་ལྡན་ཆུ་བོ་ཆབ་ནག་གི།། ཟླ་བ་ཤེལ་ཀླུང་ས་ཡི་གནད།། སྡིག་པ་འདྲ་བའི་ཡུལ་དུ་ཆགས།། རི་སྲིན་མོ་ངུ་འདྲའི་ཐོད་པའི་ཞོལ།། ཕོ་བྲང་བཏབ་ནས་དྲེགས་པའི་ཚོགས།། ཀླུ་བདུད་དགེ་བསྙེན་དུག་སྡིགས་དང་།། སྡེབ་ནས་ཀླུ་དང་དགེ་བསྙེན་ལ།། སྦྲན་པའི་ནོར་རྒྱས་ལྕམ་དྲལ་ཚོགས།། འཁྲུགས་པའི་མངའ་རིས་ཀླུ་ཡི་ནད།། མཛེ་ཤུལ་དབལ་ཡམས་གདུག་པ་དར།། གཞན་ཡང་བཙན་དང་དམུ་ལ་སོགས།། ནག་ཕྱོགས་དམག་བསྡུས་སྨར་རྫ་ཡི།། སྐྱེ་འགྲོ་ཐམས་ཅད་བརླག་ཆས་ཏེ།། མི་རྣམས་དངོས་སུ་ཟས་ཟ་ཞིང་།། རྐང་བཞི་ཕྱུགས་ལ་དལ་ཡམས་བཀྱེ།། ཞིང་ལ་བཙའ་སད་སེར་གསུམ་བཏང་།། མདོ་དབུས་གཉིས་ཀ་བརླག་ལ་ཉེ།། དེ་ཚེ་སྟག་ལ་མེ་འབར་དེ།། རྩེ་དྲུག་ལྷུན་སྒང་གྲུབ་གནས་སུ།། ངོ་མཚར་རྒྱས་པའི་སྒྲུབ་པར་བཞུགས།། མ་གཅིག་བཀའ་གསང་ལྷ་མོ་ཡི།། ལུང་བསྟན་དུས་ལ་ཐུགས་སུ་བསྙུན།། ཐོགས་མེད་རྫུ་འཕྲུལ་ཤུགས་བསྐྱེད་དེ།། གནས་མཆོག་ཟླ་བ་ཤེལ་ཀླུང་གི།། སྡིག་པ་འདྲ་བའི་གློ་དཀར་གཡས།། སེང་གེ་རྒྱབ་སྣོལ་ཀེའུ་ཚང་གི།། རྫུ་འཕྲུལ་ཕུག་པའི་གནས་སུ་ཕེབས།། བདུན་ཕྲག་བར་དུ་ཏིང་འཛིན་ལ།། སྦས་པའི་ཚུལ་དུ་མངོན་པར་བཞུགས།། འོག་མིན་དབྱིངས་ཀྱི་ཕོ་བྲང་ནས།། ཡི་དམ་མཁའ་འགྱིང་རྒྱལ་པོ་ལ།། ཤར་དུ་དབལ་གསས་རྔམ་པ་ལ།། ཆེ་མཆོག་སྐུ་ཡི་ཚོགས་དང་བཅས།། བྱང་ཕྱོགས་བདེར་གཤེགས་འདུས་པ་ལ།། ཡང་དག་གསུང་གི་ཚོགས་དང་བཅས།། ནུབ་ཏུ་དབལ་ཆེན་གེ་ཁོད་ལ།། གཙང་མ་ཞང་ཞུང་ཚོགས་དང་བཅས།། ལྷོ་ཕྱོགས་འབྲུག་གསས་ཆེམ་པ་ལ།། འཕྲིན་ལས་ཕུར་པའི་ཚོགས་དང་བཅས།། ལྷོ་ཤར་ལྷ་རྒོད་ཐོག་པ་ལ།། མ་མོ་རྦོད་གཏོང་ཚོགས་དང་བཅས།། བྱང་ཤར་ཡག་ཤ་མེ་དབལ་ལ།། འཇིག་རྟེན་མཆོད་བསྟོད་ཚོགས་དང་བཅས།། བྱང་ནུབ་ཁུ་བྱུག་རོལ་པ་ལ།། རིག་འཛིན་ཡོངས་རྫོགས་ཚོགས་དང་བཅས།། ལྷོ་ནུབ་རགྴ་མཁའ་འགྱིང་ལ།། དམོད་པ་དྲག་སྔགས་ཚོགས་བཅས་ཏེ།། ནམ་མཁའ་སྤྲིན་གྱི་དར་ཆགས་ལྟར།། དྲོས་པ་རིན་ཆེན་སྤུངས་པའི་རྩེར།། རིན་ཆེན་བྲག་གི་ངོས་བརྒྱད་ལ།། ཐིམ་ནས་བསྟན་པའི་བཙས་སུ་ཆེ།། མཁའ་འགྱིང་དབང་གི་རྒྱལ་པོ་ཉིད།། དབལ་གྱི་ལུས་ལ་རྫོགས་པར་ཐིམ།། དེ་ཚེ་ཐུགས་རྗེ་བྱམས་མ་ཆེ།། སྐུ་སྟོད་གསེར་ཞུན་མེ་ཕུང་ལ།། སྐུ་སྨད་གཡུ་མདོག་ཤམ་ཐབས་ཅན།། བཅུ་དྲུག་ལོན་པའི་ཚོད་ལྡན་མ།། ཉི་མའི་ཟེར་ལས་མདུན་མཁར་ཕེབས།། ཨེ་མ་དབལ་བོན་ཆེན་པོ་ཉིད།། བོན་ཉིད་བསད་བཅད་མི་མངའ་སྟེ།། སྦྱོར་སྒྲོལ་མ་འགག་རོལ་པ་ཡི།། ཐབས་དང་ཐུགས་རྗེ་ཡིད་ཙམ་དུ།། གདུལ་བྱ་མ་རྟོག་དབང་སོང་ཞིང་།། ལོག་རྟོག་སྤྱོད་པ་གདུག་རྩུབ་ཅན།། ཉམས་པ་རྩད་ནས་བཅད་པའི་དོན།། དྲག་པོ་ཁྲོས་པའི་ང་རྒྱལ་གྱི།། སེམས་ཅན་བདེ་ལ་བཀོད་མཛད་དེ།། བྱམས་མས་མ་ལྟར་གདུང་བའི་ཚིག། མ་འོངས་འགྲོ་ལ་སྨིན་པར་མཛོད།། ཞེས་ཀྱི་ལུང་བསྟན་བྲག་ལ་ཐིམ།། དེ་ནས་དབལ་བོན་ཆེན་པོ་ཉིད།། མཁའ་འགྱིང་ཁྲོ་བོའི་སྐུར་བཞེངས་ནས།། སྡིག་པ་འདྲ་བའི་ལག་གཡས་ཀྱི།། རགྴ་སྲིན་ལུང་ནང་དུ་ཕེབས།། སྲིན་པོ་གེ་བ་སྙིང་ནག་དང་།། སྲིན་མོ་ཟླ་ལྕམ་བྱུར་མགོ་གཉིས།། ཐུགས་རྗེ་བྲོས་འདེབས་རྫུ་འཕྲུལ་གྱིས།། གནམ་ས་ཟུར་གསུམ་ཨེ་ཀློང་དུ།། བཀུགས་ནས་རྒྱུ་འབྲས་བོན་བསྟན་ཏེ།། རྣམ་པར་ཤེས་པ་ལྷ་རུ་བཀོད།། དེ་ཚེ་ཡུམ་ཆེན་བྱམས་སེམས་ཅན།། ཀྱེ་མ་འོད་མཚོ་ཚོགས་བདག་མོ།། གནས་བརྒྱད་མཁའ་འགྲོའི་འཁོར་དང་བཅས།། མཁའ་སྤྱོད་ཚོགས་ཀྱི་གཞལ་ཡས་ནས།། གེལ་བ་བསྒྲལ་བའི་བམ་རོ་ལ།། བྱ་རྒོད་རོ་ལ་ལྷག་པ་ལྟར།། མཁའ་འགྲོ་གར་བྱེད་ལུང་པ་ནས།། བྱོན་ནས་བམ་རོ་ཚོགས་སུ་བསྒྲལ།། སྡེ་དགུ་ཡི་དམ་དཀྱིལ་འཁོར་གྱི།། རིན་ཆེན་སྤུངས་པའི་དཀྱིལ་འཁོར་དུ།། དོན་སྣོད་ནང་རོལ་འབན་གཏོར་ལ།། དོན་སྙིང་ལྷོ་ཤར་ཛ་རམ་ལུང་།། མཁལ་མཆིན་མཚེར་གསུམ་ལྷོ་ལུང་དུ།། བབས་པས་སྙིང་དིལ་སྤུན་གསུམ་གྲགས།། དབང་པོ་བཞི་དེ་རང་གནས་ཀྱི།། ས་གནས་མི་འགྱུར་དབུས་སུ་བཞག། ཚོགས་བདག་མཁའ་འགྲོའི་སྐུར་བསྟན་པ།། བྱང་ཕྱོགས་རི་བོའི་ངོས་སུ་ཐིམ།། གེལ་བ་བསྒྲལ་བའི་བྱང་ཁོག་སྟེང་།། རྗེས་ཤུལ་ལྡང་མེད་གཟིར་མནན་གྱི།། རུ་བཞིའི་ལྷ་བྲོ་བརྡུངས་བའི་རྗེས།། རུ་བཞིའི་བམ་རོའི་སྟེང་དུ་ནི།། ཕ་བོང་བཞི་ལ་ཐིམ་པར་མཛད།། ཀླུ་བདུད་དགེ་བསྙེན་དུག་སྡིགས་ཀྱང་།། དུག་སྦྲུལ་ནག་པོའི་གཟུགས་བསྟན་ཞིང་།། ནོར་རྒྱས་ལྕམ་དྲལ་འཁྲུགས་པ་བཅས།། བསྡུམ་ཕྱིར་དབལ་ཆེན་རུ་བཞི་ཡང་།། རིགས་ལྔ་ཁྱུང་གི་སྐུར་སྤྲུལ་ནས།། སོ་སོེར་ཀླུ་རྒྱལ་ཕོ་བྲང་གི།། མཚོ་དང་ཆུ་མིག་ཁ་སྲུང་མཛད།། རང་འབྱུང་བྲག་གི་ངོས་ལ་ཐིམ།། ཀླུ་བདུད་དུག་སྦྲུལ་ནག་པོ་དེ།། ཆུ་བོའི་གཞུང་ནས་གསེར་ལྡན་བར།། བྲོས་ནས་བྱ་ཁྱུང་རྒྱལ་པོས་བསྒྲལ།། བྱ་ཁྱུང་བྲག་ལ་རྫུ་འཕྲུལ་བསྟིམ།། སྲིན་ཕྲུག་བཞི་ནི་ཕྱོགས་བཞིར་བསྒྲལ།། དུར་ཁྲོད་ཆེན་པོ་རྣམ་བཞིར་གྲུབ།། བྱ་རྣ་ཅན་དེ་ཤར་ཕྱོགས་ཀྱི།། རུས་སྦལ་འདྲ་བའི་གནས་སུ་བསྒྲལ།། ཕུན་སུམ་ཚོགས་པའི་དུར་ཁྲོད་ལྟར།། བྱིན་གྱིས་བརླབས་པ་དེ་ནས་བྱུང་།། སྲིན་ལྕམ་ཁ་ཡི་རྒྱལ་མོ་དེ།། བྱང་ཕྱོགས་སྤྲེལ་ལུང་སུམ་མདོར་བསྒྲལ།། འུར་འུར་འབར་བའི་དུར་ཁྲོད་ལྟར།། བྱིན་གྱིས་བརླབས་པ་དེ་ནས་བྱུང་།། སྲིན་ཕྲུག་དམར་འགྱེད་ལག་དྲུག་དེ།། ནུབ་ཕྱོགས་དེལ་དཀར་ཁྱུད་དུ་བསྒྲལ།། རབ་འཇིགས་གཏུམ་པའི་དུར་ཁྲོད་ལྟར།། བྱིན་གྱིས་བརླབས་པ་དེ་ནས་བྱུང་།། སྲིན་པོ་ཁ་ཤར་གོད་འགྱེད་དེ།། ལྷོ་ཕྱོགས་གཟེ་ཐང་གནས་སུ་བསྒྲལ།། ཚང་ཚིང་འཁྲོས་པའི་དུར་ཁྲོད་ལྟར།། བྱིན་གྱིས་བརླབས་པ་དེ་ནས་བྱུང་།། དུར་ཁྲོད་ཆེན་པོ་དེ་བཞི་ལ།། ངོ་མཚར་ཆགས་ཚུལ་བསམ་མི་ཁྱབ།། གདུག་པའི་ཀླུ་བདུད་ནག་པོ་དེ།། དམ་བཏགས་གནས་གཏེར་བསྟན་པ་ཡི།། སྲུང་མ་ཁུག་གསུམ་རྫོགས་བར་བཞག། གཡུང་དྲུང་གཟི་འབར་མིང་ཡང་བཏགས།། གཡུང་དྲུང་ཐ་ཚིག་ཅི་ཡང་བསྒོས།། རི་བྲག་ཆུ་རྫོང་བཅོ་བརྒྱད་བདག། ཀླུ་བཙན་དགེ་བསྙེན་འཁོར་དུ་བསྐོར།། རྫོང་ཆེན་རེ་ལ་བྱ་ཁྱུང་རེ།། ཁྱུང་ཆེན་མི་འཆོལ་ཁ་གནོན་ལ།། ཁྱད་པར་བཀའ་རྟགས་རེ་རེ་ཡོད།། ཕྱོགས་བཞི་མཚམས་བཞི་དབུས་དང་དགུར།། སྤྱི་གཙུག་ཁྱུང་ཆེན་ཕོ་བྲང་ཡིན།། བྱིན་རླབས་མཛད་ནས་བཀོད་པ་ནི།། གནས་མཆོག་རིན་ཆེན་སྤུངས་པ་འདི།། ལས་བཞི་ལྷུན་གྲུབ་གནས་ཡིན་པས།། ཤར་ནས་བལྟས་ན་དཀར་ལ་ཟླུམ།། ཞི་བ་ལྷུན་གྱིས་གྲུབ་པའི་གནས།། བྱང་ནས་བལྟས་ན་མཐོ་ལ་བརྗིད།། རྒྱས་པའི་ལས་ཚོགས་འགྲུབ་པའི་གནས།། ནུབ་ནས་བལྟས་ན་འཁྱིལ་ལ་འབར།། དབང་གི་འགྲོ་དོན་འབྱུང་བའི་གནས།། ལྷོ་ནས་བལྟས་ན་རྩུབ་ལ་ཟབ།། དྲག་པོའི་དགྲ་བགེགས་འདུལ་བའི་གནས།། མཚམས་ནས་བལྟས་ན་ངོ་མཚར་ལྡན།། རྒྱུན་གྱི་སྨོན་ལམ་འབྱུང་བའི་གནས།། ཕྱི་ལྟར་ཟ་འོག་སྣ་ཚོགས་ཁྱུད།། ནོར་བུ་རྩེ་བརྒྱད་བཞག་པ་འདྲ།། ཚེ་ནོར་འདོད་པའི་སྐལ་ལྡན་གྱིས།། གསོལ་བཏབ་དངོས་གྲུབ་འབྱུང་བའི་གནས།། ནང་ལྟར་བམ་བྲག་བརྩེགས་པའི་སྟེང་།། ཤེལ་གྱི་སྐུ་གདུང་ཆ་བརྒྱད་བསྒྲིགས།། བདུད་སྲིན་ཟིལ་གྱིས་གནོན་པའི་གནས།། གསང་བ་མཁའ་འགྱིང་འདྲ་འབག་ཚུལ།། གསང་སྔགས་དམ་ལྡན་རྣལ་འབྱོར་ལ།། མཐུ་དབང་བར་ཆད་སེལ་བའི་གནས།། ཡང་གསང་ནང་རོལ་འཚོགས་པའི་དབུས།། ཙིཏྟ་མཆོང་གུར་ཕུབ་པ་འདྲ།། བླ་མེད་དོན་གྱི་སྐྱེས་བུ་ལ།། ས་ལམ་བར་ཆད་ཀུན་ཞི་ཞིང་།། དབྱེར་མེད་རྫོགས་སངས་རྒྱས་པའི་གནས།། མཐའ་རི་ཐམས་ཅད་གཙོ་ལ་འདུད།། བཀའ་ཁྲིམས་ཁ་རྗེ་འཕེལ་བའི་གནས།། དཀྱིལ་འཁོར་དབུས་སུ་བུམ་པའི་ཚུལ།། སངས་རྒྱས་བསྟན་པ་རྒྱས་པའི་གནས།། དེ་རྣམས་དབུས་ཀྱི་ཆགས་ཚུལ་ཡིན།། ཤར་མི་འགྱུར་ངོ་མཚར་སྦས་ལུང་ལ།། རྟགས་མི་འགྱུར་རྩེ་རྒྱལ་རྫ་བྲག་ཡོད།། བྱང་མི་འགྱུར་ནོར་གྱི་བང་མཛོད་ལ།། རྟགས་མི་འགྱུར་དུང་རི་གྲུ་གསུམ་ཡོད།། ནུབ་མི་འགྱུར་རུས་སྦལ་གབ་རྩེ་ལ།། རྟགས་མི་འགྱུར་བྱི་རུའི་མཆོད་རྟེན་ཡོད།། ལྷོ་མི་འགྱུར་ཤེལ་བྲག་ཁོང་གསེང་ན།། རྟགས་མི་འགྱུར་འཇའ་ཚོན་སྣ་ལྔ་ཡོད།། ཤར་མི་འགྱུར་གཡེན་འདུལ་ས་གནད་ན།། རྟགས་མི་འགྱུར་དངུལ་གྱི་གཏེར་ཁ་ཡོད།། བྱང་མི་འགྱུར་བཀྲ་ཤིས་ས་གནད་ལ།། རྟགས་མི་འགྱུར་སྣང་སྲིད་པྲ་རྟགས་ཡོད།། ནུབ་མི་འགྱུར་གདོན་འདུལ་ས་གནད་ལ།། རྟགས་མི་འགྱུར་རྫུ་འཕྲུལ་མདུད་ཁུག་ཡོད།། ལྷོ་མི་འགྱུར་ཚེ་གཡང་ས་གནད་ལ།། རྟགས་མི་འགྱུར་ནོར་བུ་དགའ་འཁྱིལ་ཡོད།། དེ་རྣམས་བར་གྱི་ཆགས་ཚུལ་ཡིན།། ཕྱི་ཡི་ཆགས་ཚུལ་བསམ་མི་ཁྱབ།། ངོ་མཚར་བཀོད་པ་དུ་མར་གནས།། ཤར་ཕྱོགས་རམ་ཞེས་ལུང་པ་རིང་།། ལྗོན་ཤིང་འདྲ་བའི་གཡས་ཕྱོགས་སུ།། འཆི་མེད་ཀ་ཞེས་ཀེའུ་ཚངས།། གཡས་སུ་མཆུང་རིའི་དེའུ་ལ།། གཡོན་དུ་གུ་རུའི་སྐུ་རྗེས་དང་།། གུ་རུ་དངོས་བྱོན་མཚོ་མོ་ལ།། ཀླུ་རྒྱལ་མི་མགོན་གྲོང་ཁྱེར་ཡོད།། ཁ་རུ་བཱི་མའི་ཞབས་རྗེས་གསལ།། བྱང་ཤར་དྷ་ཞེས་ལུང་པ་ན།། མཆུང་རི་ཤེལ་བྲག་སྨུག་སང་ཞེས།། གནས་དང་བཀོད་པ་ངོ་མཚར་འབར།། ཉེ་བར་ས་གནས་དཀའ་བཤད་ཡོད།། བྱང་ཕྱོགས་དཀར་ཡག་ཞེས་བྱ་བར།། དབུས་སུ་བཱི་མིའི་སྒྲུབ་ཕུག་ཡོད།། གཡས་སུ་དཔལ་གྱི་དེའུ་དང་།། གཡོན་དུ་གུ་རུའི་སྐུ་རྗེས་ཡོད།། བྱང་ཤར་རི་བོ་གཡུ་འབྲུག་འདྲར།། ལུང་ཆེན་གསུམ་གྱི་བྱེ་བྲག་ཡོད།། ནུབ་ཕྱོགས་ཟ་འོག་ཁ་ཕྱེས་ལ།། རིག་འཛིན་བརྒྱད་ཅུའི་གནས་སྟོན་དང་།། ངོ་མཚར་བཀོད་པ་གྲངས་ལས་འདས།། གཡས་སུ་དཔལ་གྱི་དེའུ་དང་།། གཡོན་དུ་གུ་རུའི་སྐུ་རྗེས་ཡོད།། ལྷོ་ནུབ་ནོར་བུ་སྤུངས་གསུམ་དང་།། གནས་ཀྱི་བྱེ་བྲག་རེ་རེར་བཀོད།། ལྷོ་ཕྱོགས་གཤེན་ཞེས་གནས་ཆེན་ཡོད།། གཡས་སུ་དཔལ་གྱི་དེའུ་དང་།། གཡོན་དུ་གུ་རུའི་སྐུ་རྗེས་ཡོད།། བཀོད་པ་གསུམ་དང་བྱེ་བྲག་ལྔ།། ལྷོ་ཤར་མཛོད་གདོང་སྨུག་པོ་ཡི།། རི་གླང་པོ་འདྲ་བའི་ཁྱད་ཆོས་ཡོད།། དེ་བཞིན་བཀོད་པ་ཡིན་རབ་རྨད།། སོ་སོར་བགྲངས་ན་གྲངས་ལས་འདས།། རེ་རེར་བྱེ་བྲག་གནས་རེ་སྣང་།། དེ་ལྟར་རིན་ཆེན་སྤུངས་པའི་ཚུལ།། གནས་ཆེན་ཡོན་ཏན་ཁྱད་པར་འཕགས།། ཁྱད་པར་ཅན་གྱི་གནས་མཆོག་འདི།། ཆགས་ཚུལ་ཟབ་མོ་དེ་ལྟར་གནང་།། བདུད་སྲིན་ཀླུ་བདུད་དམ་ལ་བཏགས།། སྐྱེ་འགྲོ་ཐམས་ཅད་བདེ་ལ་བཀོད།། སངས་རྒྱས་བསྟན་པའི་དཔལ་ཡོན་ཤར།། དེ་ནས་དབལ་གྱི་གཤེན་པོ་དེས།། འཁོར་བའི་ས་དགུ་གནོན་པའི་ཕྱིར།། རྫུ་འཕྲུལ་ཞབས་རྗེས་རྣམ་དགུ་དེ།། ཧེ་འགག་བྲག་གི་ངོས་སུ་བཞག། དམ་གྲིབ་དམེ་མནོལ་སེལ་བའི་ཕྱིར།། གཙང་མའི་ལྷ་བསང་རྣམ་དགུའི་རྗེས།། རིན་ཆེན་བྲག་གི་བསང་ཁང་ཡོད།། དབལ་རྟེན་དགུ་དང་དབལ་ཆས་གསུམ།། རིན་ཆེན་བྲག་ལ་རང་གྲུབ་ཡོད།། སྟག་ཐུལ་དར་ནག་འདུལ་ཆས་རྣམས།། གཡུང་དྲུང་བཀའ་རྟགས་འོག་ཏུ་ཡོད།། བདུན་སྲིན་ཤེས་པ་ལྷར་བཀོད་ནས།། འཁོར་བའི་ས་བོན་རྩད་གཅོད་པའི།། བར་དོའི་བགྲོད་ཆོག་ཟང་ཐལ་ཡོད།། བསླུ་བ་མེད་པའི་བཀའ་རྟགས་སུ།། གཡུང་དྲུང་ཨ་ཡིག་རང་དོད་ཡོད།། དེ་ལྟར་བྱིན་རླབས་འགྲུབ་གནས་སུ།། དེ་ཚེ་སྟག་ལ་མེ་འབར་དེས།། ལྷ་འདྲེ་མི་གསུམ་ཀུན་བསྡུས་ནས།། གནས་ཆེན་འདི་ཡི་མ་འོངས་དུས།། འགྲོ་དོན་རྒྱུན་མི་འགག་པའི་སླད།། བྱིན་རླབས་གཟི་བརྗིད་མཆོག་ལྡན་པ།། གནས་ཆེན་འདི་ཡི་ཡོན་ཏན་ནི།། ཨོ་རྒྱན་གསང་ཆེན་རབ་བཀོད་པ།། རྩེ་དྲུག་ལྷུན་པོ་འབར་བ་དང་།། གནས་ཆེན་འདི་གཉིས་ཁྱད་པར་ཆོས།། རྡུལ་ཙམ་དམིགས་པ་བྲལ་བར་ངེས།། བདུད་སྲིན་གནོད་སྦྱིན་ཁ་གནོན་འོང་།། རིགས་དྲུག་འདྲེན་པའི་སྒྲོན་མེ་འོང་།། རི་བྲན་མི་འཆོལ་ཟིལ་གནོན་འོང་།། སངས་རྒྱས་བསྟན་པའི་ཞིང་ཁམས་འོང་།། སེམས་ཅན་བསོད་ནམས་ཚོགས་ཞིང་འོང་།། དེ་ལྟར་གནས་ཁྱོད་འབྱུང་ངམ་ཅི།། ནུབ་མདུན་དག་ལུང་བཞད་པ་ནས།། ཞལ་གྱི་བཞེས་ཚེ་རི་བོའི་རྩེ།། གུག་གུག་ལན་གསུམ་ལན་གསུམ་བྱུང་བའི་ཚེ།། ཞལ་བཞེས་རིན་ཆེན་སྤུངས་པ་གྲགས།། དེ་ལ་འགྲོ་དོན་རྒྱ་ཆེན་པོར།། མ་འོངས་གཤེན་རབ་མི་བོ་ཡི།། བསྟན་པ་རིན་ཆེན་མ་རྫོགས་བར།། གོང་ནས་གོང་འཕེལ་རབ་བསྐྱེད་དེ།། བསྟན་པ་སྲུང་བ་གཉེར་བའི་ཡུལ།། ཡབ་གཅིག་དབལ་ཆེན་གེ་ཁོད་དང་།། ཡུམ་གཅིག་ལི་ནམ་ཟླ་ཞི་གཉིས།། ཐུགས་རྗེ་ཐབས་ཀྱི་སྤྲུལ་པའི་སྲས།། ཆེ་བ་གངས་གཉན་རྒྱལ་པོ་དང་།། འབྲིང་པོ་གཡུང་དྲུང་རྩེ་རྒྱལ་དང་།། གཅུང་པོ་གཡུང་དྲུང་ནམ་མཁའ་རྒྱལ།། གཅུང་པོ་གཡུང་དྲུང་ནམ་རྒྱལ་དང་།། སྨན་ལྕམ་གཡུ་ལོ་སྨན་མཛེས་གཉིས།། དབལ་བོན་སྟག་ལ་མེ་འབར་དང་།། ནམ་མཁའ་སྣང་བ་མདོག་ཅན་གྱིས།། གནས་ཆེན་བམ་བྲག་བརྩེགས་པ་ཡི།། བསྟན་པ་གཏེར་གྱི་བདག་ཏུ་བསྐོས།། གཡུང་དྲུང་རྫུ་འཕྲུལ་དབང་ཡང་བསྐུར།། ཐ་ཚིག་གཉན་པོས་མངའ་ཡང་གསོལ།། ཕྱི་ཡི་བསྟན་སྲུང་གཉེར་གཏད་དེ།། ནོར་བུ་ལྷ་རྩེ་བདག་ཏུ་བསྐོས།། ནང་གི་བསྟན་པའི་སྲུང་མ་ནི།། སྲིད་གསུམ་བདག་མོ་འགྲོ་བའི་ཡུམ།། བམ་བྲག་བརྩེགས་པ་བཀའ་ཡི་བཅོལ།། སངས་རྒྱས་བསྟན་པ་རིན་པོ་ཆེའི།། ཉེས་ལེགས་སྟངས་འཛིན་སྲུང་མར་བསྐོས།། དེ་ནི་ཆགས་ཚུལ་བཀོད་པ་ཡིན།། འོན་ཀྱང་བྱིན་གྱིས་བརླབས་པའི་ཚུལ།། སྔ་ཕྱི་བར་དང་གསུམ་དུ་ཡོད།། སྔོན་ཚེ་ལོ་བརྒྱ་པའི་དུས་སྐབས་སུ།། བསྐལ་པ་འདི་ཡི་གོང་རོལ་དུ།། དཀར་ནག་བསྟན་པ་རྩོད་པའི་ཕྱིར།། དབལ་གཤེན་སྟག་ལ་མེ་འབར་གྱིས།། རྫུ་འཕྲུལ་ཐུགས་རྗེའི་དཀོན་ཕུག་ཏུ།། གསང་བ་འདུས་པའི་གསང་སྒྲུབ་མཛད།། ཕྱི་ནང་གནས་ཆེན་བྱིན་གྱིས་བརླབས།། དེ་འོག་མི་རིང་དུས་ཙམ་ན།། རྣམ་མཁྱེན་རྒྱལ་བ་གཤེན་རབ་ཀྱིས།། འཛམ་གླིང་བྱེ་བ་ཕྲག་བརྒྱ་རུ།། ཞབས་བཅགས་བསྟན་པ་བཞག་པའི་ཚེ།། རྫུ་འཕྲུལ་སྐུ་ཡི་ཞབས་ཀྱིས་བཅགས།། ཐུགས་ལས་སྤྲུལ་པའི་གནས་ཆེན་དང་།། ལྷུན་པོ་སྒང་དང་གཡུང་དྲུང་བརྩེགས།། ངོ་བོ་མཉམ་ཞེས་ཞལ་གྱིས་བཞེས།། ཞབས་རྗེས་བཀའ་རྟགས་མངོན་དུ་བཞག། རི་བོའི་རྩེ་མོས་སྟོན་པར་གུས།། སྐུ་ཡི་བྱིན་བརླབས་མཁའ་འགྱིང་འདྲ།། གསུང་གི་བྱིན་རླབས་ཟླ་ཡིག་བྲིས།། ཐུགས་ཀྱི་བྱིན་བརླབས་ཞབས་རྗེས་གསལ།། ཕྱག་རྒྱ་གསུམ་གྱིས་བྱིན་གྱིས་བརླབས།། དེ་ནི་སྔ་གོང་བྱིན་བརླབས་ཚུལ།། གཉིས་པ་བར་དུ་ཅི་ལྟར་ན།། དེ་འོག་བར་གྱི་བསྐལ་པ་ལ།། གཤེན་རབ་ནམ་མཁའ་སྣང་བ་དང་།། རྒྱ་ཞང་རིག་འཛིན་ཀུན་འཚོགས་ནས།། གསང་སྔགས་ཕྱི་ནང་གསང་གསུམ་བསྒྲུབས།། བཀའ་རྟགས་རྫུ་འཕྲུལ་བཀོད་པའི་རྗེས།། ཕྱི་རབས་འགྲོ་བ་འདུལ་དོན་དུ།། ཕྱི་ནང་ཀུན་ལ་གྲངས་མེད་བཞག། གསང་སྤྱོད་ཚོགས་ཀྱི་འཁོར་ལོ་བསྐོར།། བྱིན་རླབས་བཀའ་རྟགས་མང་དུ་བྱོན།། དེ་འོག་སློབ་དཔོན་དྲན་པ་དང་།། སྟོང་རྒྱུང་སེ་ལྡེ་མེ་གསུམ་དང་།། ཚེ་དབང་པདྨ་བེེ་རོ་དང་།། མཚོ་རྒྱལ་ལ་སོགས་མང་བྱོན་ནས།། ཕྱི་ནང་གསང་བའི་གཏེར་སྦས་ཤིང་།། བྱིན་རླབས་སྨོན་ལམ་རྒྱ་ཆེན་བཏབ།། དེ་རྣམས་བར་གྱི་བསྟན་ཚུལ་ཡིན།། དེ་ནས་ཕྱི་དར་བསྟན་པ་ལ།། ཚེ་དབང་གཉིས་དང་གྲགས་པ་གཉིས།། གཞན་ཡང་ཁ་འཐོར་གྲུབ་ཐོབ་འགས།། ཚོགས་དང་སྒྲུབ་པ་གྲངས་ལས་འདས།། རྗེས་བཞག་སྨོན་ལམ་ཅི་ཡང་བཏབ།། ལར་ཡང་དུས་བཟང་སྐབས་སྐབས་སུ།། སྟག་གཟིག་ཤམ་བྷ་ལྷ་ཡུལ་དང་།། རྩ་གསུམ་རྒྱ་ཞང་བལ་བོད་སོགས།། རིག་འཛིན་གྲུབ་ཐོབ་གྲངས་མེད་ཀྱི།། བསྙེན་སྒྲུབ་གསང་སྤྱོད་ཚོགས་འཁོར་བསྐོར།། དེ་སྔ་དེ་འདྲའི་འགྲོ་དོན་གྱིས།། གསལ་གདབ་གྲངས་ཐུན་སྟོང་ཕྲག་གསུམ།། ད་ལྟ་འདི་དང་ཕྲག་ལྔ་ཡིན།། དེ་ལྟར་གནས་ཀྱི་ཆགས་ཚུལ་དང་།། བྱིན་གྱིས་བརླབས་པའི་ལོ་རྒྱུས་རྣམས།། ང་ཡི་རྗེས་འཇུག་སྐལ་ལྡན་རྣམས།། འཇིག་རྟེན་བྱ་བ་རྒྱབ་ཏུ་སྐྱུར།། རྩེ་གཅིག་ཕྱི་མ་དང་དུ་ལོངས།། རི་བོ་འདི་ཡི་བྱ་བ་གྱིས།། དུར་ཁྲོད་ཚོགས་ཀྱི་གནས་ཡིན་པས།། ཚོགས་འཁོར་འབུལ་ན་ཚོགས་གཉིས་རྫོགས།། བདུད་སྲིན་ཁ་གནོན་རྟེན་ཡིན་པས།། ཕྱག་བསྐོར་མོས་གུས་མཆོད་བྱས་ན།། ནད་མུག་མཚོན་གྱི་འཇིག་པ་ཞི།། ཕྱི་མ་ལས་འཕྲོས་བསྟན་འཛིན་གྱི།། འགྲོ་དོན་རྒྱ་ལག་ཕྱེད་པར་འོང་།། དེ་ཕྱིར་འདི་ལ་བཀྲོལ་བཤད་ཀྱི།། འགྲོ་བ་མང་པོ་ཁ་ལོ་བསྒྱུར།། ཞེས་གསུངས་སོ།། གནས་ཀྱི་ཆགས་བཏབ་འགྲོ་དོན་བྱོན་ཚུལ་བསྟན་པའི་ལེའུ་སྟེ་དང་པོའོ།། ༈ །།

295822517713709298.jpg

    དེ་ནས་ཡང་འགྲོ་མགོན་ཚེ་དབང་རིག་འཛིན་གྱི་ཞལ་ནས་གསུང་པ།། རིག་འཛིན་རིགས་ཏེ་དཔའ་བོའི་ཚུལ།། རྒྱུན་ཞུགས་འབྲས་ཐོབ་སྐལ་ལྡན་གཤེན།། ཉོན་ཅིག་མ་བརྗེད་བགྲོས་པའི་རྒྱུ།། བདེར་གཤེགས་རྒྱལ་བའི་ཐུགས་རྗེ་ལ།། བཏང་བྲལ་ཆད་ལྷུང་མི་མངའ་བས།། སྟོང་གསུམ་འཇིག་རྟེན་ཐམས་ཅད་ལ།། གནས་རྟེན་ཁྱད་པར་གྲངས་མེད་ཀྱི།། ཡེ་ནས་རྒྱལ་བ་རྒྱ་མཚོའི་ཞིང་།། ཕྱོགས་རིས་བྲི་བཀོལ་མི་མངའ་བས།། ཚངས་རྒྱུང་ཉེར་ལྔའི་དབུ་མ་འདིར།། ཁྱད་པར་འཕགས་པའི་རྟེན་སྲུང་མང་།། ཡང་ཁྱད་ལྷོ་རྒྱལ་འཛམ་གླིང་འདིར།། སངས་རྒྱས་སྟོན་པ་ཞབས་ཀྱིས་བཅགས།། འཁྲུངས་དང་རབ་བྱུང་དཀའ་ཐུབ་མཛད།། བདུད་བཏུལ་སངས་རྒྱས་བཀའ་འཁོར་བསྐོར།། རྗེས་བཞག་བསྟན་སྤེལ་བཤད་ཉན་གནས།། ཆོ་འཕྲུལ་མི་གནས་མྱ་ངན་འདས།། རྗེས་འབྲང་གྲུབ་ཐོབ་ཕོ་མོ་ཡི།། དོན་མཛད་སྒྲུབ་བསྐྱལ་གྲུབ་ཐོབ་དང་།། མཁའ་སྤྱོད་གཤེགས་དང་བྱིན་བརླབས་པའི།། ཁྱད་པར་ཅན་གྱི་གནས་མང་ཡང་།། ཁྱད་པར་འཕགས་པའི་གནས་མཆོག་བདུན།། ཡང་དག་ལྔ་དང་དུར་ཁྲོད་བརྒྱད།། གནས་ཆེན་ཉི་ཤུ་རྩ་བཞིའོ།། དེ་ལས་ཁ་འཐོར་གདུང་སོབ་དང་།། འདྲ་འབག་ལ་སོགས་གྲངས་ལས་འདས།། དེ་ལས་ཀྱང་ཁྱད་པར་བདུན་གྱི་གཙོ།། ཤེལ་ཀླུང་ཟླ་ཡིག་འབར་བའོ།། དེ་ལ་ཆགས་ཚུལ་བྱུང་ཚུལ་དང་།། བྱིན་གྱིས་བརླབས་ཚུལ་ཐམས་ཅད་ནི།། རྗེ་ཡི་ཞལ་ནས་གསུངས་བཞིན་ལགས།། ཁྱད་པར་བཀོད་པ་བཀའ་རྟགས་ནི།། དཔེ་དང་དོན་དུ་སྦྱར་ཏེ་བསྟན།། སྟོང་གསུམ་འཇིག་རྟེན་ཕྱི་ནས་ཆགས།། ཆགས་ཚུལ་བྱིན་བརླབས་ཕྱི་ནས་བསྟན།། ནང་བཅུད་སེམས་ཅན་དབུས་ནས་བྱུང་།། བཀོད་པ་བཀའ་རྟགས་དབུས་ནས་བསྟན།། རྩེ་བརྒྱད་ཕྱི་ནང་གསང་བར་སྦྱར།། ཕྱི་ལྟར་ཕ་རོལ་ཕྱིན་པ་བརྒྱད།། ནང་ལྟར་བདེར་གཤེགས་མཆོད་རྟེན་བརྒྱད།། གསང་བ་དབལ་ཆེན་ཕོ་བྲང་བརྒྱད།། རི་བོ་ཉིད་དང་དགུ་རུ་ཡོད།། འོན་ཀྱང་གཡུ་ལུང་ཤེལ་བྲག་གི།། རྩེ་དྲུག་མཚལ་མདུན་དག་དང་མཚུངས་།། རིན་ཆེན་འབར་བ་གསང་བའི་གནས།། མཆོག་ཐུན་དངོས་གྲུབ་ཐོབ་པའི་གནས།། རི་སྟོད་དཀར་ལ་བཞད་པ་འདི།། ཡི་དམ་ཞི་ཁྲོའི་ཕོ་བྲང་ཡོད།། དེའི་མཚམས་ངོ་མཚར་ཚལ་རྒྱས་པ།། རིག་འཛིན་མཁའ་འགྲོའི་ཚོགས་བྲོ་འཁྲིགས།། རི་སྐེད་དམར་ལ་འཚོགས་པ་ནི།། བོན་སྐྱོང་ཕོ་མོའི་འདུ་གནས་ཡོད།། རི་བོ་འདི་ཡི་རྩ་བ་ནི།། ནགས་ལ་རྔམ་ཟིལ་ཆེ་བ་སྟེ།། དུར་ཁྲོད་ཚོགས་ཀྱི་བདག་པོ་དང་།། དྲེགས་པ་ཕོ་མོ་རྒྱུ་བའི་གནས།། གནས་མཆོག་འདི་ཡི་རྩེ་མོ་ལ།། གསང་ཕུག་ངོ་མཚར་བཞི་ལྡན་འདི།། མི་འགྱུར་བ་ཡི་རྟགས་བཞི་ཡིན།། ཤར་ཕྱོགས་མི་འགྱུར་གཡུང་དྲུང་ཕུག། བྱ་རོག་གདོང་པ་གནད་ཀྱི་རྟགས།། མི་འགྱུར་རྟགས་སུ་ཟིལ་པ་དང་།། ཡ་མཚན་ཚོགས་ཀྱི་གཞོང་པ་ཡོད།། བྱང་ཕྱོགས་ཟླ་གམ་དབང་གི་ཕུག། གབ་པའི་མཚོ་མོ་གནད་ཀྱི་རྟགས།། མི་འགྱུར་རྟགས་སུ་ཁ་བུན་ཡོད།། ནུབ་ཕྱོགས་པད་མ་དབང་གི་ཕུག། སྦས་པའི་ཚུལ་དུ་གནད་ཀྱི་རྟགས།། མི་འགྱུར་རྟགས་སུ་ཙན་དན་ཡོད།། ལྷོ་ཕྱོགས་གྲུ་མཁྱོགས་བདེ་བའི་ཕུག། ཐབས་ཀྱི་བྱང་སེམས་གནད་ཀྱི་རྟགས།། མི་འགྱུར་རྟགས་སུ་ཟང་ཐལ་ཡོད།། རྩེ་མི་འགྱུར་བ་ཡི་རྟགས་བཞི་ཡིན།། རྟགས་མི་འགྱུར་བ་ལ་འཛེར་བཞི་ཡོད།། ལྷོ་ཤར་བྲག་དམར་ཟང་ཡག་ལ།། མཆོད་རྟེན་འདྲ་བའི་བྲག་འཛེར་ཡོད།། མཆོད་རྟེན་འདྲ་བའི་བྲག་འཛེར་ལ།། མདའ་ཡུད་འདྲ་བའི་ཤལ་ར་ཡོད།། འོད་ཟེར་བྱུང་ན་བདེ་བར་བགྲོད།། བྱང་ཤར་བྲག་དཀར་ཟླ་གསལ་ལ།། ཟེར་དང་གུག་པོའི་གྲོང་ཁྱེར་ཡོད།། ཟེར་དང་གུག་པོའི་གྲོང་ཁྱེར་ལ།། མེ་ལོང་འདྲ་བའི་འོད་ཟེར་ཡོད།། མེ་སྟག་བྱུང་ན་ཆོ་འཕྲུལ་འོང་།། བྱང་ནུབ་ཤེལ་བྲག་རྩེ་མཐོན་ལ། ཁོལ་མིན་འདྲ་བའི་ཀེའུ་ཚང་ཡོད།། ཁོལ་མིན་འདྲ་བའི་ཀེའུ་ཚང་ལ།། རྟག་ཏུ་ཚོགས་ཀྱི་དངོས་གྲུབ་ཡོད།། དུས་བཟང་རྔ་གཤང་སྒྲ་དབྱངས་སྒྲོགས།། ལྷོ་ནུབ་གཡུ་སྦྲུལ་མཁར་འགྲོ་ལ།། ནོར་བུའི་ཚུལ་དུ་ཕ་བོང་ཡོད།། ཕ་བོང་གསལ་བའི་སྙིང་པོ་ཡོད།། ཕ་བོང་གསལ་བ་དགུ་འཛབ་ལ།། རྟག་ཏུ་རིག་འཛིན་བྱིན་རླབས་འབེབས།། བྱིན་རླབས་རྟགས་སུ་ཙན་དན་ཡོད།། ཤར་ན་དུར་ཁྲོད་ཚོགས་ཁང་དང་།། བྱང་ན་གནོད་སྦྱིན་གྲོས་ར་དང་།། ནུབ་ན་མཁའ་འགྲོའི་བྲོ་ར་དང་།། ལྷོ་རུ་སྨན་གྱི་འདུན་ས་ཡོད།། ཡོད་པ་དེ་རྩེ་ཡི་བཀོད་པ་ཡིན།། བར་གྱི་ཤར་ཕྱོགས་ཤིང་གི་རིར།། ངོ་མཚར་རྟགས་ཀྱི་སྒྲུབ་ཕུག་ལ།། གཡུང་དྲུང་འདྲ་བའི་ཁོལ་རི་ཡོད།། གཡུང་དྲུང་འདྲ་བའི་ཁོལ་རི་ལ།། མཁའ་འགྲོ་ཤུགས་འགྲོའི་གསང་ལམ་ཡོད།། ཆུང་རྒྱུད་ཀག་ལས་ཐར་བའི་གནས།། བྱང་ཤར་བམ་བྲག་བརྩེགས་པ་ལ།། ངོ་མཚར་རྟགས་སུ་ཞིང་རྒྱན་ཡོད།། ཞིང་རྒྱན་ཤིང་གི་རྒྱལ་མཚན་མཛེས།། སྐབས་སུ་གསེར་གཤང་གཡུ་དྲིལ་སྒྲོགས།། སངས་རྒྱས་བསྟན་པ་སྲུང་བའི་རྟགས།། བྱང་ཕྱོགས་དཔལ་གྱི་དེའུ་ལ།། པདྨ་སྤུངས་པའི་བཀའ་རྟགས་ཡོད།། ངོ་མཚར་སྨན་རིགས་ཉེར་ལྔ་ཡོད།། ལས་བཟང་བུད་མེད་དག་གིས་རྙེད།། བྱང་ནུབ་ཟངས་བྲག་ཕོ་བྲང་ལ།། དྲེགས་པ་འདུལ་བའི་གྲོང་ཁྱེར་ཡོད།། གྲོང་ཁྱེར་འགྲིམ་ལམ་གསང་ལམ་ཡོད།། མི་མིན་གཉེར་གཏད་བཅོལ་བའི་གནས།། ནུབ་ཕྱོགས་ཁྱུང་ཆེན་གཤོག་བར་དུ།། ཙན་དན་ཤིང་གི་ནགས་ཚལ་ཡོད།། ཙན་དན་ཤིང་གི་ནགས་ཚལ་གསེབ།། བོན་གཤེན་འཚོགས་པའི་འདུ་གནས་ཡོད།། ནམ་ཞིག་དུས་ཀྱི་བར་དག་ཏུ།། རྔ་གཤང་བོན་སྒྲ་རྒྱུན་མི་འཆད།། གསང་སྔགས་བསྟན་པ་དར་བའི་ས།། ལྷོ་ནུབ་སྤོས་རི་ངད་ལྡན་ན།། རྩ་རྩེ་མཁའ་འགྲོའི་ཚོགས་ཞིང་ཡོད།། དེ་ལ་ངོ་མཚར་བཀའ་རྟགས་ཡོད།། ཚོགས་འཁོར་སུས་ཕུལ་མཆོག་ཐུན་ཐོབ།། དེ་ནི་བར་གྱི་བཀོད་པ་ཡིན།། ད་ནི་རྩ་བའི་བཀོད་པ་ལ།། མི་འཆུག་བཀྲ་ཤིས་བཀའ་རྟགས་ཡོད།། སྤྱི་ནི་ཁྱད་པར་རི་བོ་འདི།། ཕྱི་ལྟར་བཀྲ་ཤིས་བུམ་པ་བཟང་།། ཤེལ་བྲག་ནོར་བུ་རིན་པོ་ཆེ།། ཁ་རྒྱན་བཀྲ་ཤིས་འབར་བའི་ཚུལ།། ལྟོ་བར་གཤེན་པོ་འདུ་བའི་གནས།། རྩ་བར་བཀྲ་ཤིས་པདྨ་སྤུངས།། ནང་ལྟར་ཡི་དམ་དབལ་ཆེན་པོ།། དབུ་དགུ་ཞལ་ཕྱག་རྫོགས་པར་ཡོད།། དབུ་ལ་བཀྲ་ཤིས་གདུགས་དང་ལྡན།། བྱང་ནུབ་བྲག་རི་རྒྱལ་མཚན་ལ།། མི་འགྱུར་སྐུ་ཡི་བཀྲ་ཤིས་ཡོད།། ཞབས་ཀྱི་གཡས་པ་སྐུམ་པ་ལ།། གསུང་ལ་དུང་དཀར་བཀྲ་ཤིས་ཡོད།། དུང་ལ་གདོན་སེལ་ཁྲུས་ཆུ་ཡོད།། བྲག་རི་རྒྱབ་ཡོལ་འདྲ་བ་ལ།། ཐུགས་ལ་བཀྲ་ཤིས་དཔལ་བེའུ་ཡོད།། ཆུ་བོ་འཁྱིལ་བའི་མདུན་སོ་ན།། ཕྱག་ལ་བཀྲ་ཤིས་གསེར་ཉ་ཡོད།། སྲིབ་རི་མཎྜལ་བརྩེགས་འདྲ་ན།། ཞབས་ལ་བཀྲ་ཤིས་འཁོར་ལོ་ཡོད།། པོ་ཏི་བརྩེགས་འདྲའི་བྲག་རི་ལ།། ཞི་བ་ཨ་དཀར་ལྷ་སྒྲུབ་ཡོད།། དྲན་པའི་ཐུགས་གཏེར་ཆ་གཅིག་སྦས།། བཀའ་རྟགས་གཡུང་དྲུང་རྒྱས་གདབ་ཡོད།། ཕྱོགས་བཞི་འདུན་པའི་ཚལ་རེ་ཡོད།། མཚམས་བཞི་འབབ་པའི་ཆུ་བཞི་ཡོད།། ཆུ་མིག་རེ་ལ་ནེའུ་ཐང་རེ།། ནེའུ་ཐང་རེ་ལ་བཀའ་རྟགས་རེ།། ཤར་ཕྱོགས་ཨུ་ལི་ཤག་གི་ཚལ།། བྱང་ཕྱོགས་ཨུ་ཡོ་རྒྱུག་བྱེད་ཚལ།། ནུབ་ཕྱོགས་ཨུ་ཏི་ལྡེམ་བྱེད་ཚལ།། ལྷོ་ཕྱོགས་ཨུ་ལོ་ལྷ་ལྡན་ཚལ།། བྱང་ཤར་ཆུ་མིག་ཛ་ར་ལ།། ནེའུ་ཐང་གཡུང་དྲུང་བཀའ་རྟགས་ཡོད།། ཁྲུས་དང་ཁ་ལ་རག་པས་ཆོག། བྱང་ནུབ་ཆུ་མིག་ངང་དཀར་ལ།། ནེའུ་ཐང་གཡང་གཞི་རྒྱང་འདྲ་ཡོད།། ཞི་བདེའི་བཀའ་རྟགས་རུ་སྦལ་ཡོད།། ལྷོ་ནུབ་ཆུ་མིག་ནག་རིང་ལ།། ནེའུ་ཐང་ཐང་དཀར་གཤོག་འདྲ་ཡོད།། བཀའ་རྟགས་བྱ་རྒོད་འདྲ་བ་ཡོད།། ལྷོ་ཤར་དག་པའི་ཆུ་མིག་ལ།། ནེའུ་ཐང་པདྨ་གྱེས་འདྲ་ཡོད།། བཀའ་རྟགས་ཡི་གེའི་སྙིང་པོ་ཡོད།། དེ་ལ་སྲུང་བའི་ལྷ་བརྒྱད་ཡོད།། ཤར་ཕྱོགས་ཞལ་ལྕེ་གཉན་གྱིས་སྲུང་།། བྱང་ཕྱོགས་ཕྱྭ་གཤེན་བོན་གྱིས་སྲུང་།། ནུབ་ཕྱོགས་ཞང་བློན་རྒྱལ་གྱིས་སྲུང་།། ལྷོ་ཕྱོགས་དམར་པོ་བཙན་གྱིས་སྲུང་།། བྱང་ཤར་ཀླུ་ལྕམ་སྨན་གྱིས་སྲུང་།། བྱང་ནུབ་ཕྱྭ་ལྕམ་ཀླུ་ཡིས་སྲུང་།། ལྷོ་ནུབ་བཙུན་ལྕམ་བརྟན་མས་སྲུང་།། ལྷོ་ཤར་བཙན་ལྕམ་བུ་མོས་སྲུང་།། ལར་དུར་ཁྲོད་བཀོད་པའི་གླིང་ཡིན་པས།། ཀང་ཀ་རྒྱུ་དང་གཅན་གཟན་འགྲིམ།། བྱ་དམར་འཚོགས་དང་ཤ་ཟན་འགྲིམ།། འབྱུང་པོ་འདུར་དང་རོ་ལངས་རྒྱུག། དུར་ཁྱི་སྒྲོགས་དང་མི་མིན་གཏམ།། གསང་སྔགས་སྒྲུབ་པའི་གནས་སུ་བཟང་།། གཤེན་རབ་ཞབས་ཀྱིས་བཅགས་པས་ན།། མཚན་ནས་ཐོས་ན་ཡི་རངས་སྐྱེ།། དཀར་ཆག་མཐོང་ན་དང་བ་སྤྲོ།། མིག་གིས་མཐོང་ན་མོས་དང་ལྡན།། དྲུང་དུ་ཕྱིན་ན་ངེས་ཤེས་དད།། འདུན་པ་བཟུང་ནས་ཡང་ཡང་མོས།། ཡང་དག་ཚོགས་བསགས་གནས་སུ་བཟང་།། སྐལ་མེད་ལོག་པའི་མི་རྣམས་ནི།། རྒྱང་ནས་བྲོས་ཤིང་ལོག་པར་ལྟ།། སྐུར་པ་འདེབས་ཤིང་དོ་རུ་སྡོ།། སྡོད་ཀྱང་མི་ཚུགས་གནས་ནས་འཕྱུག། བཀའ་ཆད་གཤེད་མ་སྣ་ཚོགས་འབེབས།། དེ་ཕྱིར་སྐལ་ལྡན་འདུན་པ་ཡིན།། གཞན་ཡང་ཤར་ཕྱོགས་ཟླ་བ་ཚེས།། ཤར་གྱི་མདངས་ལེན་མཇུག་མཐར་ཕྱིན།། ནུབ་ཕྱོགས་མཐོང་ན་མངོན་པར་མཐོ།། ནུབ་ཀྱི་ཟེར་བསྡུད་སྤྱོད་མཐར་ཕྱིན།། བྱང་ཕྱོགས་རྩེ་རྒྱལ་དབྱིངས་ལ་འདྲེན།། བྱང་ཆུབ་མངོན་ཤེས་རྟོགས་མཐར་ཕྱིན།། ལྷོ་ནས་སྤུངས་ཤིང་བརྗིད་དང་ལྡན།། གཉིས་མེད་དོན་ལྡན་འབྲས་མཐར་ཕྱིན།། མཐར་ཕྱིན་དོན་ལྡན་གནས་མཆོག་གི།། ནང་གི་བཀོད་པའི་དཀར་ཆག་བསྟན།། དེ་ནས་ཕྱི་ཡི་བཀོད་པ་ནི།། གནས་མཆོག་རིན་ཆེན་འབར་བ་ཡི།། རྒྱབ་རི་དར་དཀར་ཡོལ་འདྲ་ལ།། གཡས་ཀྱི་རྫོང་ཆེན་བཅིབས་རི་དང་།། གཡོན་རི་གནམ་སྟེང་བཅིབས་ཀྱི་རི།། རྒོད་ཐང་དཀར་མ་བུ་གཤོག་པ་འཐབ།། མདུན་ན་སྨོན་ལམ་བཏབ་འགྲུབ་པའི།། གནོད་སྦྱིན་སྡེ་ལྔའི་བླ་རྡོ་ཡོད།། སྨོན་ལམ་འགྲུབ་པའི་རྟེན་རྡོ་ཡོད།། དེའི་རྒྱབ་འཁོར་མོ་གླིང་གྲགས་སུ།། རིན་ཆེན་དངུལ་གྱི་གཏེར་ཁ་ཡོད།། དེ་གནོད་སྦྱིན་ཁྲོ་བདག་གདོང་གིས་སྲུང་།། མདུན་རི་གླང་ཆེན་ཉལ་བ་འདྲ།། གླང་ཆེན་གཙུག་ཏུ་འབྲས་སྤུངས་ཡོད།། འབྲས་སྤུངས་རྩ་རུ་རིན་ཆེན་གྲམ།། གནོད་སྦྱིན་མ་ཎི་གདོང་གིས་སྲུང་།། གཡས་རི་ཟླ་བ་ཚེས་པ་འདྲ།། ཟླ་ཚེས་རྩེ་ལ་སྐར་ཆེན་ཡོད།། ཟླ་བའི་ཁ་ལ་ནོར་བུ་ཡོད།། བོད་ཆེན་ས་ཡི་ལྟེ་བ་ཡིན།། ས་བཅུད་ཐམས་ཅད་དེ་རུ་འདུས།། གནོད་སྦྱིན་ཡག་ཤ་མེ་ལྕེས་སྲུང་།། གཡོན་རི་སེང་གེ་གནམ་མཆོང་འདྲ།། གཡུ་རལ་གསེབ་ཏུ་ཟངས་བྲག་ཡོད།། གསེར་གཡུ་ཁལ་གསུམ་རྡོལ་ལ་ཁད།། ཀླུ་དབང་ལྕམ་དྲལ་གཉིས་ཀྱིས་སྲུང་།། གཞན་ཡང་སྨོན་ལམ་འགྲུབ་པའི་གནས།། དེ་ཕྱིར་བཀོད་པའི་དཀར་ཆག་བསྟན།། དབུས་རི་རྒྱལ་པོ་རིན་པོ་ཆེ།། ཐོས་བསམ་སྒོམ་གསུམ་སུས་སྨོན་ན།། གང་བརྩོན་སྤྱོད་མཐར་ཕྱིན་པར་འགྲུབ།། དེ་ལ་སྡོ་བ་གང་བྱུང་ན།། བྱ་ར་མ་བཞི་སྲུང་མར་བསྐོས།། རྟེན་ཤིང་ཙན་དན་ལྗོན་པ་ཡོད།། ལས་ཅན་གདན་ས་མི་འཕྱུག་པའི།། མཎྜལ་སྟེང་དུ་བུམ་པ་མཛེས།། མཛེས་བཞིན་དགོས་འདོད་ཐམས་ཅད་འགྲུབ།། ཡིད་བཞིན་ནོར་བུ་རྒྱུན་མི་ཆད།། བུམ་པ་བདུད་རྩིའི་བཅུད་ཀྱིས་གཏམས།། བུམ་རྒྱན་དཔག་བསམ་ཤིང་གིས་མཛེས།། མོས་ཤིང་དད་རྣམས་བསམ་པ་འགྲུབ།། འཇུག་སྤྱོད་བསམ་པ་བསྒྲུབ་ན་འགྲུབ།། ལྗོན་ཤིང་བྱ་ཁྱུང་འབར་བས་སྤྲས།། ཚུལ་ཁྲིམས་གང་མཚུངས་མཐའ་རུ་ཕྱིན།། བུམ་ལྟོར་བདུད་རྩི་ཤལ་ལེར་འབབ།། དེ་འདོད་རྒུ་འགྲུབ་པའི་ཆུ་མིག་ཡིན།། མདུན་རི་བཙུན་མོ་རིན་པོ་ཆེ།། དཔའ་བོ་དཔའ་མོ་རྒྱུན་མི་འཆད།། སྨན་ལྕམ་རྣམས་ཀྱིས་བརྩེ་གླུ་ལེན།། དཔལ་ཁ་གསུམ་ལ་སུས་སྨོན་ན།། དོན་དང་ལྡན་པར་འགྲུབ་མཐར་ཕྱིན།། དེ་ལ་གང་ཟག་མཆོག་དང་དམན།། སྨོན་ཤེས་བྱ་ར་ཀླུ་ལྕམ་མོ།། གཡུ་ལོ་གཟི་འབར་བྱ་བ་བསྐོས།། རྟེན་གནས་ཆུ་མིག་དཀར་མོ་ཡོད།། མཚན་བཟང་རྒྱུན་ཆད་མེད་པ་ཡི།། ལྷ་ཆབ་རྒྱུན་ལས་བདུད་རྩི་འབེབས།། འབེབས་བཞིན་ཤེས་ན་འདོད་དོན་འགྲུབ།། འདི་དུས་དང་འཕྲད་པའི་མི་དེ་ནི།། སྨོན་ཤེས་བཀུར་ཤེས་ཚེ་དཔལ་ཐོབ།། མདུན་གྱི་སྤྱན་ལམ་བློན་པོའི་ཚུལ།། བྲག་སྨུག་པོ་མཆོང་མདོག་རིན་པོ་ཆེ།། གཞོལ་དང་འགྱིང་དང་བརྗིད་པ་འདྲ།། ཆེ་རྒྱུད་གདན་ས་མི་འཆུག་གནད།། ཆེ་རྟགས་སྣ་དགུའི་འཁོར་དང་བཅས།། གནོད་སྦྱིན་ཀ་ལ་ཡགྴས་སྲུང་།། ཆེ་གསུམ་སྨོན་ལམ་འགྲུབ་པའི་གནས།། གཡོན་རི་ནོར་བུ་རིན་པོ་ཆེ།། དོན་གཉིས་བསམ་པ་འགྲུབ་པའི་གནས།། ཐུགས་རྗེ་རྫུ་འཕྲུལ་དཀོན་ཕུག་དེ།། དང་པོ་དབལ་བོན་སྟག་མེའི་གནས།། བར་དུ་ནམ་མཁའ་སྣང་བས་བསྒྲུབས།། ཐ་མ་བླ་ཆེན་དྲན་པའི་གནས།། ད་ལྟ་སྐལ་ལྡན་ཁྱོད་ལ་དབང་།། གང་བསྒྲུབས་གྲོལ་སངས་རྒྱས་པའི་གནས།། སྲུང་དང་སྦས་དང་བསྐྱིལ་བ་དང་།། དྭངས་སྤྲོ་དྭངས་བ་འདྲེན་པའི་གནས།། ཤར་གྱི་སྤྱན་ལམ་མདངས་ཀྱི་ཞལ།། ནམ་ལངས་ཉི་ཤར་དུས་དང་མཉམ།། འོད་ལྡན་ལྷ་སྲས་ལྕམ་དྲལ་གྱིས།། ཐད་ནས་ཐད་དུ་ལྟ་བ་ནི།། ཐོས་པའི་ཤེས་རབ་ཉི་ཟླ་བཞིན།། རྟེན་འབྲེལ་སྨོན་ལམ་འགྲུབ་པའི་གནས།། ནུབ་ཀྱི་ཟེར་བསྡུད་འཁོར་ལོའི་ཞལ།། གྱེན་ནས་གྱེན་འཕགས་མཐར་བརྩོན་ཕྱིན།། སྒོམ་པའི་ཤེས་རབ་མངོན་སངས་རྒྱས།། རྟེན་འབྲེལ་སྨོན་ལམ་འགྲུབ་པའི་གནས།། རྒྱབ་རི་ཡང་རི་ཐམས་ཅད་ཀུན།། བཀའ་རྟགས་ངོ་མཚར་དུ་མས་སྤྲས།། བསམ་པའི་ཤེས་རབ་སྨོན་བཞིན་ཉིད།། རྟེན་འབྲེལ་སྨོན་ལམ་འགྲུབ་པའི་གནས།། བསྟན་སྲུང་ཀླུ་རྒྱལ་ལྕམ་དྲལ་བསྐོས།། གཡས་རི་གླང་པོ་རིན་པོ་ཆེ།། གླང་ཆེན་གཙུག་ཏུ་ནོར་བུ་ཡོད།། ནོར་བུ་རྒྱ་མཚོ་ཀླུ་ཡིས་སྲུང་།། གྱུ་ཁུགས་དུས་ཀྱི་བར་ཚིགས་ལ།། མངའ་རིས་སྟོང་པར་མི་འགྲོ་རྟེན།། གསོལ་ཤེས་སྨོན་ཤེས་སྨོན་ལམ་འགྲུབ།། གཡས་ཟུར་རྟ་མཆོག་རིན་པོ་ཆེ།། ལམ་མ་བགྲོད་ས་ཆེན་ནོན་པའི་ཕྱིར།། བཀའ་རྟགས་ཕ་བོང་ལྗོན་ཤིང་ཡོད།། སྲུང་མ་དྲག་པོ་མཐུ་ཆེན་བསྐོས།། གཡོན་ཟུར་དམག་དཔོན་རིན་པོ་ཆེ།། དམུ་བདུད་བཙན་གསུམ་ཕོ་བྲང་ཡོད།། གང་གཏད་སུ་འཕྲད་ཐར་མེད་ཀྱི།། ལས་ཀྱི་འབྲུབ་ཁུང་ཐིང་ཆོག་ཏུ།། གྱི་གྲན་མིང་བྲི་བོར་བས་ཆོག། སྐྱེ་བ་དགུ་རྒྱུད་ཁ་དག་འགྲོ།། དེ་སྨོན་ལམ་འགྲུབ་པའི་རྟེན་བདུན་ཡིན།། ཡང་རིགས་བཞིའི་རིག་འཛིན་མཁའ་འགྲོའི་ཚོགས།། རྟག་ཏུ་མི་གཡེལ་འཁོར་བའི་དོན།། རིགས་རྟགས་བཞི་ཡི་བཀོད་པ་ཚང་།། ཤར་རིན་ཆེན་དངུལ་བྲག་རྩེ་རྒྱལ་ལ།། གཡུ་རི་གཡུང་དྲུང་གཡས་འཁྱིལ་ཡོད།། གཡུང་དྲུང་རིགས་ལས་གྲུབ་པ་ཡི།། དཔའ་བོ་དཔའ་མོ་འཚོགས་ས་ནི།། སྨོན་ལམ་རྟེན་གྱི་ཕ་བོང་ཡིན།། བྱང་རིན་ཆེན་བང་རིམ་དགུ་བརྩེགས་དེ།། གཡུ་ཡི་འཁོར་ལོ་དགུ་བརྩེགས་ཡིན།། འཁོར་ལོ་རིགས་ལས་གྲུབ་པ་ཡིན།། དཔའ་བོ་དཔའ་མོ་འཚོགས་ས་ནི།། ཤེལ་བྲག་དབྱིག་གི་ཕུག་མོ་ཡིན།། ནུབ་པདྨ་བཞད་པའི་སྤང་ཁ་ཡིན།། པད་མ་བརྩེགས་པའི་ཞིང་ཁམས་ཡིན།། པདྨ་རིགས་ལས་གྲུབ་པ་ཡི།། དཔའ་བོ་དཔའ་མོ་འཚོགས་ས་ནི།། གོང་སྲང་ཡངས་པའི་མཚེར་ས་ཡིན།། ལྷོ་བྲག་རི་ནོར་བུ་རྩེ་རྒྱལ་དེ།། དགོས་འདོད་འབྱུང་བའི་གནས་མཆོག་ཡིན།། རིན་ཆེན་རིགས་ལས་གྲུབ་པ་ཡི།། དཔའ་བོ་དཔའ་མོ་འཚོགས་ས་ནི།། རང་གྲུབ་མེ་ཏོག་ཚལ་ཆེན་ཡོད།། དེ་རིགས་བཞི་ཚང་བའི་རྟགས་བཞི་ཡིན།། ཡང་མི་འགྱུར་བ་ཡི་སྲུང་བཞི་ཡོད།། ཤར་མི་འགྱུར་རྒྱ་སྟག་ཁྲ་བོས་སྲུང་།། སྟག་དར་མ་གནམ་དུ་མཆོང་འདྲ་ལ།། རྫ་སྤང་འདྲེས་པའི་འཛུམ་དྲུག་ཡོད།། བྱང་མི་འགྱུར་རུ་སྦལ་རྒྱ་བོས་སྲུང་།། མི་འགྱུར་རྟགས་སུ་བྲག་རི་ལ།། མཆོད་རྟེན་གབ་རྩེ་གླིང་དགུ་ཡོད།། ནུབ་མི་འགྱུར་བྱ་རི་དམར་པོས་སྲུང་།། མི་འགྱུར་རྟགས་སུ་བྲག་སྤང་གི།། མགོ་ལུས་གཤོག་པ་ཟེ་བས་སྤྲས།། ལྷོ་མི་འགྱུར་གཡུ་འབྲུག་འཁྱིལ་བས་སྲུང་།། མི་འགྱུར་རྟགས་སུ་བྲག་དཀར་གྱི།། ནོར་བུའི་ཚུལ་དུ་དུང་མཛེར་ཡོད།། དེ་མི་འགྱུར་བ་ཡི་སྲུང་བཞི་ཡིན།། ཡང་དུས་བཞི་རྫོགས་པའི་རྟགས་བཞི་ཡོད།། ཤར་ཤིང་ཁམས་རྒྱལ་མོ་ཞུ་བའི་དུས།། རྫོགས་པའི་རྟགས་སུ་ནགས་ཚལ་རྒྱས།། བྱང་ཆུ་ཁམས་རྒྱལ་མོ་རྒྱས་པའི་དུས།། རྫོགས་པའི་རྟགས་སུ་གསང་མཚོ་དྲོས།། ནུབ་ལྕགས་ཁམས་རྒྱལ་མོ་སྡུད་པའི་དུས།། རྫོགས་པའི་རྟགས་སུ་ཟངས་ལྕགས་འབར།། ལྷོ་མེ་ཁམས་རྒྱལ་མོ་སྨིན་པའི་དུས།། རྫོགས་པའི་རྟགས་སུ་མེ་རི་མཆེད།། དེ་དུས་བཞི་རྫོགས་པའི་རྟགས་བཞི་ཡིན།། སྤྱིར་ཁྱད་པར་འཕགས་པའི་གནས་ཆེན་འདིའི།། ལུང་ཆེན་གཡུ་ཡི་ལུང་པ་ལ།། བམ་བྲག་མཚལ་གྱི་རི་བོའི་ཚུལ།། དཀོན་ཕུག་ཤེལ་གྱི་བྲག་ཕུག་སྟེ།། རྩེ་དྲུག་རྩེ་དྲུག་ལྷུན་པོའི་ཚུལ།། མདུན་ས་མཚལ་རི་མདུན་ས་སྟེ།། རི་ནག་རི་ནག་འཇོམས་པ་ལ།། ཁ་འཐབ་དབལ་གྱི་རོང་ཆེན་ཚུལ།། གསང་མཚོ་གླིང་དགུ་འཁྱིལ་བའི་མཚོ།། ཨ་མོ་ལི་ཀའི་རྡོ་དང་ཆས།། དཔག་བསམ་ལྗོན་པའི་ཤིང་དང་ཆས།། རྣམ་པར་རྒྱལ་བའི་ཁང་དང་ཆས།། ཤེལ་གྱི་རྡོ་རིང་དངོས་དང་ཆས།། ལྟ་ན་སྡུག་པའི་གྲོང་དང་ཆས།། རྫུ་འཕྲུལ་གསང་བའི་ཕུག་དང་ཆས།། བདུད་རྩི་འོ་མའི་མཚོ་དང་ཆས།། མེ་ཏོག་མཛེས་པའི་གླིང་དང་ཆས།། གུར་ཀུམ་སྤོས་ཀྱི་རི་དང་ཆས།། དགའ་ལྡན་བཀོད་པའི་ལུང་དང་ཆས།། གནས་ཆེན་འདི་ཡི་མཐའ་དབུས་བར།། མ་ཚང་མེད་པས་ཁྱད་པར་འཕགས།། ཁྱད་པར་གནས་ཆེན་བདུན་པོ་ལས།། གནས་འདི་ལྷ་གནས་དག་དང་མཚུངས།། བོད་ཀྱི་རྩེ་དྲུག་ལྷུན་པོ་ཡིན།། དེ་དག་བར་གྱི་བཀོད་པ་ལ།། དེ་ནས་མཐའ་ཡི་བཀོད་པ་ནི།། ཆགས་ཚུལ་ཟ་འོག་ཁ་ཕྱེས་འདྲ།། བཀོད་པ་ལས་བཞི་རྫོགས་པའི་ཚད།། ཤར་ཕྱོགས་ཞི་ལ་དཀར་ཟླུམ་འཁྱིལ།། ཞི་བའི་རིག་འཛིན་སྒྲུབ་པའི་གནས།། མཎྜལ་འདྲ་བའི་སྤང་ལིང་ལ།། གཡུང་དྲུང་རིས་ཀྱི་གྲམ་པ་ཡོད།། དེ་ཡི་ཆུ་བོ་ཕར་འདས་ན།། རུས་སྦལ་འདྲ་བའི་ས་གནད་ཡོད།། རུས་སྦལ་འདྲ་བའི་ས་གནད་ལ།། ཕུན་སུམ་ཚོགས་པའི་དུར་ཁྲོད་ཡོད།། བཀའ་རྟགས་རྟགས་བརྒྱད་རིགས་རྟགས་རྣམས།། རི་བྲག་རྡོ་ལ་རང་དོད་ཡོད།། ཡི་གེ་དྲུག་པ་ཚར་ཉེར་ལྔ།། རྡོ་ལ་ངོ་མཚན་ཅན་དུ་ཡོད།། ངོ་མཚར་ཤེལ་གྱི་ཕུག་པ་དང་།། རྣམ་དཀར་ཀེའུ་ཚང་ལྗོན་ཤིང་དང་།། ཤེལ་གྱི་རྡོ་རིང་བྱང་ཆུབ་སྐས།། བྲག་ལ་ཉི་ཟླ་རང་བྱོན་དང་།། ཐེ་བེར་འདྲ་བའི་རྡོ་ཡི་ཁྱུད།། དཔའ་བོ་དཔའ་མོ་རྒྱུན་མི་འཆད།། གསང་བའི་སྒྲུབ་ཕུག་བཅུ་ཙམ་ཡོད།། རིན་པོ་ཆེ་དང་དར་ཟབ་དང་།། སྤྱན་རས་གཟིགས་ཀྱི་སྐུ་ཚབ་དང་།། གུ་རུའི་ཐོད་ཞལ་གཏེར་དུ་ཡོད།། ཞི་བའི་སྒྲིབ་པ་སྦྱོང་བའི་གནས།། བྱང་ཕྱོགས་གྲུ་བཞི་སེར་ལྗང་ལ།། ས་དང་རི་ཡང་གྲུ་བཞིའི་ཚུལ།། ཨེ་ཀློང་འདྲ་བའི་ས་གཞི་ལ།། བྷན་དྷ་འདྲ་བའི་ཐང་ཆུང་ཡོད།། བྷན་དྷ་འདྲ་བའི་ཐང་ཆུང་ལ།། འུར་འུར་འབར་བའི་དུར་ཁྲོད་ཡོད།། མཚོ་མོ་དུང་དཀར་དབྱིབས་ཅན་གྱི།། ཁྲུས་དང་བཏུང་ཆོག་ཁྱད་པར་ཡོད།། ཕ་བོང་གསེར་ལོ་འདྲ་བ་ལ།། རིག་འཛིན་བརྒྱད་ཅུའི་ཞབས་རྗེས་ཡོད།། གཡས་སུ་གསང་བའི་སྒྲུབ་ཕུག་ལ།། སྒོམ་སྒྲུབ་བྱས་ན་རིག་འཛིན་ཐོབ།། རིན་ཆེན་བྲག་རིའི་སྐེ་སྐབས་སུ།། རིག་འཛིན་བརྒྱད་ཅུའི་ཚེ་ཆུ་ཡོད།། རྒྱས་པ་འཕྲུལ་སྒྲུབ་སྡེ་ལྔ་ཡོད།། བཀའ་རྟགས་འཁོར་ལོའི་ཞབས་རྗེས་ཡོད།། ལྕགས་ཀྱི་མཚོ་ནག་ཁོལ་མ་ལ།། རྗེ་རིགས་ཀླུ་ཡིས་དབང་བྱས་ཏེ།། འཕྲུལ་འཁོར་སྡེ་ལྔ་གྲུབ་པའི་གནས།། ནུབ་ཕྱོགས་ཟླ་གམ་དམར་ལ་རྔམ།། གཡས་སུ་བཙན་རྒོད་སྤུན་གསུམ་རྫོགས།། གཡོན་དུ་རབ་འཇིགས་དུར་ཁྲོད་འབར།། དུར་ཆུ་དུར་མེ་དུར་བདག་རྣམས།། ལྟུང་ནུས་འབར་ནུས་བདེ་ནུས་ཡོད།། ཟླ་གམ་འཁྱིལ་པའི་ས་གཞི་ལ།། པདྨ་གྱེས་འདྲའི་ཐང་ཆེན་བརྡལ།། མཎྜལ་འདྲ་བའི་སྤང་མཛེར་ཡོད།། མཎྜལ་འདྲ་བའི་སྤང་འཛེར་ལ།། གཏད་ཁྲོམ་ཤོར་མེད་ནག་པོ་དང་།། བསང་རྔན་ཆོ་ག་སྤང་བསྐང་ཆེན།། བོན་གཏེར་ཟབ་མོ་ལྔ་ཙམ་དུ།། རྡོ་བ་རུས་སྦལ་ཁ་སྦྱར་ན།། ཕྱག་རྗེས་གསུམ་གྱི་རྒྱས་གདབ་ཡོད།། བྲག་རི་གཡུ་འབྲུག་འཁྱིལ་འདྲ་བའི།། ཟེ་བ་འདྲ་བའི་བྲག་གསེང་དུ།། སྲིད་པ་ཤན་འགྱེད་འགོག་པ་ནི།། འབྲི་ཡི་དྲང་སྲོང་གཡུ་ཐུལ་བཞུགས།། དྲང་སྲོང་དེ་ཡི་བྱིན་རླབས་ཀྱིས།། གནས་དེར་དྲི་བཟང་རྒྱུན་མི་འཆད།། གསང་བ་འདྲ་བའི་ཕུག་རིང་དུ།། འཇམ་དཔལ་དྲག་པོའི་ཟློག་པ་དང་།། གུ་རུའི་སྒྲུབ་ཆུ་སྤྱན་གཟིགས་སྐུ།། ལི་ཤུའི་སྐུ་ཚབ་བཅས་གཏེར་ཡོད།། ཕྱྭ་ཚེ་སྒྲུབ་པའི་གནས་སུ་བཟང་།། ལྷོ་ཕྱོགས་གྲུ་གསུམ་སྔོན་པོའི་མདངས།། ཚང་ཚིང་འབར་བའི་དུར་ཁྲོད་དང་།། ཆུ་བྲག་འཐབ་བར་ཆུ་སྲིན་ཁར།། གུ་རུའི་མ་སྒྲུབ་ཟོར་མཐུ་དང་།། འཆོར་མེད་ཕུང་མཐུའི་རྫས་དགུ་དང་།། རལ་གྲི་ལྔ་ཙམ་ཟབ་མོའི་གཏེར།། ནམ་ཞིག་དགོས་པའི་དུས་བྱུང་ཚེ།། དཔལ་རྡོར་མིང་གིས་ཐོན་ནས་སུ།། དུ་རུ་དུར་མིན་དམག་རྣམས་བཟློག། དེ་ཡི་ཆུ་བོ་ཕར་འདས་ཀྱི།། རི་བོའི་སྐེད་དུ་སྤང་རྩེ་ན།། མཁའ་འགྲོ་བརྒྱ་རྩའི་ཚོགས་ཁང་དང་།། ཚོགས་རྫས་རྡོ་ལ་རང་གྲུབ་ཡོད།། གཡུ་ཤུག་རྔ་སྐད་རང་གྲགས་ལ།། སྨན་མོས་བསྐོར་བའི་རྗེས་ཀྱང་ཡོད།། ཆབ་དཀར་ཆུ་བོའི་ཚུ་རོལ་གྱི།། བྲག་རི་བུད་མེད་འཚོགས་འདྲ་ལ།། མོ་སྐམ་བུ་འབྱུང་ཆུ་མིག་དང་།། ཕུག་རིང་བདེ་བའི་གདེང་གསང་ན།། དཔའ་བོ་ཐབས་ཀྱི་བྱང་སེམས་དང་།། སྒོ་ཡི་གཡས་ལོག་གཏེར་སྒོ་ན།། བེེ་རོའི་རྒྱ་དཔེ་ཉེར་ལྔ་ཡོད།། དེ་ཡི་གཏེར་དང་གནས་རྣམས་ཀྱི།། སྲུང་མ་རྡོ་རྗེ་གཟི་འབར་ཡིན།། དེ་ལ་རྫོང་ཆེན་ཁག་གསུམ་ཡོད།། རི་གླང་ཆེན་འདྲ་བའི་སྣ་ལ་ཆགས།། དེར་གུ་རུས་སྒྲུབ་པ་ཞག་དགུར་མཛད།། རྡོ་རྗེ་དབྱིངས་ཀྱི་ཞལ་གཟིགས་ནས།། རི་བོ་རྡོ་རྗེ་དབྱིངས་ཆེན་གྱི།། དཀྱིལ་འཁོར་དངོས་སུ་བྱིན་གྱིས་བརླབས།། རྡོ་རྗེ་དབྱིངས་ཀྱི་བསྒྲུབ་གནས་བཟང་།། གནས་དེར་གུ་རུས་བྱིན་བརླབས་པའི།། དཔའ་བོ་དཔའ་མོ་རྒྱུན་མི་འཆད།། གཞན་ཡང་གནས་འདིའི་མཐའ་བར་གྱི།། ཕྱོགས་མཚམས་ཀུན་ཏུ་སྦས་པའི་གཏེར།། ངོ་མཚར་བྱིན་རླབས་འགྲོ་དོན་མང་།། ནུབ་ཕྱོགས་མཆོད་རྟེན་འདྲ་བ་ལ།། ངོ་མཚར་རྒྱས་པའི་སྒྲུབ་སྐོར་དང་།། མཁའ་འགྲོའི་སྐོར་དང་མདོ་འབུམ་དང་།། ཁམས་བརྒྱད་ཕྱྭ་གཡང་དབང་སྡུད་སྐོར།། ནོར་བུ་རིན་ཆེན་གཏེར་བཅས་ཡོད།། དུར་ཆུ་ཆུ་མིག་ནག་རིང་དང་།། དུར་ཤིང་ཤུག་པ་ཁེར་སྐྱེས་དང་།། དུར་གྱི་ཕ་བོང་ཁྱི་འདྲ་ཡོད།། ཕ་བོང་གུར་འདྲ་གསེར་ཕུག་དང་།། ཀེའུ་ཚང་གཡུང་དྲུང་ཉི་ཤར་དང་།། ངང་མའི་ཆུ་མིག་སྐྱ་རིང་དང་།། སྤེན་ནེ་རི་བཀྲ་གཡུའི་ཕ་བོང་།། སྟག་འདྲ་དོམ་འདྲ་ལ་སོགས་སུ།། ཕྱི་ནང་གསང་བའི་བོན་གཏེར་དང་།། རྣམ་རྒྱལ་རྒྱུད་དང་ཆ་ལགས་དང་།། ས་བདག་སྤྱི་བཅོས་ཆེན་མོ་དང་།། མཁའ་འགྲོའི་ཡོལ་ཆེན་ཆ་ལྔ་དང་།། གཤེན་རབ་ཚེམས་དུང་འཕར་ཆེན་དང་།། གནས་མཆོག་དེ་རྣམས་གཏེར་དུ་སྦས།། ཤར་ཕྱོགས་གླང་ཆེན་འདྲ་བ་དང་།། རུས་སྦལ་འདྲ་དང་རྒྱལ་མཚན་འདྲ།། གསང་ཕུག་ལྔ་དང་ཚོགས་ར་དང་།། གཡུ་འབྲུག་འཁྲིལ་འགྲོ་སྨན་ཁང་དང་།། གཏེར་དང་ས་གནད་གལ་པོ་ཆེར།། རིག་འཛིན་འཚོགས་དང་དངོས་གྲུབ་ཐོབ།། དཔའ་བོ་དཔའ་མོ་རྒྱུ་ལམ་དང་།། བརྟན་མ་འགུལ་ལྷའི་ཕོ་བྲང་ཡིན།། བྱང་ཕྱོགས་གད་པ་སྐྱ་རིང་དང་།། དངུལ་གྱི་གསེར་མཚོ་མཐོང་ཆོག་དང་།། རྨ་བྱ་ཁ་སྤྲོད་འདྲ་བའི་རིར།། ཆབ་དཀར་སྤྲེལ་ལུང་ར་ཕྱར་བྲག། སྡིག་རུའི་ཕ་བོང་གྲོ་ལེབ་དང་།། ཆུ་མིག་དུང་ནུབ་བྱ་རུའི་བྲག། བཀྲ་ཤིས་སྒོ་རྟགས་རྡོ་རིལ་རྣམས།། རྒྱས་པ་ཚེ་སྒྲུབ་མན་ངག་ལྔ།། ཕྱག་མཚན་སྐུ་ཚབ་རིན་ཆེན་ལྔ།། ཞབས་རྗེས་སྐུ་རྗེས་མེ་ཏོག་གླིང་།། ངོ་མཚར་ཆེ་བའི་གནས་འགའ་ཡོད།། ལྷོ་ཕྱོགས་གླང་ཆེན་འདྲ་བའི་རིར།། ཆང་ཟམ་བྲག་དང་སྨན་དཀར་བྲག། ཚ་ཁང་ཕུག་མོ་བྱ་རྒོད་འདྲ།། སྟག་གཡག་སྒང་དང་ང་ལེ་ཕུག། བཀྲ་ཤིས་ལྷ་མོ་མཆེད་བདུན་དང་།། སྤོམ་བྲག་ཡ་ཚ་འཁྱིལ་སའི་བྲག། ཚེ་དབང་བྲག་དང་བྱ་ཁྱུང་འདྲ།། དབང་ཕྱུག་བྲག་དང་འབྲུག་གི་ཕུག། ཤག་རི་ཤོག་ནག་བདེ་བ་ཕུག། དྲག་པོའི་མཐུ་དང་གཏད་ཁྲམ་དང་།། ཕུར་པ་ཐོག་སེར་རང་འབེབས་དང་།། ཚེ་ཆུ་གསེར་གཏེར་ཛམ་བྷའི་སྐུ།། མི་མགོན་མགོན་པོའི་བིང་མཐུ་དང་།། རྩ་དཀར་རྩ་ནག་སློང་བའི་ས།། ལྡེའུ་མིག་བཅས་ཏེ་གཏེར་དུ་ཡོད།། མཐའ་དང་བར་གྱི་ལོ་རྒྱུས་སོགས།། བཤད་བྱང་ཁ་འཕང་མདོ་ཙམ་གྱི།། དེ་རྣམས་བཀོད་པའི་དཀར་ཆག་ཡིན།། སྐལ་ལྡན་ཐུགས་ཀྱི་དཀྱིལ་དུ་ཞོག། ཕྱི་རབས་གང་ཟག་རྣམས་ལ་བགྲོས།། མོས་གུས་དག་སྣང་ཀུན་ནས་གྱིས།། ཞེས་གསུངས་སོ།། གནས་ཀྱི་བཀོད་པའི་དཀར་ཆག་གི་ལོ་རྒྱུས་ཏེ་གཉིས་པ་འོ།། ༈ །། དེ་ནས་ཡང་དབང་ལྡན་པདྨ་དོན་གསལ་གྱི་ཞལ་ནས་གསུང་པ།། ཉོན་ཅིག་སྐལ་ལྡན་རིགས་ཀྱི་གཤེན།། ཡབ་སྲས་ཞལ་ནས་གསུང་པ་ལྟར།། ཆགས་ཚུལ་བཀོད་པ་གོང་དུ་བསྟན།། ད་ཕྱི་ནང་གཏེར་གྱི་བཞུགས་ཚུལ་རྣམས།། སྔོན་བསྐལ་པ་དུས་ཚིགས་གནས་སྐབས་དེར།། གཡུང་དྲུང་བོན་དང་དམ་པ་ཆོས།། དར་དང་ལྡིང་གཉིས་གང་ཡང་བྱུང་།། རིག་འཛིན་སློབ་དཔོན་དྲན་པ་དང་།། མཁས་པ་སྟོང་རྒྱུང་མཐུ་ཆེན་དང་།། ལོ་པཎ་སྒྲ་སྒྱུར་མཁས་བཞི་སོགས།། ངེད་མ་འོངས་བརྩེ་བ་ཐམས་ཅད་ཀྱིས།། བགྲོས་ཤིང་འཚོགས་ནས་ཟབ་མོའི་གཏེར།། རྒྱལ་བློན་གཏེར་ཕྲན་གཏེར་ཆེན་་དང་།། ཕྱི་ནང་གསང་བ་མང་དུ་ཕྱེས།། སུམ་བརྒྱ་དྲུག་ཅུའི་གཏེར་རྣམས་སྤྲོས།། ཡང་གཏེར་སྟོང་དང་རྩ་གཉིས་སྦས།། ཁ་འཐོར་སྟོང་ཕྲག་ལྔ་ཙམ་སྦས།། ཁྱད་པར་རིན་ཆེན་འབར་བ་ཡི།། ཕྱི་ནང་གསང་བའི་གཏེར་རྣམས་ཀྱི།། སྦས་ཚུལ་དཀར་ཆག་ཞིབ་ཏུ་བསྟན།། མཚལ་མདུན་འདྲ་བའི་གཡས་ཟུར་དུ།། སློབ་དཔོན་དྲན་པ་ནམ་མཁའ་དང་།། ཞང་གི་མཁས་པ་སྟོང་རྒྱུང་དང་།། ལོ་པཎ་སེ་ལྡེ་མེ་གསུམ་དང་།། ཚེ་དབང་པདྨ་བེེ་རོ་དང་།། རང་རང་ཕྱག་རྒྱའི་མཁའ་འགྲོ་བཅས།། བཀའ་རྣམས་སྒྲ་སྒྱུར་བརྡ་རེ་བྲིས།། གཏེར་ལ་ཕྱི་ནང་མང་དུ་ཕྱེས།། དང་པོ་མདུན་གྱི་ནུབ་ལོགས་ཀྱི།། བྲག་རྒྱབ་ཡོལ་འདྲ་བའི་ངོ་བོ་རུ།། གསང་བའི་གཟུངས་སྡེ་བཅུ་གསུམ་དང་།། ཡང་ཏིག་གསང་བའི་འབུམ་མོ་ཆེ།། ལེའུ་གཉིས་བརྒྱ་ལྔ་བཅུ་ལ།། རྒྱུད་དང་གཞུང་དང་ཆ་ལག་དང་།། འདོན་མཆོད་གྱེར་ཟློས་སྒྲུབ་པ་ལ།། ཕྱི་ནང་གསང་བ་ཡང་གསང་ཚུལ།། དགོངས་འདུས་ཐུགས་ཀྱི་སྒྲུབ་པ་ལ།། ལེའུ་བརྒྱ་དང་རྩ་བརྒྱད་དང་།། ཆ་ལག་ཉི་ཤུ་རྩ་ལྔ་དང་།། མ་འོངས་རྒྱུད་ཀྱི་ཁ་བྱང་དང་།། རྒྱན་དྲུག་རྒྱ་དཔེ་པོད་སྡེ་ལྔ།། རྡོ་རྗེ་སྡོམ་པའི་རྒྱུད་ཆ་ལག། ཁ་འཐོར་སྡེ་ཚན་ལྔ་ཙམ་དང་།། གཏེར་གྱི་རྒྱ་དཔེ་པོད་གསུམ་དང་།། རིན་ཆེན་གསེར་གྱི་བྱེ་མ་དང་།། མྱ་ངན་མེད་པའི་ཀླུ་འཇིམ་དང་།། བྱེ་མ་ཨ་ཀྲོང་ལས་གྲུབ་པའི།། སྐུ་ཚབ་ཉི་ཤུ་རྩ་ལྔ་དང་།། མྱོང་གྲོལ་དམ་རྫས་སྡེ་ཚན་བརྒྱད།། དབུས་དང་ཕྱོགས་མཚམས་སྒོ་བཞིའི་ཚུལ།། ཚོམ་བུ་བཅུ་གསུམ་ཙམ་དུ་སྦས།། བརྒྱད་རྟགས་དང་ནས་ཨ་ཀྵའི་བར།། བཀའ་རྟགས་རིན་ཆེན་བྲག་ལ་བཏབ།། རིམ་བཞིན་བརྡོལ་དུ་རྒྱབ་རིམ་གསལ།། གཏེར་སྒོ་དེ་བཞིན་ཤུགས་ཀྱིས་མངོན།། ཤར་ཕྱོགས་མཁའ་འགྲོའི་གསང་བ་ན།། ཀེའུ་ཚང་རིན་ཆེན་བྲག་གི་གོང་།། ཟབ་མོ་ལམ་གྱི་མན་ངག་སྦས།། བྱང་ཕྱོགས་དཔལ་གྱི་དེའུ་ལ།། གསེར་གྱིས་བྲིས་པའི་འབུམ་སྡེ་ལྔ།། བྲམ་ཟེ་ཨཏྱ་ས་ལེ་ཡི།། གདུང་གི་རུས་ཆེན་ལས་གྲུབ་པའི།། ཀུན་གྲོལ་རུས་རྒྱན་ཆ་ཚང་སྦས།། ལྷོ་ཕྱོགས་བདེ་བ་ཕུག་རིང་དུ།། གནོད་སྦྱིན་ནོར་བུ་མཆོག་རྒྱལ་གྱི།། རྒྱུད་གཟུངས་ལེའུ་བརྒྱ་རྩ་བརྒྱད།། འདོན་མཆོད་སྒྲུབ་དང་གྱེར་ཟློས་ཀྱི།། ཕྱི་ནང་གསང་བ་ཡང་གསང་སྐོར།། བསམ་འཕེལ་རྫས་ཀྱི་ནོར་བུ་དང་།། གྱིམ་ཚའི་གསེར་འོད་བརྒྱ་རྩ་བརྒྱད།། མན་ངག་གསང་བའི་པོ་ཏི་དང་།། འཆི་མེད་རྣམ་གསུམ་ཐུགས་དམ་གྱི།། མྱོང་གྲོལ་ཟག་མེད་བདེ་བའི་ལམ།། སྒྲུབ་སྨན་བརྒྱ་དང་དམ་རྫས་ལྔ།། ཚེ་ཡི་རིག་འཛིན་རྣམ་ལྔ་ཡི།། འཆི་ངེས་བདུན་ཞག་བཤོལ་ནུས་པའི།། དམ་རྫས་བྷྲུཾ་རྒྱཿམ་ཞེས་དང་།། རིན་ཆེན་བསྭེ་ཡི་སྦྲམ་བཅས་སྦས།། དབུ་རྩེ་ཡིད་བཞིན་ནོར་བུ་ལ།། ཀ་བརྒྱད་གསང་བ་འདུས་པ་དང་།། ཁྲོ་བོ་དབང་ཆེན་བོན་སྐོར་དང་།། རིན་ཆེན་བུམ་པ་ཆ་དགུ་སྦས།། ཆེ་མཆོག་རྫོགས་པའི་ཕོ་བྲང་དུ།། མཚན་ཉིད་མཛོད་དང་འགྲེལ་བཞི་དང་།། དྲི་མེད་གསས་མདའ་ཆ་བཞི་སྦས།། མཉམ་ཉིད་དཔའ་བོའི་ཕོ་བྲང་དུ།། རྒྱུད་ལུང་ལྔ་དང་རལ་གྲི་བཞི།། བདེ་ཆེན་རྫོགས་པའི་ཕོ་བྲང་དུ།། སྔགས་སེམས་གཉིས་དང་ཤེལ་གྱི་སྒོང་།། མཎྜལ་བཅས་ཏེ་གཏེར་དུ་ཡོད།། བླ་མེད་དབང་གི་ཕོ་བྲང་དུ།། མེ་དཔུང་འདྲ་བའི་ལས་དྲུག་དང་།། སྒྲུབ་ཕུར་རྣམ་དགུ་གཏེར་དུ་ཡོད།། གཡུང་དྲུང་བརྡལ་པའི་ཕོ་བྲང་དུ།། རྫོགས་ཆེན་སྐོར་དང་མཁའ་འགྱིང་སྐུ།། རྟོགས་ཆེན་ལྟ་བའི་ཕོ་བྲང་དུ།། གཙང་མ་འདུལ་སྡེ་ཆེན་མོ་དང་།། འཕྲུལ་གྱི་མེ་ལོང་ཆ་ལྔ་ཡོད།། ལས་གྲུབ་གསང་བའི་ཕོ་བྲང་དུ།། གསེར་གྱི་བྱམས་མའི་འབུར་སྐུ་དང་།། གཡུ་ཡི་སྨན་ལྷ་མཆེད་དགུ་ཡོད།། མངོན་པར་རྫོགས་པའི་ཕོ་བྲང་དུ།། མཆོད་སྦྱིན་རྒྱས་སྡེ་མཁའ་འགྲོ་ལྔའི།། ཐོད་པ་བཅས་ཏེ་གཏེར་དུ་ཡོད།། དེ་ནི་ནང་དང་རྩེ་གཉིས་ཀྱི།། དངོས་གྲུབ་གཏེར་གྱི་དཀར་ཆག་ཡིན།། དེ་ནས་ཕྱི་དང་མཐའ་རྣམས་ལ།། དང་པོ་མདུན་གྱི་དགའ་བའི་ཚལ།། མེ་ཏོག་འདབ་བཞི་ཟེའུ་འབྲུ་ལྔ།། འཛམ་གླིང་ས་བཅུད་ཀུན་བསྡུས་ནས།། ཕོ་བྲང་གབ་རྩེའི་ས་བཅུད་བཅས།། རིན་ཆེན་ཟངས་ཀྱི་བུམ་པར་གཏམས།། ཕྱོགས་དབུས་ཚུལ་དུ་གཏེར་དུ་ཡོད།། རྒྱབ་ཀྱི་བྱ་རི་གཡས་ངོས་ལ།། རིན་ཆེན་ཟངས་ཀྱི་གཏེར་ཁ་ཡོད།། གཡས་ཀྱི་ནོར་ལྷ་དཀར་འཛང་ལ།། གཡུ་དང་མུ་མེན་གཏེར་ཁ་ཡོད།། གཡོན་གྱི་ཐུགས་རྗེའི་དཀོན་རྫོང་དུ།། འཇའ་ལུས་གྲུབ་པའི་གདམས་པ་དང་།། སྨོན་ལམ་བཏབ་ཆོག་ཟིལ་པ་གཉིས།། ཐུགས་རྗེ་ཡུམ་ཆེན་ཐུགས་ཀར་ཡོད།། དྲང་སྲོང་ཚུལ་འབར་ཁྲི་ཤེས་ཀྱི།། བསྒྲུབས་པའི་ཨ་རུ་ཁལ་གཅིག་རྣམས།། ཟབ་མོ་རིན་ཆེན་གཏེར་དུ་ཡོད།། ད་ཕྱི་ཡི་གནས་བརྒྱད་གཏེར་ཁ་ནི།། ཤར་ཕྱོགས་བྲག་དཀར་ཡོངས་རྩེ་ན།། གནས་ལ་བཀོད་པ་ཕུན་སུམ་ཚོགས།། ཟབ་མོ་གསུམ་གྱི་གཏེར་དུ་ཡོད།། འབྲི་ཀླུང་ས་ཡི་ཡང་སྙིང་གི།། ཐར་མཆོག་བདེ་བའི་ས་གནད་ཀྱི།། དཔལ་གྱི་དེའུ་བཟང་པོ་ན།། གལ་པོ་ཆེ་ཡི་གཏའ་གཏེར་དང་།། གསེར་གྱི་ཁམས་བརྒྱད་ཆ་གཅིག་ཡོད།། བྱང་ཤར་དཀར་ལུང་འཕེན་བྲག་ལ།། འཆི་མེད་རྡོ་ལས་གྲུབ་པ་ཡི།། མགོན་པོ་ཚེ་དཔག་མེད་སྐུ་ཡོད།། བྱང་ཕྱོགས་ཨ་དཀར་གསང་ལུང་དུ།། རྒྱུད་འབུམ་བོད་བསྡུར་པོ་ཏི་ཡོད།། བྱང་ནུབ་རིག་འཛིན་བརྒྱད་ཅུའི་གནས།། དཀྱིལ་འཁོར་ཆེན་པོ་བརྒྱ་ཉི་ཤུ།། དིང་དིང་ས་ལ་སྦས་རྒྱ་ཡོད།། ནུབ་ཕྱོགས་དཔལ་གྱི་ཡོངས་རི་དང་།། གྲུ་རྡོ་ནོར་བུ་རི་གསུམ་རྣམས།། སྦས་པའི་གཏེར་ནི་དགུ་ཙམ་ཡོད།། ལྷོ་ནུབ་ལྷ་རི་ཤོག་ཆེན་ལ།། གཡས་སུ་དཔལ་གྱི་དེའུ་དང་།། གཡོན་དུ་གུ་རུའི་སྐུ་རྗེས་ཡོད།། གསུམ་ཀར་གུ་རུའི་ཐུགས་ཐིག་བསྐོར།། སྙན་དུ་བརྒྱུད་པའི་མན་ངག་བདུན།། བལ་ཡུལ་ཡང་ལེ་ཤོད་ཆེན་ནས།། གནོད་སྦྱིན་གཏུལ་བྱེད་ཕུར་པ་ལྔ།། ཙན་དན་བཅས་ཏེ་སྦས་གཏེར་ཡོད།། ལྷོ་ཕྱོགས་དཔལ་གྱི་མཛོད་གདོང་དུ།། གསེར་གྱི་འབུམ་ཆ་ལྔ་ཕྲག་དང་།། ཤཱཀ་ཐུབ་མཛད་མདོ་རྒྱས་བསྡུས་འབྲིང་།། ཀླུ་གྲུབ་འཕགས་པ་མདོ་སྡེ་བ།། སློབ་དཔོན་དབྱུག་པ་ཅན་གསུམ་གྱི།། བོད་དུ་བསྒྱུར་བ་གཏེར་དུ་ཡོད།། ལྷོ་ཤར་རམ་ཁ་དཀར་བྲག་ལ།། སློབ་དཔོན་སྟོང་རྒྱུང་མཐུ་ཆེན་དང་།། བཱི་མ་མི་ཏྲ་ཟུང་གཅིག་གི།། སྒྲུབ་ཕུག་གཡས་གཡོན་ཚུལ་ཆགས་པའི།། བར་དུ་རིན་ཆེན་གཏེར་ཁ་ཡོད།། དེ་བཞིན་གནས་འདིའི་དབུས་ལྟེ་བར།། དུས་བཟང་དགེ་བའི་བཤེས་གཉེན་ཀྱང་།། བསྐོར་བ་གཅིག་བྱས་སྒྲིབ་སྦྱོང་གི།། སྙིང་པོ་དུང་ཕྱུར་ལྔ་རེ་ཡོད།། དེ་བཞིན་འབྲིང་དུ་དད་ལྡན་གྱི།། བསྐོར་བ་ལྔ་ལ་དུང་གསུམ་ཡོད།། ཐ་མ་སྡིག་ཅན་མི་ཡིན་ན།། རྐྱང་ཕྱག་ཆ་གཅིག་ཕུལ་བ་ཡི།། སྙིང་པོ་དུང་གསུམ་ཡོད་ཞལ་བཞེས།། མཐའ་དང་བར་རྣམས་དེ་ལྡོག་མཉམ།། ཚོགས་དང་མཆོད་པ་ཐུན་གསུམ་དུ།། ཕུལ་ན་ཚོགས་ཀྱི་ལམ་སྣ་ཟིན།། རི་ཀླུང་དར་ལྕོག་གང་ཕུལ་ན།། ཚེ་དཔལ་གཉིས་ལ་ངེས་པར་སྤྱོད།། གཞན་ཡང་ཡུལ་དང་ཡུལ་ལྗོངས་ཀྱི།། ཆུ་བྲག་རི་བོ་ཐམས་ཅད་ལ།། ཞིབ་ཏུ་བརྗོད་པར་མི་ནུས་ཀྱང་།། སོ་སོའི་ཡོན་ཏན་སྣ་རེ་ལོངས།། མདོར་བསྡོམ་བརྗོད་པ་ཐུན་མཚམས་ལ།། རིམས་ནད་སེལ་བའི་ཆུ་ཤིང་ལྔ།། རྒས་པ་གཞོན་ནུས་རྩྭ་ཆུ་ལྔ།། གྲིབ་གདོན་སེལ་བྱེད་ཆུ་ཤུག་གསུམ།། མོ་སྐམ་བུ་འབྱུང་ཆུ་མིག་གཉིས།། ནད་རིགས་སེལ་བའི་ཆུ་མིག་བཞི།། སྲིའུ་གསོ་ནུས་བྲག་ཆུ་གཉིས།། གཏེར་ཁ་མི་འདྲ་བརྒྱ་དང་བཅུ།། གསང་ཕུག་ཉི་ཤུ་རྩ་ལྔ་ཡོད།། སྒྲུབ་ཕུག་བརྒྱ་དང་རྩ་བརྒྱད་ཡོད།། མཁའ་འགྲོ་འཚོགས་པའི་བྲོ་ར་བདུན།། མི་མིན་འཚོགས་པའི་བྲོ་ར་བཅུ།། གནས་བརྟན་མ་བཞེངས་རང་བྱོན་དང་།། རི་བོ་མཆོད་པའི་ལྷ་མོ་དང་།། ལྗོན་ཤིང་ཕྱག་རྒྱ་རང་འབུལ་དང་།། སྣ་ཚོགས་མཚོ་ཆེན་བརྒྱ་རྩ་དང་།། རྩྭ་དམར་དབལ་མེ་རང་འབར་དང་།། གྲུབ་ཆུ་བདུད་རྩི་རང་ཁོལ་དང་།། བསྒྲུབ་པའི་ས་ཚོན་སྣ་བརྒྱད་དང་།། རིན་ཆེན་སྣ་ལྔ་རང་བརྡོལ་དང་།། སྨན་མཆོག་ཟིལ་པ་རྒྱུན་འདེབས་དང་།། རྩྭ་མཆོག་ཀུན་ཏུ་བཟང་པོ་དང་།། ཆུ་མཆོག་བདུད་རྩི་རང་གྲོལ་དང་།། ཤིང་མཆོག་ཙན་དན་བྱང་ཆུབ་དང་།། ས་མཆོག་འདམ་བུ་ཟིང་པ་དང་།། རྡོ་མཆོག་མ་བཟོས་རིན་ཆེན་ལྔ་།། རི་མཆོག་མ་བཞེངས་ལྷ་ཚོགས་དང་།། དུར་མཆོག་མཁའ་འགྲོ་མངོན་རྒྱུག་སོགས།། ཡན་ལག་ཁྱད་འཕགས་མཆོག་བརྒྱད་ཀྱི།། ཁྱད་པར་བརྒྱད་ལྡན་གནས་ཆེན་པོར།། ལས་བཞི་ལྷ་ཚོགས་སྤྲིན་ལྟར་གཏིབས།། ངོ་མཚར་བཀོད་པ་སྐར་ལྟར་བཀྲ།། རྫུ་འཕྲུལ་བྱིན་རླབས་སེར་ལྟར་འདྲིལ།། ཁྱད་པར་རྟ་སྤྲེལ་གནམ་ལོ་ཡི།། སྟག༡་རྟ༥་སྤྲེལ༧་ཟླ་འགྱུར་ཆེན་དང་།། བྱི༡༡་ཕག་༡༠ཉ༨ ༡༥ ༢༢ ༣༠་བཞི་གནམ་སྟོང་ལ།། སྟེང་དུ་མཁའ་འགྲོའི་སྤྲིན་དཔུང་བྲེ།། འོག་ཏུ་ཀླུ་ཡིས་བདུད་རྩི་བསྐྱིལ།། བར་ན་མི་ཡིས་དད་གུས་འདུད།། དབུས་ཕྱོགས་ཡེ་ཤེས་སྲུང་མས་སྲུང་།། རྩ་བ་སྨན་ལྕམ་སྡེ་བཞིས་སྲུང་།། བར་གྱི་ཆ་འཁོར་ཐམས་ཅད་དུ།། ཕྱོགས་བཞི་གནོད་སྦྱིན་སྡེ་བཞིས་སྲུང་།། ཕྱོགས་མཚམས་ཀླུ་ཆེན་བརྒྱད་ཀྱིས་སྲུང་།། ཕྱི་ནས་ཀླུ་རིགས་སྡེ་བཞི་དང་།། མ་སངས་ལྕམ་བརྒྱད་དྲལ་པོ་བརྒྱད།། གཙོ་འཁོར་སོ་སོར་འཁོར་སྡེས་སྲུང་།། གཞན་ཡང་གནས་དེའི་ཡན་ལག་ལ།། འབྲི་རྫ་སྒང་གི་གནས་ཕྲན་ནི།། གྲུབ་རྡོ་ནོར་བུ་སྤུན་གསུམ་དང་།། གོ་སྟོད་ལྕམ་མོ་ར་ཁྲམ་བྲག། ལྷ་རི་ཤོག་ཆེན་ཡང་རི་དང་།། ཁྲ་བྲག་ང་ལེ་དཀར་ཙུག་ཕུ།། གྲུ་ཡུའི་དེལ་དང་ཕོ་བྲང་ལྔ།། རྒྱ་དེལ་ཙཀྲ་ཕྱུག་མོ་དང་།། དཀར་ཡག་ཨ་དཀར་ལྷ་ཡི་བྲག། གསང་བའི་ལུང་དང་ཅན་དཀར་བྲག། གཏེར་དང་གསང་ཕུག་མང་དུ་ཡོད།། དེ་ལྟར་གནས་ཆེན་གང་མཇལ་ན།། སྒྲིབ་པ་བྱང་ནས་ཐར་པ་ཐོབ།། དཀར་ཆག་འདི་དོན་ཅི་བཞིན་དུ།། སོ་སོར་ངོ་མཚར་དེ་དག་རྣམས།། རིམ་བཞིན་སྐལ་ལྡན་དག་གིས་རྙེད།། ལར་ཡང་དུས་ངན་མར་འགྲིབ་བཞིན།། གནས་འདིའི་བྱིན་རླབས་ཡར་ཡར་འཕེལ།། ད་ལྟར་དུས་ཚིགས་འདི་ནས་བཟུང་།། མི་ལོ་སུམ་བརྒྱ་དྲུག་ཅུ་ཡན།། བོན་གྱི་གྲུབ་ཐོབ་ངེས་མེད་རེ།། རིམ་བཞིན་ཕྱིན་ནས་གནས་ཆེན་འདིའི།། མཐའ་དབུས་མ་ངེས་རི་ལུང་ཤོད།། བོན་གྱི་སྒྲུབ་གནས་རེ་རེ་འབྱུང་།། དབེན་གནས་རི་ཁྲོད་ལྷ་ཁང་དང་།། སྐུ་གསུང་ཐུགས་རྟེན་མང་དུ་བཞེངས།། བདུད་སྤྲུལ་འགའ་ཡིས་བར་བཅད་ཀྱང་།། གཡུང་དྲུང་བོན་གྱི་གྲུབ་ཡུལ་དུ།། བཀག་མེད་ཤུག་འབྱུང་དག་གིས་བཀང་།། བསྐལ་པ་དུས་ཀྱི་མཐའ་བར་གནས།། ཞེས་གསུངས་སོ།། ཕྱི་ནང་གཏེར་གྱི་བཞུགས་ཚུལ་ཏེ་གསུམ་པའོ།། ༈ །། ཡང་མཁའ་འགྲོ་འོད་ལྡན་འབར་མའི་ཞལ་ནས་གསུང་པ།། རིག་འཛིན་དཔའ་བོ་ཚུར་ཉོན་དང་།། དེ་རྣམས་གནས་ཀྱི་དཀར་ཆག་ཡིན།། རིག་འཛིན་ཡབ་ཀྱིས་གསུངས་བཞིན་དུ།། མ་བརྗེད་སྙིང་གི་དཀྱིལ་དུ་ཞོག། ད་ཡང་ཕྱི་རབས་འགྲོ་བའི་དོན།། གནས་ཆེན་འདི་ཡི་མཐའ་དབུས་སུ།། འགྲོ་དོན་མཛད་པའི་གང་ཟག་དང་།། བཟང་ངན་བྱུང་དང་འབྱུང་འགྱུར་རྣམས།། སྐལ་ལྡན་ཁྱོད་ལ་ངེས་པར་བསྟན།། གནས་ཆེན་འདི་ཡི་མཐའ་དབུས་སུ།། རིག་འཛིན་སེམས་དཔའ་མཁའ་འགྲོ་དང་།། དཔའ་བོ་དཔའ་མོ་རྒྱུན་མི་འཆད།། ནམ་ལངས་སྐར་ལྟར་བཀྲ་སྟེ་བྱོན།། སྦས་མངོན་གང་ལ་གང་འདུལ་གྱི།། འགྲོ་དོན་མངོན་ལྐོག་སྣ་ཚོགས་མཛད།། དེ་བཞིན་བདུད་སྤྲུལ་ངན་པ་ཡང་།། ནམ་ཡང་ཕྱོགས་ཕྱོགས་ཀུན་ཏུ་འབྱུང་།། རིག་འཛིན་སེམས་དཔའི་འཕྲིན་ལས་བཀག། དཔའ་མོ་རིགས་ལྡན་གྲིབ་ཀྱིས་བཅར།། བསྟན་འགྲོ་གཉིས་ཀར་བར་ཆད་བྱེད།། མཆོག་གི་མཚན་ལྡན་ཕོ་མོ་ལ།། སྔོན་ཚེ་དབལ་བུ་ང་ཚ་ནི།། ཀྱུ་ར་རྣལ་འབྱོར་རིན་ཆེན་མཚན།། གནས་ཆེན་འདི་ཡི་བྱང་ནུབ་ཏུ།། ཕེབས་ནས་ཟབ་མོའི་འགྲོ་དོན་མཛད།། སྟག་གི་མཚན་ཅན་བུད་མེད་གཅིག། སྦས་པའི་ཚུལ་དུ་འགྲོ་དོན་མཛད།། དེ་གཉིས་སྒྲུབ་རྒྱུད་ཨ་ཡི་མཚན།། རང་རིག་མངོན་གྱུར་གྲོལ་སངས་རྒྱས།། གཡུང་དྲུང་མཚན་ཅན་མི་རྒྱལ་ཞིག། བྱུང་ནས་སེམས་ཅན་འདྲེན་སྟོན་མཛད།། འོན་ཀྱང་དེ་ཚེ་བརྒྱ་བྱིན་གྱི།། སྤྲུལ་པ་གསུམ་བྱུང་འབྲེལ་ཚད་ལྟུང་།། དེ་ནས་ལྷོ་ཕྱོགས་གནས་འདིའི་མཐར།། སྟོང་རྒྱུང་སྤྲུལ་པ་ཉི་མའི་མཚན།། གོ་ལྡེ་འཕགས་པ་ཞེས་བྱ་བས།། འགྲོ་དོན་མཛད་ཅིང་ཟབ་གཏེར་སྤེལ།། དབྲ་རིགས་དབང་དང་བསྟན་པའི་མཚན།། གདོང་རིགས་དྲུང་མུ་ཉི་མའི་མཚན།། སྦས་དང་མངོན་པར་འགྲོ་དོན་མཛད།། དེ་ནས་གནས་འདིའི་ཤར་ཕྱོགས་སུ།། དཀར་མོ་མདངས་ལྡན་སྤྲུལ་པ་ནི།། འགྲུ་ལ་ཤེས་རབ་ཉི་མའི་མཚན།། དབྲ་ལ་དྲུང་མུ་སྟག་གི་མཚན།། མཁའ་འགྲོ་ལྔ་ཡིས་འགྲོ་དོན་མཛད།། དེ་ནས་ཤར་དང་ནུབ་ལ་སོགས།། ཅོ་ཟ་བོན་མོའི་སྤྲུལ་པ་ནི།། སྟག་བཟའ་རིན་ཆེན་མཚོ་མོ་དང་།། ཁྱུང་པོ་དཔལ་མོའི་མཚན་ཅན་དང་།། ལྕམ་མོ་ཁྲུང་ཁྲུང་ལ་སོགས་བྱུང་། ལྕམ་ལྕམ་ས་ལེའི་སྐྱེ་བ་ནི།། བསྟན་གཉིས་ཚེ་དབང་རྒྱལ་པོ་བྱོན།། གྱེར་མི་ཉི་འོད་སྤྲུལ་པ་ནི།། གདོང་རིགས་པུཎྱའི་མཚན་ཅན་བྱུང་།། པདྨ་དབང་གི་སྤྲུལ་པ་ནི།། གཏེར་སྟོན་མི་འགྱུར་རྡོ་རྗེ་བྱུང་།། དཔའ་བོ་ལས་རབ་སྤྲུལ་པ་ནི།། མ་ངེས་ཁ་འཐོར་གསུམ་ཙམ་བྱུང་།། ཚེ་དབང་རིག་འཛིན་སྤྲུལ་པ་ནི།། འགྲུ་ལ་བཀྲ་ཤིས་མཚན་ཅན་བྱུང་།། རྔམ་པ་ལྕེ་རིང་སྤྲུལ་པ་ནི།། འགྲུ་ལ་དྲུང་མུའི་མཚན་ཅན་བྱུང་།། པདྨ་སམ་བྷའི་སྤྲུལ་པ་ནི།། རྡོ་རྗེའི་མཚན་ཅན་མཆོག་ཏུ་བྱུང་།། ཤ་རི་དབུ་ཆེན་སྤྲུལ་པ་ནི།། གདོང་ལ་དབང་གི་མཚན་ཅན་གཉིས།། སྟོང་རྒྱུང་བྱིན་རླབས་སྐྱེས་བུ་ནི།། སེ་ཞིག་བྱ་བའི་རྒྱུད་འཛིན་འགའ།། ཤེལ་དཀར་མགོན་སྐྱའི་སྤྲུལ་པ་ལ།། རིགས་ཅན་ཁ་འཐོར་བུད་མེད་བཅུ།། དེ་རྣམས་གནས་ཀྱི་མཐའ་དབུས་སུ།། མ་ངེས་ཕྱོགས་ཕྱོགས་ཀུན་ཏུ་བྱོན།། གནས་ཆེན་འདི་ལ་འགྲོ་དོན་མཛད།། འགྲིམ་ས་རྒྱལ་ཁམས་ཡོངས་ལ་བྱེད།། སྒྲུབ་པ་གནས་འདིའི་མཐའ་དང་དབུས།། འཆག་ས་གནས་ཀྱི་ཕྱོགས་མཚམས་མནན།། དེ་རྣམས་དཔའ་བོ་མཁའ་འགྲོ་སྟེ།། སྒོ་གསུམ་གང་འབྲེལ་ཐར་པ་ཐོབ།། དབང་ཆུ་འཐུང་ཚད་ཕྱིར་མི་ལྡོག། གནས་འདིར་ཡོན་ཏན་སྟོབས་ཀྱིས་བསྡུས།། དེ་རྣམས་སྔོན་འབྱུང་བྱོན་ཚུལ་ཡིན།། དེ་ནས་ད་ལྟའི་བསྐལ་པ་འདིར།། སྐལ་ལྡན་རིག་འཛིན་དམ་པ་ནི།། ནམ་ལངས་སྐར་ལྟར་བཀྲ་ལགས་ཏེ།། གནས་འདིར་འགྲོ་དོན་བྱེད་པ་དང་།། གནས་འདི་དབང་བའི་རིག་འཛིན་སྡེ།། རིག་འཛིན་གྲུབ་ཐོབ་རྣམ་སྤྲུལ་ནི།། གསང་བ་འདུས་པ་གྲགས་པའི་མཚན།། བླ་ཆེན་དྲན་པ་ནམ་མཁའི་མཚན།། མུ་ཁྲི་བཙན་པོ་དཔལ་གྱི་མཚན།། མུ་རུབ་བཙན་པོ་མཆོག་གི་མཚན།། བེེ་རོ་ཙ་ན་གཡུང་དྲུང་མཚན།། མངའ་བདག་ཆེན་པོ་གྲུབ་པའི་མཚན།། གྱེར་སྤུངས་ཆེན་པོ་དཔལ་གྱི་མཚན།། གྱིམ་ཚ་རྨ་ཆུང་ཚེ་དབང་མཚན།། གཞན་ཡང་དབྱིངས་ཕྱུག་སྤྲུལ་པ་གཅིག། དཔའ་མོ་རྣལ་འབྱོར་སྤྲུལ་པ་གཉིས།། ཁ་འཐོར་ཀེང་མོ་གསུམ་ཙམ་ཡོད།། དེ་རྣམས་ད་ལྟ་དུས་མཉམ་དུ།། གནས་འདིར་འཚོགས་པའི་སྐལ་བྱུང་ན།། རྟེན་འབྲེལ་ཕུན་ཚོགས་གནད་ཡིན་ཀྱང་།། དུས་དང་རྐྱེན་གྱིས་འགག་འགག་འདྲ།། རྗེས་འཇུག་ཡོངས་ཀྱང་གནས་འདི་རུ།། གཡུང་དྲུང་གསང་བའི་སྒོར་ཞུགས་ནས།། གསང་སྤྱོད་འགྲོ་དོན་ཅི་བསྒྲུབ་ན།། གཞན་ལས་འདི་ནི་ལྷག་ཏུ་འཕེལ།། རིག་པ་ངར་ལྡན་མཐུ་དབང་ལྡན།། ཤེས་པ་འུར་འབར་ཏིང་འཛིན་འབར།། ཉམས་སྣང་གོང་འཕེལ་དྲོད་ཚད་འཕེལ།། སེམས་ཅན་ཡོངས་ལ་དཀར་ཆག་འདི།། སྒྲོགས་ལ་གནས་སྒོ་ཕྱེད་པར་མཛོད།། ཞེས་གསུངས་སོ།། ༈ །། ཡང་མཁའ་འགྲོ་ཚོགས་བདག་གཟི་བྱིན་མའི་ཞལ་ནས་གསུང་པ།། ཨེ་མ་རིགས་མཆོག་སྤྲུལ་པའི་གཤེན།། མ་ཡེངས་ཉོན་ལ་ཐུགས་སུ་ཞོག། རིག་འཛིན་མཁའ་འགྲོས་གསུངས་པ་ལྟར།། གནས་ཆེན་འདི་ཡི་དོན་མཛད་དེ།། འགྲོ་དོན་སྨོན་ལམ་བཏབ་པའི་ཚེ།། སྤང་བླངས་ཚིག་གསུམ་ཕྲེང་བའི་རྒྱུ།། མཆོག་གི་ལོ་རྒྱུས་གོང་ལྟར་ཏེ།། མཆོག་དང་མཆོག་དམན་འབྱེད་པའི་ཆོས།། དབྱེ་བ་ཞིབ་པར་བདག་གིས་བསྟན།། སྤྱིར་གནས་འདིའི་མཐའ་དབུས་མ་ངེས་པར།། དཔའ་བོ་རིག་འཛིན་མཁའ་འགྲོའི་ཚོགས།། རྒྱུན་དུ་སྤྲིན་ལྟར་འཁྲིགས་གྱུར་ཀྱང་།། བདུད་སྤྲུལ་དག་ཀྱང་དེ་བཞིན་འབྱུང་།། ཤར་ཕྱོགས་ས་གནད་རུ་སྦལ་གྱི།། གནས་དེར་དཔའ་བོ་རྒྱུན་མི་འཆད།། སྟོང་རྒྱུང་སྤྲུལ་པ་ཤེས་རབ་མཚན།། ཚེ་དབང་སྤྲུལ་པ་ཉི་མའི་མཚན།། དཀར་མོ་མདངས་ལྡན་ཨ་ཡི་མཚན།། མཚོ་རྒྱལ་སྤྲུལ་པ་དཀར་མོའི་མཚན།། དཔལ་མཆོག་རྡོ་རྗེ་ལས་ཀྱི་མཚན།། པད་མ་སམ་བྷ་རྡོ་རྗེའི་མཚན། དབང་ལྡན་དོན་གསལ་བཀྲ་ཤིས་མཚན།། རྔམ་པ་ལྕེ་རིང་དྲུང་མུའི་མཚན།། ས་ར་ཧ་ས་གཡུང་དྲུང་མཚན།། དཔའ་མོ་མཆོག་གྲུབ་སྒྲོན་མའི་མཚན།། གསང་བ་འདུས་པ་མི་འགྱུར་མཚན།། གྱིམ་ཚ་རྨ་ཆུང་སྤྲུལ་པའི་མཚན།། དྲན་པ་དབང་ཕྱུག་དབང་གི་མཚན།། པདྨ་མཁའ་འགྲོ་བཀྲ་ཤིས་མཚན།། གཡུ་སྒྲ་སྙིང་པོ་པཱ་ཤམ་མཚན།། བདེ་ལྡན་དཔལ་མོ་པུཎྱའི་མཚན།། བདེ་བ་རིང་མོ་རཏྣའི་མཚན།། དྲན་པ་ནམ་མཁའ་བསྟན་གཉིས་མཚན།། དེ་རྣམས་འགྲུ་རིགས་གཤའ་མར་འབྱུང་།། ཁ་འཐོར་ལས་ཅན་མང་དུ་བྱོན།། ཁྱད་པར་དྲན་པའི་སྤྲུལ་པ་དེས།། བསྟན་འགྲོ་གཉིས་ཀྱི་དོན་མཛད་པས།། འགྲོ་དོན་སྲིད་ན་འུར་བར་བྱེད།། དེ་ནས་བ་གོར་འཕགས་སྤུའི་གདུང་།། འགྲོ་དོན་རྫོགས་ནས་མཁའ་ལ་གཤེགས།། ལྷོ་ཕྱོགས་པད་མ་འཁྱིལ་འདྲ་ལ།། བུད་མེད་ལས་ཅན་གཉིས་ཙམ་འབྱུང་།། གཞན་ཡང་ཤ་ཟན་མཁའ་འགྲོའི་སྡེ།། འཕྱོན་མ་སྤྲང་མོའི་ཚུལ་ཅན་གསུམ།། ཁ་འཐོར་སྦས་ཚུལ་བུད་མེད་གཉིས།། ཤིན་ཏུ་གྲགས་པའི་བུད་མེད་གཅིག། ལྷོ་ཕྱོགས་མཐའ་དབུས་ཕྱོགས་མཚམས་སུ།། འབྱུང་བ་མཁའ་འགྲོའི་རྣམ་སྤྲུལ་ཡིན།། ཤེས་རབ་མཚན་ཅན་ཐོར་ཚུག་ཅན།། ཆོས་ཀྱི་མཚན་ཅན་སྒྲུབ་པའི་ཚུལ།། བློ་གྲོས་མཚན་ཅན་དགེ་ལ་གཞུང་།། པདྨའི་མཚན་ཅན་སོ་སོར་བ།། ནམ་མཁའི་མཚན་ཅན་སྐྱེ་མེད་ཚུལ།། ང་ཡི་སྤྲུལ་པ་རིན་ཆེན་མཚན།། ཨུ་རྒྱན་སྤྲུལ་པ་དབང་གི་མཚན།། དེ་རྣམས་འགྲོ་དོན་སྤྲུལ་པ་ཡིན།། ནུབ་ཕྱོགས་དབང་གི་དཀྱིལ་འཁོར་ན།། ཨུ་རྒྱན་སྤྲུལ་པ་པད་མའི་མཚན།། སྟོང་རྒྱུང་སྤྲུལ་པ་ཤེས་རབ་མཚན།། དྲན་པའི་སྤྲུལ་པ་གཡུང་དྲུང་མཚན།། སྟོང་ཆེན་སྤྲུལ་པ་བདེ་བའི་མཚན།། ཤེས་བྱའི་མིང་ཅན་ལ་སོགས་དང་།། སྒྲོན་མའི་མིང་ཅན་བུད་མེད་གཅིག། བསོད་ནམས་མིང་ཅན་འཕྱོན་མ་དང་།། བསིལ་ཟེར་མིང་ཅན་ཐ་མལ་རྣམས།། གང་ཟག་སེམས་དཔའི་རྣམ་འཕྲུལ་ཡིན།། བྱང་ཕྱོགས་དགེ་ལ་ཆོས་ཀྱི་མཚན།། བཀྲ་ཤིས་མིང་ཅན་བྱ་བྲལ་བ།། བསོད་ནམས་མཚན་ཅན་རྟོགས་ལྡན་ཚུལ།། བདེ་ཆེན་མཚན་ཅན་དྲང་སྲོང་ཚུལ།། རྡོ་རྗེའི་མཚན་ཅན་བླ་མའི་ཚུལ།། ངག་དབང་མཚན་ཅན་དགེ་སྦྱོང་ཚུལ།། བསྟན་པའི་མཚན་ཅན་བྱ་བྲལ་དང་།། ཚེ་དབང་མཚན་ཅན་སྔགས་པའི་ཚུལ།། འོད་ཟེར་མཚན་ཅན་བླ་མ་དང་།། གྲགས་པའི་མཚན་ཅན་མངོན་ཤེས་ཅན།། དེ་རྣམས་སེམས་དཔའི་རྣམ་སྤྲུལ་ཡིན།། འབྲེལ་ཚད་འདྲེན་ཞིང་ཐར་ལམ་བཀོད།། བརྡ་ཐིམ། ཞེས་གསུངས་སོ།། ༈ །། ཡང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་གསུངས་པ།། ཀྱེ་མ་སྐལ་ལྡན་རིགས་མཆོག་སྲས།། སྤྱི་སྒོས་བྱེ་བྲག་གསུམ་དུ་མཆིེས།། སྟོན་པའི་གསུང་གིས་འདུལ་བའི་དུས།། གསུང་གི་བསྟན་པའི་སྙིགས་མ་སྟེ།། མར་འགྲིབ་ལྔ་དར་བསྒྲུབ་པའི་དུས།། ཚེ་ལོ་བཞི་བཅུ་ཁ་འབྲི་ཚེ།། སྤྱིར་ནི་ལྷ་སྲིན་འཆོལ་བུར་འདྲེས།། མི་ལ་ནད་ཡམས་སྣ་ཚོགས་དར།། ངོས་ཟིན་དཀའ་བའི་དལ་ཡམས་འཕྱོ།། དུག་མཚོན་མུག་གེའི་བསྐལ་པ་དར།། བདུད་རྒྱལ་དམ་སྲིའི་མགོ་ལོ་མཐོ།། དགེ་སྤྱོད་ཚེ་ཐུང་བསོད་ནམས་ཆུང་།། སྡིག་ཅན་ཤན་པ་ཧམ་པ་མཐོ།། དགེ་བའི་ལས་ལ་བར་བཅད་མང་།། བདུད་དང་དམ་སྲིའི་ཆོ་འཕྲུལ་གྱིས།། རྒྱལ་ཁམས་དམག་ཁྱེར་རྩོད་འཁྲུགས་བྱེད།། དགེ་སྤྱོད་བསྟན་ལ་བར་བཅད་རྩོམ།། འདྲ་མིན་འཆོལ་བུ་འདྲེས་མར་སྤྱོད།། ཆོས་ཀྱི་བསྟན་པ་འཛིན་ནོ་སྐད།། ལུས་ཀྱི་ཚུལ་ཆས་ཆོས་མིན་འདྲེས།། ངག་གིས་གླུ་སྒྲུང་མནའ་བྱད་བཟློ།། ལག་གིས་ཚོང་ཁེས་བསྟན་པ་འཛིན།། སེམས་ཀྱི་ལོག་ལྟ་སྣ་ཚོགས་ཤར།། སྤྱོད་པ་རུ་ཏྲ་ལོག་པར་བྱེད།། དུས་དང་ཚོད་ཀྱིས་བསྟན་པ་བཤིགས།། གྲོང་རྒྱུག་འདྲེ་མོས་དམོད་ངན་གྱིས།། ཡུལ་ཁམས་དགོན་གནས་རི་ཁྲོད་འགེངས།། བཙུན་པ་ཕོ་མོས་གང་ནས་སུ།། ཁྲིམས་ཐུབ་དམ་ལྡན་རེ་རེ་ཙམ།། ངན་སྤྱོད་དུག་གི་འདམ་རྫབ་ལ།། བདུད་དང་འགོང་པོའི་ཆོ་འཕྲུལ་གྱིས།། བླ་མ་སློབ་དཔོན་སྐུ་ལ་སྡོ།། དགེ་བྱེད་རྣམས་ལ་གཤེ་སྐུར་འདེབས།། གདུལ་བྱ་འབུལ་ཚོགས་རྫས་ལ་རློམ།། ཡོན་ཏན་ཅན་རྣམས་མིག་ལ་སྡང་།། བསླུ་ཐབས་སུ་མཁས་དེ་ལ་དད།། བོན་ལ་མི་མོས་དད་པ་ལོག། ཆོས་སྤྱོད་མི་མོས་དམ་ཚིག་འཆོལ།། ཁ་དད་གཏིང་དང་ངོ་མི་མཉམ།། དེ་ཕྱིར་འབྱུང་པོ་མ་རུང་ལྡང་།། ལྟས་ངན་སྔ་ཚེ་ཐན་གསུམ་དར།། གནམ་ནས་བདུད་རྩིའི་ཆར་མི་འབེབས།། ས་ནས་ལོ་ཏོག་འབྲུ་མི་རྒྱས།། བཙའ་སད་སེར་གསུམ་གང་ཡང་དར།། ནད་མུག་མཚོན་གྱི་ཆར་པ་འབེབས།། སྲོག་གཅོད་ཤན་པ་མང་པོས་གང་།། ཟས་སུ་མནའ་ཟ་གང་བཟླས་རྫུན།། སྒོས་སུ་ད་ལྟ་འདི་ནས་བཟུང་།། སྒང་བཞི་མཚོན་གྱི་བསྟན་པ་དར།། རོང་བཞི་ཁྲག་གི་མཚོ་མོ་འཁྱིལ།། བདུད་སྤྲུལ་སེལ་ཆེན་མི་རུ་སྤྲུལ།། སྡེ་དགོན་ཀུན་ལ་མི་བདེ་མནར།། རྒྱལ་ཁམས་མི་བདེ་འཆོལ་བུར་གཏོང་།། སྟོང་ཁམས་ཀུན་ནས་ཡོ་ལིང་རྦད།། དེ་འདྲ་འབྱུང་བའི་སྔ་ལྟས་ལ།། བན་བོན་སྙིང་མེད་ངན་མཐུ་བསྒྲུབ།། གསང་སྔགས་བསྟན་པའི་དམ་ཚིག་ནུབ།། སེམས་བསྐྱེད་མི་བདེན་ལོག་པར་གོལ།། ཆོས་པ་དམ་མེད་ཆོས་ཁྲིམས་འཆོལ།། བཙུན་པ་ཀུན་གྱིས་ན་ཆུང་དེད།། རུས་མཐུན་ཕུ་ནུ་ཀུན་ནས་སྡོ།། དགེ་བྱེད་སྙིང་རུས་ཆུ་བས་སླ།། དམ་ཚིག་ཟོག་མ་རླུང་ལ་བསྐུར།། རྒྱུ་བསོགས་ལོག་པའི་དགྲ་ལ་བཏང་།། རྗེས་འབྲེང་བསླུ་བྲིད་མཁས་ལ་དད།། རྟོགས་པ་ཁ་ལྟ་ཅན་ལ་ཟེར།། རྒྱུ་འབྲས་མི་བརྩི་གཞུང་ལ་འཆོལ།། ལྟ་སྤྱོད་མི་མཚུངས་ལོག་པར་གོལ།། ལུས་ཕྱེད་ཆས་ལོག་གཏམ་ཕྱེད་རྫུན།། ཟོག་ཕྱེད་གོ་མཚོན་ལས་ཕྱེད་སྡིག། ཆོས་ཕྱེད་སྙན་གྲགས་མི་ཕྱེད་མཚོན།། བྱེ་བྲག་སྒང་བཞིའི་ནང་ཚན་པོ།། འབྲི་རྫ་སྒང་གི་ས་གནས་ཀྱི།། ཁྱད་པར་གནས་ཆེན་མཐའ་དབུས་འདིར།། གང་ཟག་སེམས་དཔའི་རྣམ་སྤྲུལ་གྱི།། འགྲོ་དོན་རྟེན་འབྲེལ་བར་བཅད་ཅིང་།། སེམས་ཅན་ལས་ངན་མི་རྣམས་ཀྱང་།། ལོག་པའི་ལམ་ཁྲིད་བདུད་སྤྲུལ་ནི།། སྟོད་ན་བེ་དཀར་སྤྲུལ་པ་གསུམ།། སྒ་ཡི་ཡུལ་དུ་བསོད་ནམས་མིང་།། འབྲི་འདན་མཚམས་སུ་རྗེ་ཡི་མིང་།། གླིང་གི་ཡུལ་དུ་ཆོས་ཀྱི་མིང་།། བར་དུ་ཐེལ་རང་སྤྲུལ་པ་གསུམ།། བར་སྒང་མེད་དུ་༼ ༽མིང་།། ཟིལ་ཆུ་རྒྱུད་དུ་པད་མའི་མིང་།། རྫོང་གསུམ་མདོ་རུ་༼ ༽མིང་།། སྨད་ན་དམ་སྲིའི་སྤྲུལ་པ་གསུམ།། ཀ་ཐོག་གནས་སུ་རྣམ་རྗེའི་མིང་།། སྨད་ཤོད་གནས་སུ་བཀྲ་ཤིས་མིང་།། རྔུ་ཡི་ལུང་དུ་བསོད་ནམས་རྡོར།། དེ་རྣམས་བླ་མ་མི་དཔོན་ཚུལ།། དགྲ་དང་དམག་གི་སྣ་ལ་སྡང་།། གྱོད་དང་བསྟན་པའི་འཁྲུགས་འདྲེ་བྱེད།། བླ་མ་སློབ་དཔོན་ལྷག་པར་སྡང་།། མནའ་དང་སྡིག་པའི་འཁོར་ལོ་བསྐོར།། གཞན་ཡང་རྒྱལ་འགོང་ངན་པ་དང་།། དམ་སྲི་ཐེལ་རང་སྤྲུལ་པ་ནི།། སེམས་ཅན་ལོག་པར་འཁྲིད་པའི་ཐབས།། སྐྱ་སེར་ཕོ་མོ་མང་དུ་འབྱུང་།། ཁྱད་པར་ད་ལྟའི་དུས་ནས་བཟུང་།། མ་འོངས་ལོ་ནི་སུམ་བརྒྱ་དང་།། དྲུག་ཅུའི་བར་དུ་བདུད་སྤྲུལ་ནི།། བར་དང་མཚམས་མེད་གང་ཡང་འབྱུང་།། དེ་ནས་གནས་འདིའི་མཐའ་དབུས་སུ།། གང་ཟག་སེམས་དཔའི་རྣམ་སྤྲུལ་གྱིས།། དགོན་གནས་རི་ཁྲོད་མ་ངེས་པ།། གཡུང་དྲུང་བོན་གྱི་བཤད་སྒྲུབ་ཀྱི།། འགེངས་ནས་བསྟན་པ་རྒྱས་པར་འགྱུར།། དེ་ཕྱིར་ད་ལྟ་དབུས་ཀྱི་ཆར།། གསང་སྔགས་བསྟན་པའི་གཞི་ཆེན་མོ།། བཟུང་ནས་དམ་སྲི་ལན་གསུམ་མནན།། དྲག་པོ་དབལ་ཆེན་མཐུ་བཅུན་པའི།། ཚུགས་ན་བསྟན་པ་དབུས་ནས་གཙོ།། འགྲོ་འདུལ་འོད་ཟེར་དབུས་ནས་བཀྱེ།། དར་རྒྱས་རྟེན་འབྲེལ་མཐའ་ནས་སྤེལ།། ད་ལྟ་དབུས་སུ་གསང་སྔགས་ཀྱི།། བསྟན་པ་ཐུན་ཙམ་ཚུགས་པ་ན།། ཤར་གྱི་སྨན་ཤོད་ཉི་ཤར་ནས།། བྱང་གི་མྲི་ཏའི་གནྡོ་དང་།། ནུབ་ཀྱི་མང་རི་རྩེ་རྒྱལ་དང་།། ལྷོ་ཡི་སྐེ་རྒྱལ་ལུག་ར་ཚུན།། གཡུང་དྲུང་བོན་གྱི་བཤད་སྒྲུབ་དང་།། གདུལ་ཞིང་བསྟན་པ་མང་དུ་འབྱུང་།། དེ་ཕྱིར་གསང་སྔགས་ནས་རྩོམ་ཞིང་།། ད་ལྟ་གནས་འདིར་རྩལ་སྒྲོགས་ཚེ།། གནས་ཆེན་ཁྱད་པར་ཆེ་བའི་དོན།། བདུད་དང་དམ་སྲི་ལ་སོགས་པ།། སྐལ་མེད་ལོག་པའི་བདུད་སྤྲུལ་རྣམས།། ཤིན་ཏུ་སྙིང་ན་བར་ཆད་རྩོམ།། ལོག་པ་བདུད་ཀྱི་སྤྲུལ་པ་ནི།། མཁར་མདོར་ཕོ་མོ་བདུན་ཙམ་འབྱུང་།། བཙུན་པའི་ཚུལ་ཅན་༼ ༽།། སྐྱ་བོའི་ཚུལ་ཅན་དྲག་པོའི་མིང་།། ཕལ་པའི་ཚུལ་ཅན་ཞ་ཡི་མིང་།། གནས་མོའི་ཚུལ་ཅན་ཏ་རའི་མིང་།། དགེ་སློང་ཚུལ་ཅན་ངག་གི་མིང་།། མི་དཔོན་ཚུལ་ཅན་ཆོས་ཀྱི་མིང་།། གནས་པོའི་ཚུལ་ཅན་བསོད་ནམས་མིང་།། སྟོབས་ལྡན་ཚུལ་ཅན་དཔལ་འབྱོར་མིང་།། གནས་མོའི་ཚུལ་ཅན་བུད་མེད་ལྔ།། བཙུན་པའི་ཚུལ་ཅན་བན་སྡེ་བདུན།། སྔགས་པའི་ཚུལ་ཅན་བན་བོན་གསུམ།། སྐྱ་བོའི་ཚུལ་ཅན་སྡུག་པ་ལྔ་།། ཉི་ཤུ་རིམ་དང་ཁད་ཀྱིས་འབྱུང་།། གང་འཕྲད་ལྟུང་ལ་གང་འབྲེལ་ཕུང་།། ཟིལ་ཆུ་རྒྱུད་དུ་བཅོ་ལྔ་འབྱུང་།། མདོ་ཆུའི་རྒྱུད་དུ་བརྒྱད་ཙམ་འབྱུང་།། ཀེ་ཆུའི་རྒྱུད་དུ་བདུན་ཙམ་འབྱུང་།། འབྲི་དང་འདན་ལ་སུམ་ཅུ་འབྱུང་།། སྒ་དང་འཕེན་ལ་ཉེར་ལྔ་འབྱུང་།། རྔུ་དང་སྨད་ཤོད་སུམ་ཅུ་ཙམ།། རྒྱལ་ཆུ་རྒྱུད་ལ་ལྔ་ཙམ་འབྱུང་།། མཁར་མདོའི་སྨད་དུ་བཅུ་གཉིས་འབྱུང་།། དེ་རྣམས་ལོག་པ་བདུད་སྤྲུལ་ཡིན།། གང་འཕྲད་ལྟུང་ལ་གང་འབྲེལ་ཕུང་།། ཞིབ་ཏུ་དབྱེ་བ་ངས་མི་བརྗོད།། མིང་མཚན་རུས་གསུམ་ངོས་ཟིན་ན།། ལ་ལ་སེམས་སུ་ཕོག་ནས་སྡུག། ལ་ལ་ང་རྒྱལ་ཆེ་རུ་འགྲོ།། ལ་ལ་སྐྲག་ཅིང་བྲེད་པར་འོང་།། དེ་ཕྱིར་ཙིཏྟའི་དཀྱིལ་དུ་སྦ།། གལ་ཏེ་དམ་ལྡན་དག་བྱུང་ཚེ།། ཀླུ་དབང་གཙུག་གི་ནོར་བུའི་གླིང་།། ཡང་གབ་ཙིཏྟའི་རྒྱ་རིམ་དུ།། མངོན་པར་བསྟན་པས་བླངས་དོར་མཛོད།། བཏང་བཞག་ཚོད་ལ་མཁས་ཤིག་གུ།། ཞེས་གསུངས་ཏེ་ཐ་མ་རྣམ་སྤྲུལ་བྱོན་ཚུལ་གྱི་ལེའུ་སྟེ་བཞི་པའོ།། ༈ །། དེ་ལྟར་ཐོབ་ནས་ཚོགས་གྲལ་ནས།། སླར་བཞུད་གཉིད་སད་དབྱིངས་རིག་བསྲེས།། དེ་ལྟར་རྨི་ལམ་ལུང་བསྟན་འདི།། དད་ལྡན་འགའ་ཡིས་ཡང་ཡང་དུ།། བསྐུལ་ངོར་འདི་བཞིན་འགྲུ་ཡི་རིགས།། ཏ་ར་ན་ཐའི་མིང་འབོད་པ།། རིག་འཛིན་ཀུན་གྲོལ་རྩལ་བགྱི་བས།། མཚོ་སྟེང་བདེ་ལྡན་ཁྲོད་དུ་སྤེལ།། འདི་འཕྲད་མི་དེ་གང་ཞིག་རྣམས།། དག་པའི་སྣང་བ་ཆེར་བསྐྱེད་ལ།། སྒོ་གསུམ་ཆུད་ཟོས་མེད་པའི་ངོས།། བསྐོར་ཕྱག་མཆོད་འབུལ་རི་ཀླུང་དར།། མོས་གུས་སྲི་ཞུ་བགྱི་ལ་རེམ།། དེ་ཡི་དགེ་ཚོགས་འགྲོ་ལ་བསྔོ།།

གནས་འདི་ནི་བོད་ལྗོངས་ཆབ་མདོ་འཇོ་མདའ་རྫོང་དབོན་པོ་སྟོད་ཤང་ཁྲ་རྒན་གྲོང་དུ་ཡོད།

757707630693505651.jpg

    བོད་ལྗོངས་ཆབ་མདོ་འཇོ་མདའ་རྫོང་དབོན་པོ་སྟོད་ཤང་ཁྲ་རྒན་གྲོང་དུ་སྤྲུལ་པའི་གནས་ཆེན་བདུན་གྱི་ཡ་གྱལ་བམ་བྲག་བརྩེགས་པ་རིན་ཆེན་འབར་བ་འམ་ཞལ་བཞེས་སྟག་རྩེ་ཞེས་པའི་གནས་རི་ཁྱད་དུ་འཕགས་པ་ཞིག་ཡོད་པ་དང་། གནས་རི་དེ་ནི་སྔོན་ཚེ་དབལ་བོན་སྟག་ལ་མེ་འབར་གྱིས་སྲིན་པོ་དྷ་ཤ་གྷྲི་ཝ་བསྒྲལ་བའི་སྐབས་སུ་སྨོན་ལམ་ལོག་པའི་དབང་གིས་སྲིན་ཕྲུག་ས་སྲིན་གེ་བ་སྙིང་ནག་ཅེས་པ་ཞིག་བྱུང་སྟེ། དེས་རག་ཤ་སྲིན་པོའི་ལུང་དུ་གནས་བཅས་ཏེ་སྐྱེ་འགྲོ་སེམས་ཅན་ལ་གནོད་པ་བསྐྱལ་དལ་ཡམས་ནད་ཀྱི་སྣ་འདྲེན་པ་ཞིག་གིས་ཡུལ་ཁམས་ཕུང་ལ་སྦྱོར་བའི་སྐབས་ཤིག་ན། དབལ་བོན་སྟག་ལ་མེ་འབར་རྩེ་དྲུག་ལྷུན་སྒང་གྲུབ་གནས་སུ་ཁྲོ་བོ་ངོ་མཚར་རྒྱས་པའི་སྒྲུབ་པ་མཛད་པའི་དུས་ལ་མ་གཅིག་བཀའ་གསང་ལྷ་མོས་ལུང་བསྟན་ཏེ། ཐོགས་མེད་རྫུ་འཕྲུལ་རྩལ་གྱིས་ཟླ་བ་ཤེལ་ཀླུང་གི་ཀེའུ་ཚང་རྫུ་འཕྲུལ་ཕུག་པའི་གནས་སུ་ཞབས་བཅག་སྟེ་ཞག་བདུན་ཕྲག་ཅིག་ལ་སྦས་པའི་ཏིང་འཛིན་ངང་དུ་བཞུགས་ནས་དེའི་ཚེ། ཡི་དམ་བཀའ་ཆེན་སྡེ་དགུ་གནས་རི་དང་དབལ་བོན་ཐུགས་ལ་བསྟིམས་ཏེ་བྱིན་གྱིས་བརླབས། དེ་ནས་ཐུགས་རྗེ་བྱམས་མའི་ལུང་བསྟན་ལྟར་ས་སྲིན་གེ་བ་སྙིང་ནག་དང་སྲིན་མོ་ཟླ་ལྕམ་བྱུར་མགོ་གཉིས་བསྒྲལ་ཏེ་རྣམ་ཤེས་ལྷ་རུ་བཀོད་ཅིང་གཟུག་བཞི་དོན་སྣོད་མཐའ་དབུས་སུ་གཏོར།
    སྲིན་ཕྲུག་བཞི་བསྒྲལ་ཏེ་ཕྱོགས་བཞིར་དུར་ཁྲོད་ཆེན་པོ་བཞི་བཏབ། དབལ་བོན་སྟག་ལ་མེ་འབར་དྲག་པོའི་ལས་སྦྱོར་གྱི་འཕྲིན་ལས་རབ་ཏུ་རྒྱས་པའི་གནས་རི་བྱིན་ཆེན་དུ་གྱུར། གནས་རི་འདི་ནི་མཐའ་འཁོར་གྱི་རི་ཕྲན་མང་པོའི་དཀྱིལ་ན་ལྷང་ངེར་མངོན་པ་ཞིག་སྟེ། བློན་འབངས་དུ་མའི་དཀྱིལ་ན་རྒྱལ་པོ་ཁྲི་རུ་འཁོད་པ་ལྟ་བུ་བརྗིད་ཆེ་བ། ཤར་ཕྱོགས་ནས་བལྟས་ན་བྲག་རི་ཁ་དོག་དཀར་ཞིང་ཞི་བའི་ཚུལ་དུ་གྲུབ་པ། བྱང་ཕྱོགས་ནས་བལྟས་ན་མཐོ་ལ་རྔམ་ཟིལ་དང་ལྡན་ཞིང་རྒྱས་པའི་ཚུལ་དུ་གྲུབ་པ། ནུབ་ཕྱོགས་ནས་བལྟས་ན་འཁྱིལ་འབར་དབང་གི་ཚུལ་དུ་གྲུབ་པ། ལྷོ་ཕྱོགས་ནས་བལྟས་ན་ནགས་ཚལ་སྟུག་ལ་རྩུབ་ཉམས་དྲག་པོའི་གནས་སུ་གྲུབ་པ། མཚམས་བཞི་ནས་བལྟས་ན་ངོ་མཚར་གྱི་དཔལ་ཡོན་ཟད་དུ་མེད་པ། ཕྱི་ལྟར་ན་ཟ་འོག་སྣ་ཚོགས་ཀྱི་ཁྱུད་དུ་ནོར་བུ་རྩེ་བརྒྱད་བཞག་པ་འདྲ་བར། ཚེ་ནོར་ལོངས་སྤྱོད་འདོད་པའི་སྐལ་ལྡན་གྱིས་གསོལ་བ་བཏབ་ན་གང་འདོད་དངོས་གྲུབ་འབྱུང་བའི་གནས་སུ་གྲུབ་པ། ནང་ལྟར་ན་བམ་ཆེན་བྲག་རི་བརྩིགས་པའི་སྟེང་དུ་ཤེལ་གྱི་སྐུ་གདུང་ཆ་བརྒྱད་བསྒྲིགས་ཏེ་བདུད་སྲིན་ཟིལ་གྱིས་གནོན་པའི་གནས་དང་། གསང་བ་ལྟར་ན་ཁྲོ་བོ་གཙོ་མཆོག་མཁའ་འགྱིང་འདྲ་འབག་ཚུལ་དུ་བཞུགས་ཏེ། གསང་སྔགས་དམ་ལྡན་གྱི་རྣལ་འབྱོར་ལ་མཐུ་དབང་བར་ཆད་སེལ་བ། ཡང་གསང་ལྟར་ན་ནང་རོལ་འཚོགས་པ་ལྟ་བུའི་དཀྱིལ་ན་ཙི་ཏ་མཆང་གུར་ཕུབ་པ་ལྟ་བུ། བླ་མེད་དོན་གྱི་སྐྱེས་བུ་རྣམས་ས་ལམ་བར་ཆད་སེལ་ཞིང་དབྱེར་མེད་རྫོགས་སངས་རྒྱས་པའི་གནས་སུ་ངེས་པའོ།།
    དེ་ཡི་ཕྱོགས་བཞིར་སྒོ་སྲུང་བཞི་སྟེ། ཤར་དུ་རང་རྒྱལ་དབང་ཆེན། བྱང་དུ་འོ་ལི་བོན་པོ། ནུབ་ཏུ་ཟླ་རྒྱལ་སེ་ངུ་། ལྷོ་རུ་ཁོ་ཕོ་ཁོ་མོ་བཅས་མཐའ་རི་ཐམས་ཅད་གཙོ་ལ་འདུད་པ་ནི་བཀའ་ཁྲིམས་ཁ་རྗེ་འཕེལ་བའི་གནས་སུ་གྲུབ་པའོ།། རྣམ་མཁྱེན་རྒྱལ་བ་གཤེན་རབ་མཆོག་གིས་འཛམ་གླིང་བྱེ་བ་ཕྲག་བརྒྱ་ལ་ཞབས་བཅག་བསྟན་པ་བཞག་པའི་ཚེ་རྫུ་འཕྲུལ་གྱིས་ཞབས་བཅག་ཅིང་། ཐུགས་ལས་སྤྲུལ་པའི་གནས་ཆེན་དང་ངོ་བོ་མཉམ་ཞེས་ཞལ་གྱིས་བཞེས། ཞབས་རྗེས་བཀའ་རྟགས་ཀྱང་གསལ་བར་བཞག་ཡོད་དེ་སྐུ་ཡིས་བྱིན་རླབས་གཙོ་མཆོག་མཁའ་འགྱིང་འདྲ་བ་དང་། གསུང་གིས་བྱིན་རླབས་ཟླ་ཡིག་བྲིས་པ་དང་། ཐུགས་ཀྱིས་བྱིན་རླབས་ཞབས་རྗེས་ཁྲུ་གང་གསལ་བར་མཇལ་དུ་ཡོད། དེ་ནི་སྔ་གོང་གི་དུས་སུ་བྱིན་གྱིས་རླབས་ཚུལ་ལོ། དེ་འོག་བར་གྱི་བསྐལ་པའི་དུས་སུ་གཤེན་རབ་ནམ་མཁའ་སྣང་བ་མདོག་ཅན་དང་། དེ་ནས་དྲན་པ་ནམ་མཁའ་དང་། སྟོང་རྒྱུང་། བཻ་རོ་མཚོ་རྒྱལ་ལ་སོགས་མང་དུ་བྱོན་ནས་བོན་རྣམས་གཏེར་དུ་སྦས་ཤིང་བྱིན་གྱིས་རླབས། བསྟན་པ་ཕྱི་དར་གྱི་སྐབས་སུ་ཁྲོམ་ཐར་ཚེ་དབང་རྒྱལ་པོ་དང་མི་འགྱུར་ཚེ་དབང་གསང་སྔགས་གྲགས་པ་གཉིས་ཀྱིས་བྱིན་གྱིས་བརླབས་པའོ།། དེ་ལྟ་བུའི་ལྟ་བུ་མདོར་ན་ཕྱི་ནང་གནས་ཀྱི་བཀོད་པ་ཕུན་སུམ་ཚོགས་ཤིང་བྱིན་རླབས་དགེ་མཚན་དུ་མས་ཡོངས་སུ་བརྒྱན་པའི་གནས་མཆོག་འདི་ཉིད་ཀྱི་དཀར་ཆག གཏེར་སྟོན་བདེ་ཆེན་གླིང་པ་དགུང་གྲངས་སོ་བརྒྱད་ལྕགས་རྟ་སྤྱི་ལོ་༡༨༧༡ ལོར་དྲན་པ་ཡབ་སྲས་ཡུམ་བཅས་ཀྱི་མཇལ་སྣང་ལུང་བསྟན་ཟབ་རྒྱས་ཀྱི་གནས་བཤད་རྒྱས་པ་ལེའུ་དང་པོ་གནས་རི་ཆགས་ཚུལ་དང་བྱིན་གྱིས་རླབས་ཚུལ། ལེའུ་གཉིས་པ་བཀའ་རྟགས་བཀོད་པ་ཡོད་ཚུལ། ལེའུ་གསུམ་པ་ཕྱི་ནང་གཏེར་གྱི་བཞུགས་ཚུལ། ལེའུ་བཞི་པ་མཆོག་དམན་སྤྲུལ་པ་འབྱུང་ཚུལ་བཅས་ཕུན་སུམ་ཚོགས་པའི་དཀར་ཆག་རྒྱས་པ་ལས་ངོ་སྤྲོད་ཙམ་ཞིག་ཐུས་པའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།