བོན་གྱི་འདུ་གནས་འདམ་ཤོད་སྣར་མོའི་སྐོར་བཤད་པ།

[ཟླ་ཚེས། 2016-05-28 21:30:28][རྩོམ་པ་པོ། བསམ་གཏན་འགྱུར་མེད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

01.jpg

   ནང་དོན་གནད་བསྡུས། བོན་གྱི་འདུ་གནས་ནང་ཚན་དབུས་རུའི་འདུ་གནས་བཅུ་གསུམ་གྱི་ཡ་གྱལ་འདམ་ཤོད་སྣར་མོ་དང་ག་ཅུ་གཙུག་ཕུད་རྒྱལ་བའ་རྒྱལ་མཚན་གྱི་བཞེངས་པའི་ཁྲི་འདུལ་གསང་བའི་དགོན་པའི་གནས་ཡུལ་ངོས་འཛིན་བྱེད་པ།
   བརྡ་ཆད་གཙོ་བོ། ཞང་བོད།འདུ་གནས།འདམ་ཤོད་སྣར་མོ།

02.jpg

   བསྒྲགས་གླིང་ལས་འདམ་ཤོར་སྣར་མོ་བོན་གྱི་འདུ་འཚོགས་གནས།༼༡༽མཛོད་སྒྲ་འགྲེལ་ལས་འདམ་སྣར་མོ།༼༢༽དར་རྒྱས་གསལ་སྒྲོན་ལས་འདམ་ཤོད་སྣར་མོ།༼༣༽སྐལ་བཟང་མགྲིན་རྒྱན་ལས་འདམ་ཤོད་སྣར་མོ་ནི་གཉན་ཆེན་ཐང་ལྷའི་མདུན་འདམ་གཞུང་།༼༤༽ཞེས་དེ་ལྟར་གྱི་འདུ་གནས་དེ་སྙིང་དྲུང་སྟོད་གླིང་གི་བྲག་ནག་དང་དངུལ་གཉིས་སྦྲེལ་མཚམས་ན་རི་དེའུ་ཞིག་ཡོད་པ་དེའི་རྩེ་ལ་མཁར་ཤུལ་རྒྱ་ཆེན་པོ་ཞིག་འདུག་པ་དེ་ཡིན་པར་ངེས། རྒྱུ་མཚན་ནི་ལུང་དང་རིག་པ་གཉིས་ཀས་གྲུབ། དང་པོ། གོང་གི་སྐལ་བཟང་མགྲིན་རྒྱན་ལུང་དེར་གཉན་ཆེན་ཐང་ལྷའི་མདུན་གསུང་པའི་དོན་དང་མཐུན་ལ།
   བསྒྲགས་པ་རིན་ཆེན་གླིང་གྲགས་ལས། ག་ཆུས་བྱང་མདོ་ཤོད་སྣར་མོའི་གཞུང་དུ། གཡུང་དྲུང་ཁྲི་འདུལ་གྱི་ལྷ་ཁང་བཞེངས། བྲག་ནག་རྟ་མགོ་སུམ་ལག་ཏུ། ཁྲི་འདུལ་གསལ་བའི་དགོན་པ་བཞེངས། བོན་གྱི་འཁོར་ལོ་བསྐོར་ཞེས་དང་།༼༥༽དར་རྒྱས་གསལ་སྒྲོན་ལས།ག་ཆུས་བྱང་མདམ་ཤོད་སྣར་མོའི་གཞུང་དུ།གཡུང་དྲུང་ཁྲི་འདུལ་གྱི་ལྷ་ཁང་བཞེངས།བྲག་ནག་རྟ་མགོ་སུམ་ལག་ཏུ།ཁྲི་འདུལ་གསལ་བའི་དགོན་པ་བཏབ་བོན་གྱི་འཁོར་ལོ་བསྐོར་ཞེས་༼༦༽བཀོད་ལ།དཔལ་ཚུལ་བསྟན་འབྱུང་ལས།དེ་རྗེས་དབུ་རུ་འདམ་ཤོད་སྣར་མོ་རུ། གཡུང་དྲུང་ཁྲི་འདུས་འོད་ཀྱི་གསས་ཁང་བཞེངས།ཞེས་ག་ཅུ་གཙུག་ཕུད་རྒྱལ་བས་གསས་ཁང་བཞེངས་ཞིང་འདུལ་བསྟན་སྤེལ་གནས་ཀྱང་ཡིན་པའོ། ༼༧༽ཞེས་པའི་ལུང་དག་ལ་བཤད་པའི་བྲག་ནག་ཞེས་པའི་ས་གནས་ཞིག་འདི་གར་དངོས་སུ་ཡོད་པའོ།བོན་གྱི་འདུལ་རྒྱུད་དམ་འདུལ་བ་དར་ས་དང་པོ་སྟག་གཟིག་དང་། གཉིས་པ་ཞང་ཞུང་། གསུམ་པ་མངའ་རིས། བཞི་པ་ཁམས། ལྔ་པ་དབུས་གཙང་བཤད་པའི་སྐབས།འདི་ནི་མངའ་རིས་འདུལ་རྒྱུད་སྐབས་ཀྱི་གཙུག་ཕུད་ཚུལ་ཁྲིམས་ཀྱི་མཁན་བུ་ག་ཆུ་དང་། ཡ་གོང་། ཕམ་ཤི་ལྡེ་བཙུན་བཞིས་གནས་སྡེ་ཆེན་པོ་བཞི་བཞེངས།གནས་ཕྲན་བཅུ་གཉིས་སོགས་བརྩེགས། རྒྱལ་བློན་འབངས་གསུམ་ལ་འབྲེལ་བ་དམ་ཟབ་བྱས་ནས་འདུལ་བསྟན་དར་ཞིང་འདུལ་གོས་ཀྱང་སྔོན་པོ་མིན་པ་གྱོན་མི་ཆོག་པ་དང་བོད་པས་འདུལ་བསྟན་ཨ་གསར་བྱེད་པའི་དུས་དེར་ཡིན་པར་ངེས་སྟེ་བསྒྲག་གླིང་ལས་ག་ཆུ་གཙུག་ཕུད་རྒྱལ་བ་དང་། ཡ་གོང་ཡེ་ཤེས་རྒྱལ་མཚན། ཕམ་ཤི་དཔལ་གྱི་འབྱུང་གནས། ལྡེ་བཙུན་རབ་གསལ་བཞི་བྱུང་། དེའི་རིང་གནས་སྡེ་ཆེན་པོ་བཞི་བཞེངས། ཞེས་དང་གཡས་རུ་དང་གཡོན་རུའི་གནས་ཕྲན་བཅུ་གཉིས་བརྩེགས།གོས་སྔོན་པོ་མིན་པ་གོན་དབང་མེད། དགེ་སྤྱོད་བོན་ལ་བྱེད། དེའི་དུས་སུ་རྣམ་དག་འབུམ་གྱི་སྐོར། ཀློག་འདོན་འབྲི་གསུམ་བྱེད། སྤྱོད་ལམ་ཚུལ་ཁྲིམས་ལ་གནས། བར་ཆོད་ཚ་ཚ་མཆོད་རྟེན་གྱིས་སེལ། བོན་སྤྱོད་ཕ་རོལ་ཕྱིན་པ་བཅུ་སྤྱོད། གྱེར་སྡེ་བཅུ་གཉིས་བྱེད། རྒྱལ་གྱི་སྐུ་འཚོ། བློན་གྱི་བུ་གསོ། དད་པ་ཅན་ཚུལ་ཁྲིམས་ལ་འཇུག ཤི་བ་སྐྱབས་དང་མཆོད་རྟེན་གྱིས་འདྲེན་༼༨༽ཞེས་པས་སོ། །

03.jpg

   གཉིས་པ་རིག་པས་གྲུབ་སྟེ།ད་ཆར་གཉན་ཆེན་ཐང་ལྷ་ནས་སྙིང་དྲུང་བར་གྱི་ཐང་ཆེན་༼མཚོ་བོད་ལྕགས་ལམ༽དེའི་ལྷོ་ངོས་དང་དངུལ་ལུང་པ་དང་བྲག་ནག་ལུང་པ་གཉིས་བཅས་གསུམ་དུ་འདུས་པའི་མདོ་སུམ་མདོ་དེ་ལ་སུམ་ལགས་ཞེས་གྲུབ་ཡིན་པར་ངེས་སོ་སྙམ། རི་དེལ་དེ་ལ་དེང་དུས་ཡུལ་མིས་འདི་གར་གནའ་སྔ་མོར་བོན་དགོན་ཡོད་པ་རྗེས་སུ་མཐུ་ཡིས་འཇིག་པའི་བཤད་རྒྱུན་འདུག་ལ། ད་ལྟའི་ཆར་རི་ཆུང་མིང་ལ་བོན་དགོན་ཨ་དག་དང་བོན་དགོན་སྡུག་རྡག རྩ་ཟད་ཐལ་རྡག་སོགས་ཟེར་བཞིན་འདུག ད་ལྟའི་གནས་ཡུལ་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྙིང་ཀྲུང་ཤང་སྟོད་གླིང་གྲོང་ཚོ་ཙུག་གསུམ་པ་དང་དྲུག་པའི་མཚམས་དེར་ཡོད། ཡུལ་མི་སྐད་ཆ་དྲི་ས་རྐྱང་ཚ་བློ་བཟང་དཔལ་འབྱོར་ལགས་དང་། དངུལ་གྱི་རྡོ་རྗེ་གཉིས་ཡིན།
དཔྱད་གཞིའི་ཡིག་རིགས།
༼༡༽གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་ཆེན་གླིང་གྲགས།དྲན་པ་ནམ་མཁས་མཛད།ཤོག་ངོས་༡༠༧པར།མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༡༠ལོའི་ཟླ་༩པར་དཔར།
༼༢༽བདེན་པ་བོན་གྱི་མཛོས་སྒྲ་འགྲེལ།ཤོག་ངོས་༢༡པར།ཝ་ཎ་མཐོ་སློབ་སྤྱི་ལོ་༡༩༩༣ལོར་དཔར།
༼༣༽བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན།སྤ་བསྟན་རྒྱལ་བཟང་པོས་མཛད།ཤོག་ངོས་༢༨༦མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༡༠ལོའི་ཟླ༩པར་དཔར།
༼༤༽བསྟན་འབྱུང་སྐལ་བཟང་མགྲིན་རྒྱན།དཔལ་ཚུལ་གྱིས་མཛད།ཤོག་ངོས་༤༩༢པར།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༡༩༨༨ལོའི་ཟླ་༡༡པར་དཔར།
༼༥༽སྒྲགས་པ་རིན་ཆེན་གླིང་གྲགས་གོང་མཚུངས།ཤོག་ངོས་༡༥༡པར།
༼༦༽དར་རྒྱས་གསལ་སྒྲོན་གོང་མཚུངས།ཤོག་ངོས་༢༨༤པར།
༼༧༽བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་གོང་མཚུངས།ཤོག་ངོས་༢༢༡པར།
༼༨༽བསྒྲགས་པ་རིན་ཆེན་གླིང་གྲགས་གོང་མཚུངས།ཤོག་ངོས་༡༥༡པར།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།