ཞང་ཞུང་ཁྱུང་ལུང་དངུལ་མཁར་གྱི་དཀར་ཆག
[ཟླ་ཚེས། 2014-07-31 20:26:37][རྩོམ་པ་པོ། གསང་བདག་མུ་ལ་རང་གྲོལ་རྩལ།]][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ཞང་ཞུང་ཁྱུང་ལུང་དངུལ་མཁར་འོད་འཕྲོ་གཡུང་དྲུང་སྤུངས་བའི་དཀར་ཆག་གསལ་བྱེད་འོད་འབར་བཞུགས།
ཞང་ཞུང་ཁྱུང་ལུང་དངུལ་མཁར་འོད་འཕྲོ་གཡུང་དྲུང་སྤུངས་བའི་དཀར་ཆག་གསལ་བྱེད་འོད་འབར་བཞུགས།
མཐའ་བྲལ་སྐྱེ་མེད་བོན་སྐུའི་ནམ་མཁའ་ལ། རང་གསལ་འགག་མེད་རྫོགས་སྐུའི་ཉི་རི་བཞད༔ སྣ་ཚོགས་སྣང་བྱ་སྤྲུལ་སྐུའི་དཀྱིལ་འཁོར་ཤར༔ སྐུ་གསུམ་དབྱེར་མེད་རང་བྱུང་རིག་པར་འདུད༔དུས་ཀྱི་མཐའ་མ་རྩོད་ལྡན་འདུལ་དཀའི་སྐབས༔ ཚེ་ཡི་གནས་ཚད་བཞི་བཅུའི་ཁ་རལ་དུས༔ མི་རྣམས་ཕལ་ཆེར་ཉོན་མོངས་རང་ཁར་འཆོར༔ ལས་ངན་རང་བྱེད་གཞན་ལ་འཚང་བྲུ་བྱེད༔ རབ་བྱུང་ཕོ་མོ་ཕྱི་ཚུལ་ངོ་ལྐོག་བྱེད༔ སྔགས་པ་ཡིན་ཟེར་ཐ་མ་གྲོང་ཆོག་མཁན༔ རྟོགས་པ་ལྡན་ཟེར་གཤིས་རྒྱུད་རང་ཁར་གནས༔ རྣལ་འབྱོར་་ཡིན་ཟེར་བོན་བརྒྱད་སེམས་ཕུགས་ཉར༔ དེ་འདྲའི་བསྐལ་པ་དུས་ཀྱི་མཐའ་མ་ན༔ འཆི་མེད་བླ་ཆེན་དྲན་པ་ཁོད་སྤུངས་དང་༔ མཁས་བཞི་ལོ་པན་སྲས་པོ་རྣམ་གཉིས་སོགས༔ རྒྱ་ཞང་བོད་ཀྱི་རིག་འཛིན་མཁའ་འགྲོ་རྣམས༔ མཁའ་སྤྱོད་གཡུང་དྲུང་སྤུངས་བའི་རི་བོ་ན༔ ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་བའི་དུས༔ བོན་ལ་སྤྱོད་པའི་བསོད་ཅན་སྐྱེ་བོ་རྣམས༔ འདུལ་བྱ་དུས་སུ་བབས་པ་གཟིགས་པ་དང༔ ཁྱད་པར་རིག་འཛིན་མཁའ་འགྲོ་རྒྱ་མཚོ་ཡི༔ ཞལ་འཇལ་དག་སྣང་དགོངས་ཀློང་གཅིག་བརྒྱུད་པའི༔ ཟབ་གཏེར་སྙན་བརྒྱུད་བོན་གྱི་སྡེ་རྣམས་ལ༔ ཚུལ་བཞིན་མི་སྤྱོད་ཡིད་ཆེས་མི་བྱུང་ཞིང་༔ མཐའ་མིའི་ཀླ་ཀློའི་ལོག་སེམས་འཆང་བའི་དུས༔ དུས་ཀྱི་མཐའ་འདིར་འདུལ་བྱའི་སྐབས་བབས་པའི༔ བསྟན་ཞབས་ལུང་གི་སྐྱོང་བ་བསྔགས་པའི་བུ༔ གསང་འདུས་ཐུགས་ཀྱི་ངེས་པའི་གདུང་ཚབ་སྟེ༔ དྲན་པའི་བྱིན་རླབས་རིག་འཛིན་ཉེར་གཉིས་ཀྱིས༔ དབང་བསྐུར་སྲས་སུ་གྱུར་བའི་ཐོས་ཆུང་བདག༔ ཤིང་ཕོ་རྟ་ལོར་ཞང་ཞུང་དབུས་ཀྱི་མཆོག༔ བླ་རི་གངས་དཀར་ལྷོ་ནུབ་སྦས་པའི་གནས༔ བསྟན་སྲུང་སྐུ་མཆོག་དམར་པོའི་དབལ་རིའི་མདུན༔ ནུབ་གཅིག་ཉལ་བའི་ནམ་གྱི་གུང་ཙམ་ནས༔ ཤར་གྱི་ནམ་མཁའ་གཡའ་དག་དྭངས་གསལ་ནས༔ དྷ་ཀི་དཀར་མོ་དར་གྱི་ཀླུབ་པ་ཞིག༔ མངོན་སུམ་བྱུང་ནས་བདག་ལ་འདི་སྐད་ཟེར༔ ཨ་ཧོ་གསང་བདག་སྐལ་ལྡན་རྣལ་འབྱོར་བུ༔ ཁོད་སྤུངས་དྲན་པ་རིག་འཛིན་མཁས་བཞི་དང་༔ རྒྱ་ཞང་བོད་ཀྱི་རིག་འཛིན་མཁའ་འགྲོ་ཡི༔ ངེས་པའི་བཀའ་གྲོས་ལུང་གི་ཟིན་པའི་བུ༔ གཡུང་དྲུང་སྤུངས་ཚལ་དྷ་ཀིའི་ཚོགས་ཞིང་དུ༔ ཞལ་མཇལ་དུས་གཅིག་བྱུང་བ་ཨི་དྲན་ལགས༔ ཕྱི་ནང་དབང་བཞི་རྗེས་དྲན་རྒྱལ་ཐེབས་དང༔ གསང་མཚན་བརྡ་ཡིག་ཁ་བྱང་ལྡེའུ་་མིག་སོགས༔ ཁོ་མོས་ཁྱེད་ལ་ཕུལ་བ་ཨི་དྲན་ལགས༔ ཁོ་མོ་བདག་ནི་ཉི་འོད་འབར་མ་ཞེས༔ རྒྱུང་ཡར་ཁོད་སྤུངས་ཉིད་ཀྱི་ཕྱག་རྒྱ་སྟེ༔ བཟང་སྐྱོངས་སྲས་མོ་ཉི་ཟླ་འོད་འབར་ཞེས༔ ལས་འཕྲོ་སད་དེ་བོན་གྱི་སྒོ་རུ་ཞུགས༔ ཉེར་བརྒྱད་དུས་སུ་བླ་ཆེན་དྲན་པ་ཡིས༔ ཕྱི་ནང་དབང་བསྐུར་ལས་ཀྱི་ཕྱག་རྒྱ་བྱས༔ ལོ་གསུམ་སོང་ནས་སྲས་པོ་རྣམ་གཉིས་འཁྲུངས༔ བལ་བོད་མཚམས་སུ་བཀའ་སྤྱད་ལོ་ལྔ་བྱས༔ འཆི་མེད་སྐུར་བསྙེས་མཁའ་འགྲོའི་ཚོགས་ཞིང་བགྲོད༔ ཁོ་མོའི་ཡིན་ཚུལ་སྐལ་ལྡན་ཁྱེད་ལ་ཞུ༔ དུས་འདིར་ཞང་ཞུང་ལྷོ་ནུབ་གསང་བའི་གནས༔ འོད་འཕྲོ་གཡུང་དྲུང་སྤུངས་བའི་གཞལ་ཡས་སུ༔ དྲན་པའི་གཙོ་བྱས་རིག་འཛིན་ཉེར་གཉིས་ཀྱིས༔ ཟབ་མོ་ཚོགས་ཀྱི་འཁོར་ལོ་བསྐོར་བ་ལ༔ སྐལ་ལྡན་ཁྱོད་ཉིད་ལ་འུར་ཕེབ་པར་ཞུ༔ ཞེས་གསུངས་ཕྱག་གི་སེན་གོལ་མཛད་པ་ཡི༔ བདག་ཀྱང་སྐད་ཅིག་ཉམས་ཀྱི་སྣང་བ་ལ༔ རིན་ཆེན་ལས་གྲུབ་ས་གཞི་རིམ་གསུམ་སྟེང་༔ ཉམས་དགའི་གཞལ་ཡས་གྲུ་བཞི་སྒོ་བཞི་འདོད༔ ལོག་བཞི་ག་ལྗང་གཡུ་ལས་གྲུབ་པ་ལ༔ གཡུང་དྲུང་གཡས་སྐོར་རི་མོ་འབུར་དུ་དོད༔ ཡ་ཁད་ཟར་ཚགས་རིན་ཆེན་འཕྲེང་བ་འབྲེལ༔ པདྨ་རྟགས་བརྒྱད་ནོར་བུ་རྩེག་པའི་སྟེང་༔ གསེར་གྱི་ཁ་བད་ཟུར་བཞིར་ཆུ་སྲིན་མགོ༔ དེ་སྟེང་ཚད་མེད་རྣམ་བཞི་རྩེག་པའི་ཁར༔ བྱུ་རུ་ལས་གྲུབ་དབང་གི་བུམ་པ་དང་༔ བྲེ་ཕུལ་པད་གདན་སྟོབས་འཁོར་བཅུ་གསུམ་བརྗིད༔ རིན་ཆེན་ལས་གྲུབ་ཁ་དོག་ལྔ་འོད་འབར༔ ཆར་ཁེབ་བྱ་རུ་མཐིང་མདངས་གསེར་ཚག་ཅན༔ ཕྱོགས་བཞིར་དར་འཕྱང་ཀླུབ་ཞིང་དྲིལ་བུ་སྒྲོག༔ སྒོ་༄༄། བཞི་སྒོ་རྒྱན་སྒོ་ཐོད་ཁྱུང་གི་རྒྱན༔ དེའི་སྟེང་གཡུང་དྲུང་གཡས་སྐོར་དར་གྱི་གདུགས༔ གཡས་གཡོན་རི་དྭགས་དཔག་བསམ་པདྨའི་རྒྱན༔ ཡུམ་ཆེན་མཁའ་འགྲོ་མ་ཡི་རྗེས་འདུད་དེ༔ གཞལ་ཡས་དེ་ཡི་ནང་དུ་དལ་གྱི་སོང་༔ རིན་ཆེན་ལྔ་ལྡན་ལས་གྲུབ་ས་གཞི་ལས༔ སྟག་གཟིགས་པགས་པ་གོར་མོ་སྐོར་བའི་གདན༔ རིག་འཛིན་ཉེར་གཉིས་ཚོགས་ཀྱི་གྲལ་བཞུགས་པ༔ དཀྱིལ་དུ་བམ་ཚོགས་མེ་ཏོག་ཐིག་ལེ་རྒྱན༔ དེ་མཐར་ཕྱག་རྒྱ་གསང་ཡུམ་ཉེར་གཉིས་ཀྱིས༔ ཚོགས་ཀྱི་ལས་མཛད་ཌ་སིལ་མགུར་དབྱངས་ཁྲོལ༔ ཚོགས་ཀྱི་མདུན་སྔོན་སྟག་གི་པགས་པའི་གདན༔ དེ་སྟེང་གདིང་བ་དམར་པོ་གཡུང་དྲུང་རིས༔ འདིར་རུ་སྡོད་ཅེས་མཁའ་འགྲོའི་ཞལ་ནས་གསུངས༔ བདག་ཀྱང་དལ་ཅིག་འདུག་པའི་སྣང་བ་ལ༔ ཚོགས་ཀྱི་དངོས་གྲུབ་བྱང་སེམས་ཐིག་ལེའི་རྒྱན༔ གནས་གསུམ་དབང་བསྐུར་བདག་གི་ལྕེ་རུ་བཞགས༔ བདག་གིས་ལང་སྟེ་ཕྱག་བཙལ་སྣང་བ་ལ༔ དབུས་ཀྱི་གཙོ་བོས་བདག་ལ་འདི་སྐད་གསུངས༔ ཉོན་ཅིག་བོད་ཀྱི་རྣལ་འབྱོར་ལས་སྐལ་ཅན༔ རིག་འཛིན་ཚོགས་ཞིང་བསྒྲོད་པར་ངོ་མཚར་ཆེ༔ རེ་དོག་བློ་ཡི་བཅིངས་བ་ཡེ་མ་མཚར༔ ད་ལྟ་རྩོད་དུས་བཞི་བཅུ་ཚེ་ཡི་ཚད༔ ཐ་མ་ལྔ་ཡི་ལས་ངན་སྤྱོད་པའི་དུས༔ བསྟན་ཞབས་ལུང་གི་གསོ་བ་བསྔགས་པའི་བུ༔ མུ་ལའི་མིང་ཅན་རིག་འཛིན་སྲས་གཅིག་བུ༔ མཁའ་འགྲོ་ཡུམ་དང་མཇལ་བ་ཨེ་རེ་དགའ༔ ཁོད་སྤུངས་ང་དང་འཕྲད་པ་ཨེ་རེ་དགའ༔ ཚོགས་ཞིང་འདི་ནི་གཡུང་དྲུང་བཀོད་པའི་ཚལ༔ ཚོགས་ཀྱི་རིག་འཛིན་ཉེར་གཉིས་བཞུགས་པའི་གནས༔ ད་ལྟ་ཚོགས་གྲལ་འགོད་པ་ཉམས་རེ་དགའ་༔ ཁོད་སྤུངས་ང་ཡི་ལྟ་སྒོམ་ཉམས་ཀྱི་ཚིགས༔ ཐེག་ཀུན་དོན་འདུས་གཞི་ལམ་འབྲས་བུའི་གནད༔ ཁྱོད་ལ་བཤད་ཀྱི་མ་ཡེངས་རང་རིག་སྐྱོངས༔ ལྟ་བ་བློ་ཡི་མ་བཅོས་སྟོང་ཆེན་ལ༔ ཡིད་ཀྱི་ཆེད་འཛིན་མེད་ན་འདི་ཀ་རང་༔ སྒོམ་པ་རྟོག་ཚོགས་དྲན་གྲོལ་རང་བབས་ལ༔ ཡིད་ཀྱི་གོམས་བཟོ་མེད་ན་འདི་ཀ་རང་༔ སྤྱོད་པ་རང་ཤར་ཀློང་ཆེན་བདེ་ཡངས་ལ༔ ཚུལ་ཆོས་བཟང་ངན་འཛིན་མེད་དེ་ཀ་རང་༔ ད་ལྟའི་རང་གཤིས་རིག་སྟོང་རྗེན་པ་ལ༔ རྟེན་མེད་ངང་གི་མཇལ་བ་གཞི་ཡི་གནད༔ ད་ལྟའི་སྣང་ཆ་འོད་གསལ་སྟོང་གཟུགས་ལ༔ འཛིན་མེད་གཅེར་གྱི་གྲོལ་བ་ལམ་གྱི་གནད༔ ད་ལྟའི་རིག་སྟོང་སྐུ་གསུམ་དབྱེད་མེད་འདི༔ བློ་བྲལ་གདིང་དང་ལྡན་པ་འབྲས་བུའི་གནད༔ ཁོད་སྤུངས་ང་ཡི་ཉམས་ཀྱི་མན་ངག་འདི༔ སྐལ་བ་ཅན་གྱི་ཐུགས་ཀྱི་སྲས་ལ་གཏད༔ འབྲལ་བ་མེད་པ་རིག་པའི་དོན་ལ་ཕོབ༔ ཞེས་གསུངས༔ ཨ༔ཨ༔ཨ༔ ཞལ་རྒོད་ཐེང་གསུམ་མཛད༔ ད་ཡང་སྐལ་ལྡན་ཁྱེད་ཀྱི་དགོངས་ཚུལ་ཞིང་༔ ཞང་ཞུང་ཁ་ཡུག་ངོ་མཚར་སྤོས་ཀྱི་ཐང་༔ ཁྱུང་ཆེན་སྤུངས་རི་དངུལ་མཁར་འོད་འཕྲོ་རྫོང་༔ སྒོ་བཞི་ཕོ་བྲང་ངོ་མཚར་ལྷ་གནས་མཚུངས༔ ས་གནས་མི་འགྱུར་གཡུང་དྲུང་ལུག་གུ་བརྒྱུད༔ རྟགས་བརྒྱད་ནོར་བདུན་རིག་རྟགས་བཀོད་པའི་གནས༔ གནས་འདིའི་དཀར་ཆག་སྐལ་ལྡན་ཁྱེད་ལ་བཤད༔ མ་བརྗེད་ཕྱི་རབས་དོན་དུ་ཡིག་གེར་བཀོད༔ གཤེན་རབ་འགྲོ་བའི་མགོན་ལ་ཕྱག་འཚལ་ལོ༔ ཞང་ཞུང་སྨར་གྱི་སྐད་དུ་ན༔ ཨུ་ཏྲ་ཁྱུང་ཡེ་ཧར་སངས་ལམ༔ བོད་རྒྱལ་བོད་ཀྱི་སྐད་དུ་ན༔ དཀར་ཆག་གསལ་བྱེད་འོད་འབར་ཞེས༔ སྔོན་ཚེ་ཡེ་སངས་སྲིད་པའི་དུས༔ སངས་པོ་ཆུ་ལྕམ་རོལ་པ་ལས༔ རྒྱ་མཚོ་ཆེན་པོ་འཁྱིལ་བའི་དབུས༔ འོད་ཀྱི་སྒོང་ང་རྡོལ་བ་ལ༔ གསལ་བ་འོད་ཀྱི་ལྷ་རིགས་གྲོལ༔ ནམ་མཁའི་ཁམས་སུ་གར་ཡང་འཁྲབ༔ མཁའ་ལ་རྒྱུ་ཞིང་སྲིད་ཁམས་མྱུར༔ ས་ཞག་སེར་ཆེ་ཟོས་པ་ཡི༔ འོད་ཀྱི་ལྷ་རིགས་མི་རུ་གྱུར༔ རྒྱ་མཚོ་ཆེན་པོ་མར་གྱི་སྐམ༔ དེ་ཡི་དུས་ཀྱི་འགྲོ་བ་ནི༔ དཔག་མེད་ཚེ་ཡི་གྲངས་དུ་འཚོ༔ འོད་ཀྱི་ལམ་ནས་ལྷ་ཡུལ་བསྒྲོད༔ དེ་དུས་རྒྱ་མཚོ་སྐམ་པའི་ལན༔ མུན་པ་ཟེར་ལྡན་ནག་པོ་དང་༔ མུན་གྱི་རྒྱལ་མོ་བཤོས་པ་ལ༔ མུན་ཁམས་མུན་པའི་བུ་དགུ་བྱུང༔ སླར་ཡང་བུ་དགུའི་སྨོན་ལམ་གྱིས༔ ལོ་དགུ་བུ་མོ་དགུ་ཡང་བྱུང་༔ མིང་སྲིང་བཅོ་བརྒྱད་བཤོས་པ་ལ༔ མེད་ཁམས་མུན་པའི་དམག་ཚོགས་དར༔ ཡོད་མེད་ཁམས་ཀྱི་རྩོད་པ་ལས༔ མུན་སྐལ་སྒྲོན་སྐལ་གཉིས་སུ་བྱུང་༔ དཀར་ནག་བསྐལ་བ་རེས་མོས་ལས༔ དཔག་མེད་དུས་ནས་བརྒྱ་ཡི་བར༔ གྲངས་མེད་བསྐལ་བ་གྲངས་བདུན་བྱུང་༔ འདྲེན་པའི་སྟོན་པ་བདུན་ཀྱང་ཕེབ༔ ད་ལྟ་ཚེ་ལོ་བརྒྱ་བའི་དུས༔ སངས་རྒྱས་བྱོན་པའི་གནས་མཆོག་སྟེ། རང་སྣང་ལས་གྲུབ་སྤྲུལ་པའི་ཞིང་༔ འོལ་མོ་ལུང་རིང་ཞེས་པ་ན༔ གཏོ་རྒྱལ་ཡེ་མཁྱེན་འདས་པའི་དུས༔ གྲངས་མེད་འགྲོ་བ་མངོན་སངས་རྒྱས༔ ཤམ་པོ་ལྷ་རྩེ་སྤྲུལ་པའི་མཁར༔ དམུ་རིགས་རྒྱལ་བརྒྱུད་གཤེན་ལྷའི་གདུང་༔ དམུ་ཡི་གཤེན་པོ་ཐོད་དཀར་ཞེས༔ ཡུལ་དེའི་ཤར་ཕྱོགས་གྲོང་ཁྱེར་ནས༔ ཕ་ཞར་མ་འགྲམས་བུ་ནི་འཐེང་༔ ཕྱྭ་ཡི་རིགས་སུ་གྱུར་པ་ལ༔ ཡོ་ཕྱི་རྒྱལ་བཞེད་ཡུམ་དུ་བཞེས༔ རྒྱལ་པོ་ཁབ་བཞེས་དགེ་ཕྱོགས་འཕེལ༔ ཞིང་ཁམས་དེ་ཡི་བཀོད་པ་ནི༔ མཐའ་འཁོར་གྲོང་ཁྱེར་འབུམ་ཚོ་བརྒྱད༔ ༄༄། ཕུན་ཚོགས་དགེ་བཅུའི་ཁྲིམས་ལ་གནས༔ ལྗོན་ཤིང་གསེར་བྲག་གཙང་མཚེའུ་མཚོ༔ ཐེག་ཆེན་སྒོམ་པ་བསམ་འདས་སྡེ༔ དེ་མཐར་ལྗོན་ཤིང་སྟུག་པོའི་གསེབ༔ གཅན་རིགས་སྣ་ཚོགས་སྲུང་བའི་ཚུལ༔ དེ་མཐར་དབལ་སོ་གངས་དཀར་རྩེར༔ མཇའ་ཚོན་སྣ་ལྔའི་ཡོལ་བ་བྲེལ༔ དེ་ཡི་ཤར་ཕྱོགས་ཕར་འདས་ཀྱི༔ དཔག་ཚད་མང་པོའི་རྒྱང་མཚམས་སུ༔ ཞང་ཞུང་སྨར་གྱི་སྐད་དུ་ན༔ ག་ལང་ཏྲ་ན་ཞེས་བྱ་བ༔ བོད་ཀྱི་ཡུལ་ཁམས་འདི་ཉིད་ནི༔ བཙན་དང་རྒྱལ་པོས་དབང་བསྒྱུར་དུས༔ འོག་མིན་སྟུག་པོ་བཀོད་པའི་དབུས༔ གཤེན་ལྷ་དཀར་པོའི་ཐུགས་དགོངས་ཏེ༔ མགོན་པོ་རྣམ་གསུམ་ལྷ་རུ་བཞེངས༔ ཡེ་ཤེས་ལྷ་ཆེན་ཨ་ཏི་ཉིད༔ བོན་ཉིད་དབྱིངས་ནས་མཉམ་པར་བཞུགས༔ རྫུ་འཕྲུལ་ལྷ་ཆེན་ཀུ་བྱི་ཉིད༔ བར་ལྷ་གསེར་གྱི་སྟེང་ནས་གཟིགས༔ རྫུ་འཕྲུལ་ལྷ་ཆེན་གེ་ཁོད་དེ༔ ཁོ་མོ་འབྲོང་དུ་སྤྲུལ་ནས་ཀྱང་༔ རུ་ཐོག་རུ་ཡི་རྩེ་མོར་བབས༔ ཞལ་ནས་གཡས་ཀྱི་ཕྱོགས་སུ་གཟིགས༔ ཁ་རླངས་ཟིལ་པ་ཆགས་པ་ལས༔ གངས་དཀར་ཏྲི་ན་ཞེས་པ་སྲིད༔ དེ་ནས་དབལ་ཆེན་གེ་ཁོད་ཀྱིས༔ སྲིད་པའི་གངས་གཉན་ཆེན་པོ་དེར༔ གནས་པའི་བླ་རིར་བྱིན་གྱིས་བརླབས༔ བཙན་དང་རྒྱལ་པོ་དབང་དུ་བསྒྱུར༔ ཀུ་བྱི་མང་ཀེའི་སྤྲུལ་པ་ལས༔ སྲིད་རྗེ་གསེར་གྱི་བྱ་རུ་ཞེས༔ ཞང་ཞུང་ཡུལ་གྱི་རྒྱལ་ཁམས་སྲིད༔ ཀུན་ཀྱང་བདེ་ཞིང་སྐྱིད་པར་གནས༔ དེ་དུས་འོལ་མོ་ལུང་རིང་དུ༔ ཚེ་ལོ་བརྒྱ་པའི་འདུལ་སྐལ་བབས༔ འོག་མིན་སྟུག་པོ་བཀོད་ཞིང་ནས༔ བསྐལ་སྟོང་སངས་རྒྱས་མཚན་རབས་བསྒྲིལ༔ གསལ་བ་གཤེན་རབ་མི་བོ་ཉིད༔ ཚེ་ལོ་བརྒྱ་པའི་འདུལ་སྐལ་བབས༔ གཟིགས་དགོངས་ཚད་ཀྱི་གཟིགས་པ་ལས༔ རབ་འདྲེན་མཆོད་རྟེན་རྩེ་རུ་བབས༔ ཐོ་དཀར་ཡབ་ཀྱི་རྟ་རུ་ཞུགས༔ རྒྱལ་བཞེད་ཡུམ་གྱི་ལྷུམས་སུ་སྨིན༔ ལོ་རྒྱལ་ཤིང་བྱི་ར་བའི་དུས༔ ནམ་ལངས་རྒྱལ་གྱི་སྐར་མ་ལ༔ མཚན་བཟང་དཔེ་བྱད་ལྡན་པ་ཡི༔ ཡུམ་གྱི་མཆན་གཡས་འོད་ཀྱི་སྦུབ༔ མི་རུ་འཁྲུངས་ནས་ལྷ་ཀླུ་ཀུན༔ ཕོ་བྲང་ལ་ནི་མཆོད་པར་བྱེད༔ དང་པོ་བྱི་བའི་མཛད་པ་ཡི༔ སྣང་བ་རོ་སྙོམས་ཚུལ་དུ་བཞུགས༔ དེ་ནས་རྒྱལ་པོའི་རྒྱལ་སར་བཀོད༔ ལྷ་ཀླུ་མི་ཡི་མཆོད་པར་བྱེད༔ མཛད་པ་བཅུ་གཉིས་དྲུག་ཅུ་ཡི༔ བཀོད་པ་རྣམ་པར་འཇོམ་པའི་དུས༔ ཀོང་ཡུལ་ལྕགས་འཕྲང་ཞེས་པ་ནས༔ ཁྱབ་པ་ལག་རིང་གཙོར་བྱས་པའི༔ བདུད་དམག་དུང་ཕྱུར་བཅུ་གཉིས་ཀྱིས༔ གཤེན་ལ་ཆོ་འཕྲུལ་སྣ་དགུ་སྟོན༔ ཐ་མ་གཤེན་ཟ་རྟ་བདུན་ཅེས༔ རྐུས་ནས་ཁྱབ་པ་ཀོང་དང་སྡོངས༔ དེ་དུས་གཤེན་རབ་མི་བོ་ཡིས༔ བོད་ཀྱི་ཡུལ་ཁམས་འདུལ་དགོངས་ན༔ གསེར་མདོག་བྱ་ཁྱུང་གསུམ་དུ་སྤྲུལ༔ བླ་རི་གངས་དཀར་ཏི་སེའི་རྒྱབ༔ ཆུ་བོ་བཞི་འདུས་འགོ་རུ་བབས། བླ་རི་གངས་དཀར་ཏི་སེ་ལ༔ གཡུང་དྲུང་ཞབས་ཀྱི་གཡས་སུ་བསྐོར༔ ཕྱོགས་བཞིར་ཞབས་རྗེས་རེ་རེ་བཞག༔ དེ་ནས་གེ་ཁོད་གཉན་ཡུལ་དུ༔ ཞང་ཞུང་བོན་གྱི་རྒྱལ་ཁམས་ཤེས༔ རབ་ཏུ་དགེ་བའི་རྟགས་བཞི་ཤར༔ ཀོང་ཡུལ་ཕེབ་ནས་ཁྱབ་པ་བཏུལ༔ ཐུགས་སྤྲུལ་བོན་རི་ཆེན་པོ་བཞག༔ སྟོན་པ་འཁོར་དང་ཀོང་རྗེ་སོགས༔ ཞང་ཞུང་ཁ་ཡུག་ཡུལ་དུ་ཕེབ༔ སྲིད་རྗེ་གསེར་གྱི་བྱ་རུ་དང་༔ ཞང་ཞུང་ཁ་ཡུག་རྒྱལ་ཁམས་སུ༔ དགེ་བཅུ་སྤྱོད་པའི་ལུང་ཡང་ཕོགས༔ ཁྲི་རྗེ་མདོ་ཡི་ལུང་བསྟན་མཛད༔ གངས་དཀར་ཏི་སེའི་ལྷོ་ནུབ་ཀྱི༔ མི་འགྱུར་རྟགས་བཞི་ཚང་བའི་ས༔ ཁ་ཡུག་རི་ཡི་རྒྱལ་ཁམས་ན༔ རྒྱལ་བ་མཉེས་པའི་མཆོད་པ་ཕུལ༔ གསས་མཁར་ཆེན་པོ་སྒོ་བཞི་བཞེངས༔ དེ་ནས་རྣམ་འདྲེན་གཤེན་གྱིས་ཞལ༔ ཞང་ཞུང་བོན་གྱི་རྒྱལ་ཁམས་ཞེས༔ རབ་ཏུ་དགེ་བའི་གསུངས་ཡང་བྱུང་༔ འགྲོ་འདུལ་གཤེན་གྱི་སྲས་ཡང་འཁྲུངས༔ དམུ་རིགས་གཤེན་གྱི་བརྒྱུད་པ་ཡི༔ ཞང་ཞུང་རྒྱལ་གྱི་དབུ་ཡང་མཛད༔ བྱ་རུ་ཐོབ་པའི་རྒྱལ་པོ་ཞེས༔ ཁྲི་སྡེ་བཅུ་ཡི་མགོ་ཡང་འདྲེན༔ དེ་ནས་རྒྱལ་རབས་བརྒྱད་ཀྱི་མཚམས༔ རྒྱུང་ཡར་མུ་ཁོད་རྒྱལ་པོ་དང༔ ཕྱྭ་བཙུན་གུང་མ་ཡབ་ཡུམ་ལ༔ རྒྱལ་པོ་དགུང་ལོ་ལྔ་བཅུ་ཡན༔ སྐུ་ལ་སྲས་སྐལ་མ་འཁྲུངས་བའི༔ ཕྱི་ནང་མཆོད་པ་དཔག་མེད་ཕུལ༔ ལོ་པན་བརྒྱད་ལ་ལུང་ཡང་ཞུས༔ ཉིན་གཅིག་རྒྱལ་པོ་སྐུ་གསེང་སྐབས༔ ནུབ་ཀྱི་བྲག་རོང་དཀར་པོ་ན༔ ཤེལ་གྱི་ཁྱེའུ་བུས་ལུང་བསྟན་ཏེ༔ རྒྱལ་པོ་ཁྱེད་ཀྱི་སྲས་སྐལ་དུ༔ བདེར་གཤེགས་རྣམ་སྤྲུལ་འཁྲུང་ངོ་གསུངས༔ རྒྱལ་པོའི་རྣལ་དུ་བཟང་བ་ནི༔ ལྷ་མི་ཀུན་གྱི་གུས་པར་བྱེད༔ བཙུན་མོས་ཉི་ཟླ་་ཐིམ་པར་རྨིས༔ མེ་རྟ་ཟླ་བ་བཅུ་པ་ཡི༔ ཚེས་བཅུ་་ཉི་མ་ཤར་བའི་དུས༔ མཁར་གྱི་དབུ་རྩེར་ཁུ་བྱུག་བབས༔ ལྷ་ཀླུ་ཀུན་གྱི་རོལ་མོ་གྲགས༔ འབྲུག་གི་དུས་ལ་དབང་བ་ཡི༔ བདེར་གཤེགས་རྣམ་སྤྲུལ་སྲས་སུ་འཁྲུངས༔ མཚན་མཁན་བློན་པོས་མཚན་བཏགས་པས༔ ཤིན་ཏུ་ངོ་མཚར་ཆེ་བར་སེམསཿ དེ་དུས་བདེ་བར་གཤེགས་པ་ཡི༔ སྲས་ལ་མཚན་དུ་གསོལ་བ་ནི༔ ལྔ་བརྒྱ་དྲན་པ་ནམ་མཁའ་གསོལ༔ ཞག་ལྔ་མཚམས་ནས་ཏིང་འཛིན་གནས༔ ལོ་བརྒྱད་བྱི་སྦའི་རྣམ་པ་ནི༔ སྐྱེ་བ་ལྔ་བརྒྱ་དྲན་པར་གསུངས༔ ༄༄། རྒྱལ་མཁར་ཆེན་པོའི་གཡས་ཕྱོགས་ཀྱི༔ འོད་འཕྲོ་གཡུང་དྲུང་སྤུངས་བའི་རིར༔ རིན་ཆེན་རྩེག་པའི་གསང་ཕུག་ཏུ༔ མི་མིན་འགྲོ་དོན་མཛད་བཞིན་བཞུགས༔ ཚེ་ཡི་རིག་འཛིན་གྲལ་དུ་གནས༔ གྱེར་སྤུངས་དགུང་ལོ་སུམ་བརྒྱའི་དུས༔ ཡེ་ཤེས་མཁའ་འགྲོའི་ལུང་བསྟན་ཏེ༔ རྒྱ་གར་བཟང་སྐྱོང་རྒྱལ་པོ་ཡི༔ སྲས་མོ་ཉི་ཟླ་འོད་འབར་མ༔ ཉེར་བརྒྱད་ན་ཚོད་གཞོན་ནུ་ཚུལ༔ སོ་གཉིས་མཚན་ཉིད་སྒོ་ལྕམ་མ༔ དེ་ཉིད་ལས་ཀྱི་ཕྱག་རྒྱ་བཀུག༔ གཡུང་དྲུང་འབར་བའི་བྲག་ཕུག་ཏུ༔ དབང་བཞི་བསྐུར་ཞིང་བྱིན་གྱིས་རླབས༔ སྔགས་ལམ་བདེ་སྟོང་རླུང་སེམས་བསྐྱངས༔ འགྲོ་འདུལ་སྤྲུལ་པའི་སྲས་གཉིས་འཁྲུངས༔ དེ་ལྟར་བླ་ཆེན་ཡབ་ཡུམ་སྲས༔ དགུང་ལོ་ལྔ་བརྒྱ་དོན་གསུམ་བཞུགས༔ དེ་དུས་ཞང་ཞུང་རྒྱལ་ཁམས་སུ༔ རྒྱལ་རབས་སོ་གཉིས་དུས་ཙམ་ནས༔ བོད་ཡུལ་ཆ་ཙམ་དབང་དུ་བསྒྱུར༔ ཞང་བོད་བོན་དང་གཤེན་གྱི་བསྟན༔ ཉི་ཟླ་སྐར་གསུམ་ཚུལ་དུ་གནས༔ ཞང་ཞུང་བོན་པོ་སྔགས་ལ་ཟབ༔ བོད་ཀྱི་རྒྱལ་པོ་བསོད་ནམས་ཆེ༔ གཤེན་གྱི་བསྟན་པ་འཕྲིན་ལས་རྒྱས༔ དེ་དུས་དྲན་པ་ནམ་མཁའ་ཡི༔ གཡུང་དྲུང་སྤུངས་པའི་གནས་མཆོག་དེར༔ རྒྱ་ཞང་བོད་ཀྱི་རིག་འཛིན་ཚོགས༔ ཟབ་གཏེར་སྨོན་ལམ་བཀའ་རྒྱ་བཏབ༔ འོད་འཕྲོ་ཚལ་གྱི་གསང་ཕུག་ཏུ༔ རིག་འཛིན་རྣམས་ཀྱིས་སྒྲུབ་པ་མཛད༔ བླ་ཆེན་དྲན་པ་ནམ་མཁའ་དང་༔ ལོ་པན་མཁས་པ་གཤེན་བརྒྱད་ཀྱིས༔ གཡུང་དྲུང་སྤུངས་བའི་རི་བོ་ལ༔ ཟབ་གཏེར་སུམ་བརྒྱ་ཉི་ཤུ་སྦས༔ ཁ་བྱང་དཀར་ཆག་མདོར་བསྡུས་འདི༔ མཁའ་འགྲོ་ཡུམ་ལ་གཉེར་དུ་གཏད༔ ཞང་ཞུང་ཁྱུང་ལུང་དངུལ་མཁར་རམ༔ གཡུང་དྲུང་བཀོད་པའི་གནས་མཆོག་འདི༔ ཕྱི་ལྟར་ས་ཡི་ཆགས་ཚུལ་ནིཿ འོལ་མོ་གླིང་གི་བཀོད་པ་ཡོད༔ ཤར་ཕྱོགས་མི་འགྱུར་རྟགས་བརྒྱད་ལ༔ ལྷོ་ཡི་ཐང་ལ་ནོར་བདུན་ཡོད༔ ནུབ་ཏུ་ལྷ་ཡི་ཕོ་བྲང་ལ༔ བྱང་ནས་གནོད་སྦྱིན་ནོར་མཛོད་ཡོད༔ ས་དབྱིབས་པདྨ་འདབ་བརྒྱད་ལ༔ གནམ་ལ་འཁོར་ལོ་རྩེབས་བརྒྱད་ཡོད༔ དབུས་རི་གཅན་ལྔའི་འདེགས་པ་ལ༔ ཁྱུང་ལུང་དངུལ་གྱི་རྒྱལ་མཁར་ཡོད༔ རྒྱལ་མཁར་ལྕགས་རི་གསུམ་གྱི་སྟེང་༔ ཕོ་བྲང་འོལ་པོ་སྒོ་བཞི་འམ༔ གསས་མཁར་ཁྲི་འོད་སྒོ་བཞི་ཡོད༔ ནུབ་ཏུ་ལྗོན་ཤིང་སྐྱེ་བའི་ཚལ༔ རིན་ཆེན་ལྔ་ལས་གྲུབ་པའི་ས༔ ཕུན་ཚོགས་འབྲས་དྲུག་སྨིན་པའི་ཡུལ༔ གྲོང་ཁྱེར་རྒྱལ་བ་མཉེས་པ་ཡོད༔ གྲུབ་ཐོབ་རིག་འཛིན་གཤེན་བརྒྱད་ཀྱི༔ རྫུ་འཕྲུལ་སྤྲུལ་པའི་གསང་ཕུག་ཡོད༔ ཕྱག་ཞབས་སྐུ་རྗེས་གསལ་བ་ཡོད༔ གཡུང་དྲུང་སྤུངས་བའི་རི་ཡི་གཡོན༔ ས་དབྱིབས་མན་ཌལ་རྩེག་འདྲ་ནས༔ ཕ་བོང་གཡུ་མདོགས་ལྡན་པ་ལ༔ གཏེར་ཁ་རྒྱལ་བློན་ཆ་ལྔ་ཡོད༔ རྫོགས་ཆེན་བསྒྲགས་པ་སྐོར་གསུམ་དང་༔ གཤེན་ལྷ་འོད་དཀར་ཐུགས་ཀྱི་ལུང་༔ འཁོར་ལོ་འོད་གསལ་རྫོགས་པའི་རྒྱུད༔ རྫོགས་ཆེན་ཐིག་ལེ་སྟོང་པ་སོགས༔ ཟབ་མོ་བོན་གྱི་གཏེར་དུ་ཡོད༔ ཞང་ཞུང་རྒྱལ་པོའི་ཟ་བེར་དང་༔ རིན་ཆེན་གླང་པོ་ལྔ་ཡི་རིན༔ ཟབ་མོ་གཏེར་དུ་བཏབ་ནས་ཡོད༔ དེ་ཡི་ཤར་ཕྱོགས་ནོར་བུའི་དབྱིབས༔ ས་མདོག་དཀར་མདངས་ལྡན་པ་ལ༔ གཤེན་ལྷའི་སྐུ་གཟུགས་གྲུ་གང་དང་༔ གསང་དྲག་གསང་བ་ཡང་འཁོར་གཞུང་༔ མེ་རི་གྱད་ཕུར་ཐིས་ཀྱི་རྒྱུད༔ ཟབ་མོ་གཏེར་དུ་བཏབ་ནས་ཡོད༔ གཏེར་སྲུང་གཉན་སྲས་ལྕམ་བཞིའི་སྲུང༔ དེ་ཡི་ལྷོ་ཕྱོགས་རི་མགུལ་ལ༔ ཕ་བོང་སྟག་མོ་འགྱིང་འདྲ་ལ༔ གེ་ཁོད་སྲུང་འཁོར་གསེར་བྲིས་དང་༔ ཁྲི་རྗེ་རབ་འདྲེན་གསང་བའི་མདོ༔ རྟག་གཟིགས་བོན་སྐོར་རྣམ་གསུམ་སོགས༔ ཟབ་མོ་གཏེར་དུ་བཏབ་ནས་ཡོད༔ བྱང་ཕྱོགས་གཡུང་དྲུང་འོད་འཕྲོ་གནས༔ དབུ་རྩེར་གསང་དྲག་དུང་དཀར་དབྱིབས༔ ཞི་ཁྲོ་གྲུབ་པའི་བོན་སྐོར་དང་༔ དབལ་གསས་སྐུ་གཟུགས་མཐོ་གསུམ་ཚད༔ གསེར་གྱི་ག་འུ་སྒྲོམ་བུ་བཅས༔ ཟབ་མོ་གཏེར་དུ་བཏབ་ནས་ཡོད༔ དེ་ཡི་བྱང་ནུབ་ཁྱུང་གཤོག་དབྱིབས༔ རྔམ་པ་ལྕེ་རིང་སྒྲུབ་ཕུར་དང་༔ ཞང་ཞུང་གཡུ་རྔ་གསང་གྲགས་དང་༔ བཙུན་མོ་མོན་ཟའི་འགུལ་རྒྱན་ཡོད༔ གཞན་ཡང་གཏེར་ཕྲན་སུམ་བརྒྱའི་གྲངས༔ རྒྱས་པ་ཁ་བྱང་ལུང་ལས་གསལ༔ ཐོས་མཐོང་དྲན་རིག་གྲོལ་བའི་གནས༔ རིག་འཛིན་མཁའ་འགྲོ་འདུ་བའི་ཞིང་༔ ཞིང་མཆོག་ཁྱད་པར་འཕགས་པ་འདིར༔ མ་རྒྱུད་གནས་ཆེན་ཉེར་བཞི་ཡི༔ མཁའ་འགྲོ་བརྒྱ་དང་ཉེར་བཞི་རྣམས༔ དུས་བཟང་ཀུན་ཏུ་འདིར་རུ་འདུས༔ འོད་འཕྲོ་སྤུངས་བའི་གསང་བྲག་ལ༔ གསང་མཆོག་མཐར་ཐུག་རང་བྱོན་དང་༔ སུམ་བརྒྱ་དྲུག་ཅུའི་བཀོད་པ་ཡོད༔ གཞན་ཡང་གནས་འདིར་རི་བྲག་ཀུན༔ མཐོང་ལམ་ཐོབ་པའི་སེམས་དཔའ་དང༔ ས་གནས་རིག་འཛིན་མཐོང་ཡུལ་དུ༔ རིག་འཛིན་མཁའ་འགྲོའི་ཞིང་དུ་མཇལ༔ སྔོན་བསགས་བསོད་ལྡན་གང་ཟག་གི༔ དག་སྣང་གསོལ་བ་བཏབ་པ་ནས༔ གནས་གཏེར་སུམ་བརྒྱ་བརྒྱད་ཅུ་འདུས༔ དག་པ་ས་སྤྱོད་འོག་མིན་གནས༔ འདིར་རུ་གོམ་པ་བོར་ཙམ་གྱིས༔ ངན་སོང་གསུམ་གྱི་གནས་ནས་ཐར༔ གནས་འདིའི་ཆུ་བོ་ཁ་རག་ནས༔ སྐྱེ་བ་གསུམ་གྱི་སྒྲིབ་གཉིས་དག༔ དྲན་པའི་༄༄། རྡོ་སྐུ་རང་བྱོན་དང་༔ དབལ་གསས་སྐུ་ཚབ་གསང་བྲག་སྐུ༔ གང་མཇལ་སྐྱེ་བ་སླར་མི་ལེན༔ ཁྱུང་ཟ་གར་དཔོན་ཞབས་ཀྱི་རྗེས༔ སྟོང་རྒྱུང་ཕྱག་བྲིས་ཨ་ཨཱོྃ་ཧཱུྃ། མཐོང་ཚེ་ལྷ་མིན་འཐབ་རྩོད་ཞི། རྔམ་པ་ལྕེ་རིང་ཞབས་རྗེས་དང་༔ རྒྱུང་ཡ་མུ་ཁོད་འགྱིང་མཁར་རྗེས༔ གང་མཇལ་དལ་འབྱོར་མི་ལུས་འཐོབ༔ མཁའ་སྤྱོད་ཞིང་དང་འོལ་མོ་གླིང་༔ འཛམ་གླིང་འདུ་གནས་ཐམས་ཅད་ཀྱི༔ བྱིན་རླབས་འོད་ཟེར་ཉག་ཐག་འབྲེལ༔ ཐོད་པ་བོར་ཚད་ངན་སོང་མེད༔ གནས་འདིར་གསང་སྔགས་བསྒོམ་སྒྲུབ་པས༔ ཕྱི་མར་ཁོད་སྤུངས་ང་དང་མཇལ༔ རྫོགས་ཆེན་དོན་བསྒོམ་རྣལ་འབྱོར་བ༔ འོད་གསལ་དང་པོར་སྐད་ཅིག་གྲོལ༔ ཚོགས་འཁོར་ཕུལ་བའི་སྐལ་ལྡན་རྣམས༔ བོན་ཉིད་འོད་གསལ་ལྷ་སྐུར་ཐེམས༔ སྣ་ལྔ་མཆོད་པ་ཕུལ་བས་ནས༔ ས་ལམ་ཡོན་ཏན་རིམ་གྱིས་འཐོབ༔ ཕྱག་སྐོར་འབྲེལ་ཐོབ་འགྲོ་བ་ཀུན༔ མཐའ་ཁོབ་གནས་སུ་ལུས་མི་ལེན༔ འདི་འདྲའི་གནས་མཆོག་ཁྱད་པར་ཅན༔ ཐོས་མཐོང་དྲན་རིགས་གྲོལ་བ་ལ༔ སྲིད་འདིའི་ཕ་མའི་གཙོར་བྱས་འགྲོ༔ སྒྲིབ་གཉིས་སྤྲིན་ཚོགས་རབ་སངས་ནས༔ སྟོང་ཉིད་མངོན་གྱུར་ནམ་མཁའི་ཀློང་། སྐྱེ་བ་མེད་པར་སངས་རྒྱས་ཤོག༔ མ་འོངས་དུས་ཀྱི་མཐའ་མ་ནས༔ ང་ཡི་བྱིན་རླབས་སྤྲུལ་པའི་བུ༔ འཇིགས་མེད་ནམ་མཁའི་མཚན་ཅན་གྱིས༔ རིག་པའི་གནས་ལྔ་ལ་སོགས་བའི༔ ཟབ་མོ་བཀའ་པོད་བཅུ་གསུམ་སྤེལ༔ བགྲང་བྱ་བཅུ་ཕྲག་དགུ་ཡི་དུས༔ མགོན་པོ་སྤུན་དགུའི་སྨོན་ལམ་གྱིས༔ བསྟན་པ་རིན་ཆེན་ཅུང་ཙམ་སྒྲིབ༔ དེ་མཚམས་མི་རབས་ལྔ་ཙམ་ལ༔ བསྟན་པ་དར་ཞིང་རྒྱས་པར་འགྱུར༔ སླར་ཡང་ང་ཡི་སྤྲུལ་པའི་བུ༔ གཡུང་དྲུང་ཡེ་ཤེས་བྱ་བ་འབྱུང་༔ དེ་ཡི་འདུས་སྡེ་བརྒྱ་གཉིས་སྤེལ༔ ཞང་ཞུང་དབུས་ཀྱི་བསྟན་པ་ནི༔ ཐུགས་བསྟན་འོད་ཀྱི་དཀྱིལ་འཁོར་རྒྱས༔ འགྲོ་ཁམས་མུན་པའི་སྨག་རུམ་གསལ༔ དཀར་ཆག་དོན་འདུས་ཟབ་མོའི་ལུང་༔ ང་ཡི་བྱིན་གྱིས་རླབས་པའི་བུ༔ མུ་ལའི་མིང་ཅན་ཐུགས་ལ་ཁྲོལ༔ ཟབ་མོའི་བཀའ་རྒྱ་ཉིན་ཞག་བདུན༔ སླར་ཡང་རྟེན་འབྲེལ་གསང་རྒྱ་ཁྲོལ༔ སྐལ་བ་ཅན་གྱི་སྤེལ་བར་གྱིས༔ གཡུང་དྲུང་བསྟན་པའི་རྒྱན་གྱུར་ཅིག༔ ས་མ་ཡ༔ རྒྱ༔རྒྱ༔རྒྱ༔ ཅེས་ཞང་ཞུང་དབུས་ཀྱི་ལྟེ་གནས་ཁྱུང་ལུང་དངུལ་མཁར་གྱི་དཀར་ཆག་འདི་ཡང་བླ་ཆེན་དྲན་པའི་རྣམ་སྤྲུལ་འཇིགས་མེད་ནམ་མཁའི་མཚན་གྱིས་གདན་ས་ཁྱུང་ལུང་དངུལ་མཁར་གུར་གྱམ་དགོན་ཐུགས་བསྟན་གཟི་འབར་མདོ་སྔགས་གྲགས་རྒྱས་གླིང་གི་བླ་མ་ཚུལ་ཁྲིམས་ཕུན་ཚོགས་གཙོས་འདུས་པ་རྣམས་ཀྱིས་བསྐུལ་མ་ཡང་ཡང་གནང་ངོར་འོད་འཕྲོ་གཡུང་དྲུང་སྤུངས་བའི་གནས་མདུན་གསང་ཕུག་རིན་ཆེན་འབར་བའི་སྒོ་ཞོལ་གསས་མཁར་འོམ་པོ་སྒོ་བཞིའི་གཡས་ཕྱོགས་ཐུགས་བསྟན་གཟི་འབར་རིག་འཛིན་འདུས་པའི་གླིང་གི་གསས་ཁང་སྐལ་བཟང་ལྷ་ཁང་གི་ནང་སྐུ་གདུང་རིན་པོ་ཆེ་གཡུང་དྲུང་འོད་འབར་མཆོད་རྟེན་གྱི་གཡས་ངོས་གཤེན་སྡེ་འདུས་པ་རྒྱ་མཚོའི་ཚོགས་གྲལ་གྱི་དབུས་སུ་དྷ་ཀིས་གསུང་གི་བརྡ་ལས་བཀྲོལ་ཏེ་འཆི་མེད་རིག་འཛིན་ཡབ་སྲས་ཀྱི་ངེས་པའི་དོན་བརྒྱུད་འཛིན་པ་བསྟན་ཞབས་ལུང་གི་གསོ་བ་ཞེས་རིག་འཛིན་མཁའ་འགྲོའི་ཚོགས་གྲལ་དབུས་ནས་ཕྱི་ནང་གསང་བ་ཡང་གསང་གྱིས་དབང་བསྐུར་ཞིང་མཚན་གནང་བར་། ཕྱི་ལྟར་ན་གཡུང་དྲུང་གསང་སྔགས་གྲགས་པ། ནང་ལྟར་ན་ཀུན་བཟང་རང་གྲོལ་གླིང་པ། གསང་བ་ལྟར་ན་གསང་བདག་ནམ་མཁའ་རང་གྲོལ། ཡང་གསང་ལྟར་ན་དབྱིངས་རིག་བདེ་གསལ་སྙིང་པོ་ཞེས་གནང་བ་ཐོབ་པའི་ཞིག་པོའི་རུས་ཐོབ་རྩོད་དུས་ཀྱི་སྔགས་མཆང་ཐོས་ཆུང་བ་ཀུན་བཟང་བསྟན་འཛིན་འབོད་པས་བློ་བྲལ་རང་རིག་གི་ཀློང་ནས་ཐོལ་ཤར་མ་འགག་པ་ཕབ་པའོ། ཐོག་མའི་ཡིག་གེ་བ་ནི་གོང་གི་རྒྱ་བཙུན་ཚུལ་ཁྲིམས་ཕུན་ཚོགས་དེང་སྐབས་འཕྲུལ་གྱི་ཡིག་གེར་སྟར་བའོ། དགེའོ། བཀྲ་ཤིས།
དཀར་ཆག་ཕབ་སྐབས་ཀྱི་འདྲ་པར།